རྩོམ་པ་པོ། དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས།
གདོད་མའི་འཁྲུལ་རྟོག་ངོས་ཟིན་པ། །སངས་རྒྱས་ཐོབ་པའི་དངོས་རྒྱུ་ཡིན། །ནམ་ཡང་འཁྲུལ་པའི་ཀློང་འཕྱོ་བ། །ལྐོག་ཤ་ཅན་གྱི་སྤུན་ཟླ་དངོས། །གཡུ་ཐོག་རྫུན་མའི་རྣམ་ཐར་གྱིས། ། ཁོ་བོ་རེ་ཞིག་རྨོངས་ན་ཡང་། །ལེགས་བཤད་ཉི་མའི་ཟེར་མཐོང་བས། །འཁྲུལ་རྟོག་མུན་པ་དབྱིངས་སུ་ཡལ། །ལོ་ངོ་སྟོང་གི་ཡར་སྔོན་ན། །གཡུ་ཐོག་བྱུང་མིན་མ་ངེས་ཀྱང་། །བོད་ཀྱི་གསོ་རིག་ལོ་རྒྱུས་ཐོག །གཡུ་རྙིང་མེད་པ་མཁས་མང་བཞེད། །རྒྱལ་དབང་ལྔ་པ་སྡེ་སྲིད་རྗེ། །ཆོས་འབྱུང་ཡབ་སྲས་མཁྱེན་ཀོང་སོགས། །སྨན་བརྒྱུད་ཁྲོད་དུ་མི་བཞུགས་པའི། །གཡུ་ཐོག་རྙིང་མའི་མཛད་ཕྲིན་གང་། །
གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ།
གཅིག ཁོ་བོའི་ཡིག་ཆ་དང་འབྲེལ་བའི་གཡུ་ཐོག་རྙིང་མའི་སྐོར་ལ་དྲིས་ལན།
ཉེ་ཆར་ལུང་རིགས་གང་ཡང་མེད་པའི་དམའ་འབེབས་དང་ཚིག་ངན་གྱི་སྒོ་ནས་ཁོ་བོ་ལ་ཁ་རྩོད་བྱེད་མཁན་ཁག་གཅིག་གིས། ཁྱོད་རང་གིས་དེང་སང་གཡུ་ཐོག་རྙིང་མ་ཡོད་པ་དགག་པ་དང་།《བོད་ཡིག་ཚིག་གཏེར་རྒྱ་མཚོ་》དང་། ལོ་རྒྱུས་《པདྨ་ར་གའི་ལྡེའུ་མིག་》ནང་དུ་གཡུ་ཐོག་རྙིང་མའི་སྐོར་བྲིས་པ་ནང་འགལ་རེད་ཅེས་རྩོད་རྙོག་སློང་གི་འདུག སྤྱིར་བཏང་མཁས་པའི་རྣམ་དཔྱོད་ཀྱི་ལུང་རིགས་ཅན་མ་གཏོགས་དྲྭ་འབུ་དག་ལ་གཏམ་ལན་སྨྲ་བའི་དུས་ཚོད་མི་འདུག་ཀྱང་། འདིར་ཁོ་བོས་གསལ་བཤད་མདོར་བསྡུས་གཅིག་ཞུ་འདོད་བྱུང་སོང་།
གསལ་བཤད་དང་པོ།༽
ཁྱོད་ཀྱི་མིག་ལམ་དུ་ཚིག་མཛོད་དང་། དཔྱད་རྩོམ་གཉིས་ངོ་བོ་གཅིག་མཐོང་གི་ཡོད་པ་འདྲ། གསལ་པོར་བཤད་ན། ཚིག་མཛོད་ནི་ཆ་འཕྲིན་གྱི་མཛོད་ཡིན་སྟབས་ལོ་རྒྱུས་ཐོག་བྱུང་མྱོང་བའི་བདེན་རྫུན་གང་ཡིན་ཐམས་ཅད་ངོ་སྤྲོད་བྱ་དགོས་པ་ཚིག་མཛོད་ཀྱི་ངོ་བོ་རེད། །དཔྱད་རྩོམ་ཞེས་པ་རང་གི་ལྟ་བ་གཙོ་བོར་གཟུང་ནས་རང་གི་ལྟ་བ་དང་མི་མཐུན་པ་དགག་བཞག་བྱ་རྒྱུ་དེ་རེད། དེ་གཉིས་ཀྱི་ཁྱད་པར་མ་ཤེས་པ་ནི་ཞིབ་འཇུག་གི་ལས་ཀ་ལ་ཞུགས་མ་མྱོང་པའི་སྐྱོན་དུ་ཟད།
གསལ་བཤད་གཉིས་པ།༽
གལ་སྲིད་ངས་སྔོན་གཡུ་ཐོག་རྙིང་མ་ཞིག་ཡོད་པར་འདོད་ཅིང་། ད་ལྟར་དེ་ཡོད་པ་དགག་པ་ནི་སྔར་ནོར་བ་ལ་ནོར་འཁྲུལ་དུ་ཤེས་ནས། རང་སྐྱོན་རང་གིས་ངོས་ཟིན་པ་ཡིན་སྟབས་དེ་ནི་མཁས་པ་མ་ཟད་དམ་པ་ཡིན་པའི་རྟགས་མཚན་ཡིན་ཏེ། དཔེར་ན། སོར་སྐྱེས་ཀྱི་གང་ཟག་གང་ཞིག ཐོག་མར་འཁོར་ལ་སྐྱེས་པའི་ཚེ་ན། མི་རྟག་པ་ལ་རྟག་པར་འཛིན། སྡུག་བསྔལ་བ་བདེ་བར་འཛིན་ཞིང་ལོག་རྟོག་དང་། འཁྲུལ་རྟོག་ཁོ་ནས་དུས་འདའ་བའི་སྐབས་སུ། རྐྱེན་དགེ་བའི་བཤེས་གཉེན་དང་འཕྲད་ཅིང་། ཐབས་གདམས་ངག་ཟབ་མོ་ཐོབ། གཞི་བདེན་གཉིས་ཟུང་འཇུག་ལ། །ལམ་ཐབས་ཤེས་ཟུང་འཇུག་བརྟེན་ཞིང་། །འབྲས་བུ་མཐོང་ལམ་ཆོས་ཉིད་ཀྱི་བདེན་པ་ནས་སྐུ་གཉིས་ཟུང་འཇུག་གི་གོ་འཕང་བར་ཐོབ་པ་ན། སྔར་འཁོར་བའི་གནས་སྐབས་ཀྱི་འཁྲུལ་རྟོག་རྣམས་རང་བཞིན་ཏུ་ཡལ་ཏེ་སྡུག་བསྔལ་ལ་སྡུག་བསྔལ་གྱི་རང་བཞིན་ངོས་ཟིན་པ་ལྟར། ཁོ་བོ་སྔར་གཞོན་ནུའི་སྐབས་སུ་ལྟ་རྒྱ་དང་མཐོང་རྒྱ་ཆུང་། ལེགས་ཉེས་དཔྱད་པའི་རྣམ་དཔྱོད་དང་། བདེན་རྫུན་འབྱེད་པའི་རིག་སྟོབས་ཞན་པས། ལྷ་སྒྲུང་དང་ལོ་རྒྱུས་ནོར། རྫུན་མ་ལ་བདེན་པར་མཐོང་། གཡུ་ཐོག་རྙིང་མ་ཡོད་པའི་ཡིག་རྫུན་ལ་ཡིད་ཆེས་ནས་ནོར་འཁྲུལ་གྱི་ལམ་དུ་ཕྱིན་པ་ནི་ད་ལྟ་ཁྱོད་ཀྱི་བློ་རིག་དང་འདྲ་བའི་སྐབས་ཡིན་ནོ། །དེ་ལྟར་བློ་འཁྲུལ་བཞིན་པའི་སྐབས་སུ་རྐྱེན་ཡང་དག་པ་དགེ་བའི་བཤེས་གཉེན་དམ་པའི་གསུང་དྲན། ལམ་ཡང་དག་པ་སྔོན་བྱོན་མཁས་པ་དམ་པའི་བསྟན་བཅོས་རྙེད། ཐབས་ཡང་དག་པ་ཚུལ་གསུམ་ཚད་མའི་རིག་སྟོབས་ཀྱིས་དཔྱད་པས། འབྲས་བུ་ཡང་དག་པ་བོད་ཀྱི་གསོ་བ་རིག་པའི་ལོ་རྒྱུས་ཐོག་གཡུ་ཐོག་རྙིང་མ་ཟེར་བ་ཞིག་བྱུང་མེད་པར་རྟོགས་པ་ནི། ཐ་མ་པའི་གང་ཟག་གང་ཞིག གཞི་ཐོག་ནས་གནས་ལུགས་བཙལ་ཞིང་། བསྐྱེད་རྫོགས་ཀྱི་ཐབས་ལམ་ལ་བརྟེན་ནས། ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་གྱུར་པ་ཇི་བཞིན་དུ། བདག་གྲོང་གསེབ་ཀྱི་བླུན་རྒན་ཨུ་ཚུགས་ཅན་ཞིག སྦྱང་སྟོབས་ཀྱི་ཤེས་རབ་ལ་བརྟེན་ནས་ལོ་རྒྱུས་དངོས་གཙོ་སྨྲ་བའི་ཞིབ་འཇུག་པ་ཞིག་གི་གོ་སར་སླེབས་པའི་རྟགས་སུ་ངེས་སོ། །
ཚོང་རྫས་སྤུས་ལེགས་ཉོ་ན་གཤམ་གྱི་བརྡ་ཁྱབ་ལ་གཟིགས།
སྔར་ནོར་འཁྲུལ་ལ་ནོར་འཁྲུལ་དུ་ངོས་ཟིན་ཞིང་དེ་ལ་དགག་བཞག་བྱེད་པ་ནི་མཁས་པ་མ་ཟད་དམ་པའི་སྐྱེས་བུའི་མཚན་ཉིད་དོ། །
གསལ་བཤད་གསུམ་པ།༽
ཁོ་བོའི་མཐའ་ཐུག་གི་དམིགས་ཡུལ་དེ་གཡུ་ཐོག་རྙིང་མ་ཟེར་བ་ཞིག་ཡོད་པ་མཐའ་གཅིག་ཏུ་འགོག་པའི་རེ་བ་ཞིག་མ་ཡིན་པ། དེ་ལས་ལྡོག་སྟེ་གཡུ་ཐོག་རྙིང་མའི་རྣམ་ཐར་《བཀའ་རྒྱ་མའི་》སྔོན་ལ། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་གཡུ་ཐོག་རྙིང་མ་ཟེར་བ་ཞིག་བྱུང་ཡོད་མེད་ཀྱི་བདེན་དོན་བརྩད་གཅོད་བྱ་རྒྱུ་དེ་ཡིན།
གཉིས། གཡུ་ཐོག་རྙིང་མ་ཟེར་བ་ཞིག་གསར་བཟོ་བྱས་ཚུལ་གྱི་ཡིག་ཆ་རྙིང་པའི་བདེན་དཔང་ཉུང་བསྡུས།
གསལ་བཤད་བཞི་པ།༽
གཡུ་ཐོག་རྙིང་མའི་རྣམ་ཐར་རྫུན་མ་བྱུང་ཚུལ། འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས་མཛད་པའི་《གསོ་རིག་ཁོག་དབུབས་》ལས།“ཟུར་མཁར་བློ་གྲོས་རྒྱལ་པོས་ཕྱོགས་ཕྱོགས་ཀྱི་སྨན་པ་རྣམས་ལ་དྲི་ཡིག་མང་དུ་བྱས་སྟེ། སྟོད་ལུང་གི་ཨེམ་ཆི་ཀུན་ལེགས་ཟེར་བ་ཕྱིས་སུ་པ་རྣམས་འཚོ་བྱེད་དུ་འབོད་པ་ལའང་དྲི་བ་བྱས་པའི་དྲིས་ལན་དུ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བླ་སྨན་དགུ་ནི་སྟོད་ན་ཆེ་རྗེ་འུག་པ་བི་ཇི་གསུམ། བར་ན་གཡུ་ཐོག་བྲང་ཏི་མེ་ཉག་གསུམ། སྨད་ན་གཉའ་པ་མཐའ་བཞི་སྟོང་པ་གསུམ་སྟེ་དགུ་རུ་འདོད་པ་དང་། རྒྱུད་བཞི་བཀའ་གཏེར་ཡིན་པའི་སྒྲུབ་བྱེད་བཀོད་པ་སོགས་བྱུང་བར། ཟུར་མཁར་བས་སླར་ཡང་དྲིས་ལན་ལེགས་བཤད་སྐྱུགས་པ། ཟླ་ཐིགས་ཉིན་བྱེད་འོད་མཚོ། དབྱར་སྐྱེས་རྔ་གསང་རྣམས་བྱས་སྟེ། འདྲེ་རྗེ་རྒྱ་གར་བཛྲ་གོང་ཡན་ལ་གཡུ་ཐོག་ཅེས་ཐ་སྙད་མེད་ཚུལ། ཆོས་རྒྱལ་དང་ཡོན་ཏན་མགོན་པོའི་བར་ལ་མི་ལོ་ཉིས་བརྒྱ་ཙམ་གྱི་སྔ་ཕྱི་ཡོད་ཚུལ། རྒྱུད་བཞི་གཡུ་ཐོག་མགོན་པོའི་གོང་ཡན་སུ་ལའང་མ་གྲགས་པའི་ཚུལ་སོགས་ལུང་རིགས་རྡོ་རྗེ་ཟེགས་མས་ཚར་བཅད་དེ་སྨྲ་རྒྱུ་མེད་པར་བྱས་པ་ན། ཕྱི་རྗེས་རང་གི་བླུན་ཚིག་གི་ལོ་རྒྱུས་སྒྲུབ་བྱེད་དུ་གཡུ་ཐོག་མགོན་པོ་རྙིང་མ་ཞེས་ཡོད་ཚུལ་རྣམ་ཐར་དེ་ཁོ་པས་ལྐོག་ཏུ་བྱས་པ་སྟེ། དེ་ཡན་ཆད་མཁས་བླུན་སུ་ལའང་གཡུ་ཐོག་མགོན་པོ་ཡབ་སྲས་གསར་རྙིང་གཉིས་ཡོད་པའི་སྒྲོས་གཏན་ནས་མེད་པའི་ཕྱིར་རོ། ” ཞེས་གསུངས་སོ། །
རྩོམ་ཡིག་འདི་ནི་སྤྱི་ལོ་༡༧༧༡ལོར་བརྩམས་ཤིང་། དཔེ་རྙིང་དཔེ་དཀོན་ལག་བྲིས་མ་ཞིག་རེད། ཟུར་མཁར་བློ་གྲོས་རྒྱལ་པོས་རྒྱུད་བཞི་གཡུ་ཐོག་ཡོན་ཏན་མགོན་པོས་བརྩམས་པ་བཞེད་པའི་རྩོམ་ཡིག་དེ་སྤྱི་ལོ་༡༥༧༡ལོར་བརྩམས་འདུག དེ་རྗེས་སྟོད་ལུང་སྨན་པ་ཀུན་ལེགས་ཀྱི་རྩོད་ལན་དུ། སླར་ཡང་《དྲིས་ལན་ལེགས་བཤད་སྐྱུགས་པ》 《ཟླ་ཐིགས་ཉིན་བྱེད་འོད་མཚོ》 《དབྱར་སྐྱེས་རྔ་གསང་》 རྣམས་མཛད་པ་ལ་བརྟག་ན་དེའི་རྗེས་སུ་ལོ་ངོ་བཅུ་ཕྲག་ལྷག་བཞུགས་ཡོད་པར་སེམས། དེ་ལྟར་གཡུ་ཐོག་རྙིང་མའི་རྣམ་ཐར་བཀའ་རྒྱ་མ་འདི་སྟོད་ལུང་ཨེམ་ཆི་ཀུན་ལེགས་ཀྱིས་ཕལ་ཆེར་སྤྱི་ལོའི་དུས་རབས་བཅུ་བདུན་པའི་མགོ་ཙམ་ན་བརྩམས་པ་གོར་མ་ཆག 《རྣམ་ཐར་བཀའ་རྒྱ་མ་》ཤིང་སྤར་བརྐོ་བའི་དུས་ནི་ཧ་ལམ་སྤྱི་ལོའི་དུས་རབས་བཅུ་བདུན་པའི་ལོ་རབས་དྲུག་ཅུ་པ་ནས་བདུན་ཅུ་པའི་མཇུག་ཙམ་ན་ཡིན་དགོས་ཏེ། དར་མོ་སྨན་རམས་པ་ནི་སྤྱི་ལོ་༡༦༣༨ལོར་སྐྱེས་ཤིང་། རྒྱལ་བ་ལྔ་པ་ཆེན་མོའི་མདུན་ན་གསོ་རིག་གི་ཕྱག་ལས་གནང་བའི་དུས་ནི་སྤྱི་ལོ་1660-1880་ལོའི་བར་སྐབས་དེར་ཡིན། སྤྱི་ལོ་༡༦༨༢ལོ་རྒྱལ་བ་ལྔ་པ་ཆེན་པོ་སྐུ་གཤེགས་རྗེས་དར་མོའི་མཛད་ཕྲིན་མཇུག་བསྡུས་པས་སོ། །
《རྣམ་ཐར་བཀའ་རྒྱ་མ་》འདི་བྱུང་བ་ནས་བཟུང་ད་ལྟའི་བར་དུ་གཡུ་ཐོག་གསར་རྙིང་ཟེར་བའི་གཏམ་འདི་བྱུང་ཞིང་། འགའ་ཞིག་གིས་རང་འདོད་ཆེད་དུ་《རྒྱུད་བཞི་》སངས་རྒྱས་ཀྱི་བཀའ་ཡིན་པ་སྒྲུབ་བྱེད་དུ་དྲིལ་བསྒྲགས། འགའ་ཞིག་ནི་རི་བོང་ཅལ་འདྲོགས་ཀྱི་རྗེས་སུ་རྒྱུག་ནས་གཡུ་ཐོག་གསར་རྙིང་ཞེས་ཟེར། འོན་ཀྱང་སི་ཏུ་ཆོས་འབྱུང་སློབ་ཚོགས་འཁོར་དང་བཅས་པ། འཇམ་མགོན་མཁྱེན་གཉིས་དང་། འཇུ་མི་ཕམ་སོགས་ཀྱིས་གསོ་རིག་ལོ་རྒྱུས་ཐོག་གཡུ་ཐོག་རྙིང་མ་ཟེར་ཞིག་ཡོད་པ་མ་བཞེད། ལྷག་པར་དུ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་། འབེ་ལོ་ཚེ་དབང་ཀུན་ཁྱབ་རྣམ་གཉིས་ཀྱིས་གསོ་རིག་ཁོག་དབུབ་དུ། “རྣམ་ཐར་ལོ་རྒྱུས་དེ་གསུང་རབས་སྤྱི་དང་མི་མཐུན། རྩ་རྒྱུད་དང་འགལ། བོན་པོའི་ཟེར་སྒྲོས། རིག་བྱེད་ཀྱི་གཏམ་རྒྱུད་ལྟ་བུ་ལས་ཡིད་བརྟེན་དུ་རུང་བ་དཀའ།” ཞེས་《རྣམ་ཐར་བཀའ་རྒྱ་མ་》ལ་སྐྱོན་བརྗོད་མང་པོ་གནང་འདུག །
གསུམ། མི་ཤེས་རྨོངས་པའི་སྟོབས་ཀྱིས་གཡུ་ཐོག་རྙིང་མའི་སྐོར་ཀྱི་གཏམ་ཉོག་ལ་མགོ་འཁོར་བའི་དྲིས་ལན།
གསལ་བཤད་ལྔ་པ། ༽
སྤྱི་ལོ་༢༠༡༦ལོའི་ཟླ་བ་༧པའི་ཚེས་༡༧ཉིན། བོད་ལྗོངས་སྣང་རྫོང་གི་བོད་སྨན་ཁང་དུ་སྨན་པ་གཞོན་ནུ་ཞིག་གིས་ཁོ་བོ་ལ། “གཡུ་ཐོག་རྙིང་མ་མེད་ན་ཀོང་པོ་སྨན་ལུང་གི་སློབ་གྲྭ་དང་། གཡུ་ཐོག་སྒྲུབ་ཕུག་སོགས་ཇི་ལྟར་བྱུང་བ་ཡིན། ཆོས་རྒྱལ་ཁྲི་སྲོང་སྐབས་ཀྱི་གཡུ་ཐོག་དེ་གང་ཡིན། ཞེས་ལོ་རྒྱུས་ཡིག་ཚང་གང་ལའང་བལྟ་མ་མྱོང་པའི་རྟགས་ཅན་གྱི་བཀའ་འདྲི་ཞིག་གནང་བྱུང་།” ཁོ་བོས་དེའི་ལན་དུ། རྣམ་ཐར་རྫུན་མར་གྲགས་པའི་བཀའ་རྒྱ་མ་ཕུད་འཕྲོས། བོད་ཀྱི་ལོ་རྒྱུས་ཡིག་ཚང་པུ་སྟི་བརྒྱ་ཕྲག་མང་པོ་ཡོད་པ་འདི་དག་ལས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་གཡུ་ཐོག་རྙིང་མ་ཟེར་བ་ཞིག་ཡོད་པ་ཁོ་བོས་ད་བར་མཐོང་མ་མྱོང་། ཀོང་པོའི་གཡུ་ཐོག་སྨན་གྱི་སློབ་གྲྭ་ཟེར་བ་དེའང་དེང་རབས་དྲིལ་བསྒྲགས་ཤུགས་ཆེན་བྱས་པ་ཙམ་ལས། གནའ་དུས་ཡོད་པ་མ་མཐོང་སྟེ། གནའ་བོའི་དུས་སུ་བྱུང་བའི་སྨན་གྱི་གནས་གཞི་གལ་ཆེན་དེ་འདྲ་ཞིག་ཡིན་ན་བོད་ལྗོངས་སྨན་རྩིས་ཁང་གིས་གནས་གཞི་དེ་ལ་བདག་པོ་མ་བྱས་པའི་རྒྱུ་མཚན་གང་ཡིན། དམངས་ཁྲོད་ཀྱི་སྒྲུང་གཏམ་དང་ལོ་རྒྱུས་གཉིས་ཕན་ཚུན་མ་འདྲེས་པ་བྱས་ནས་ཞིབ་འཇུག་གནང་རྒྱུ་ཧ་ཅང་གལ་ཆེ། །
སྤྱིར་ང་ཚོ་བོད་ལ་དེ་ལྟ་བུའི་བཤད་ཡམས་དང་ལྷ་སྒྲུང་མང་པོ་ཡོད་པ་ནི་དཔེར་ན། བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་གྲུ་ག་ས་ག་ལ། གུ་རུ་རིན་པོ་ཆེའི་སྒྲུབ་ཕུག་དང་། རྒྱ་བཟའ་ཀོང་ཇོས་བཞེངས་པའི་མཆོད་རྟེན་དང་། ཟམ་པ་མང་པོས་ཁྱབ་ཡོད་པ་འདི་དག་ལོ་རྒྱུས་དངོས་ཡིན་ནམ། དེས་ན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཡོངས་གྲགས་གང་ལའང་ཀོང་པོ་ནང་དུ་གཡུ་ཐོག་ཡོན་ཏན་མགོན་པོ་ཟེར་བའི་སྨན་པ་ཞིག་བྱུང་བའི་ལོ་རྒྱུས་མེད་དོ། ། ཁྲི་སྲོང་ལྡེའུ་བཙན་སྐབས་ཀྱི་གསོ་རིག་གི་ཕྲིན་ལས་པ་གཙོ་བོ་བཻ་རོ་ཙཱ་ན་དང་། དེའི་སློབ་མ་འཛོ་རོ། བི་ཇི། མཐའ་བཞི་གསུམ་དང་། བོད་ཡུལ་གྱི་རྒྱལ་ཁམས་ལྔ་ནས་བྱུང་བའི་སྨན་པ། རྒྱ་གྲུ་གུ་སེ་ཏོ། ཧོར་མུ་གན་ཁྲི་གཟིགས། ཞང་ཞུང་ཁུ་ལོད་མུ་ཡན། བོད་ཡུལ་དབུས་ཀྱི་ཅོག་རོ་མང་རྗེ། འ་ཞའི་ཐ་ན་ཆུ་སྐྱེས་བཅས་ལྔ་པོ་རྣམས་ཡིན་པ་ལོ་རྒྱུས་ཡོངས་གྲགས་སོ། །
གསལ་བཤད་དྲུག་པ།༽
སྤྱི་ལོ་༢༠༡༦ལོའི་ཟླ་བ་༨པའི་ཚེས་༡༢ཉིན། སེར་ཤུལ་དགོན་ཆེན་གྱི་དབུ་མའི་བགྲོ་གླེང་ཐོག་ཏུ་ཁོ་བོས་གསོ་རིག་ལོ་རྒྱུས་གནད་བསྡུས་ཤིག་སྙན་ཞུའི་སྐབས་སུ། མགོ་ལོག་བ་དགེ་བཤེས་ཞིག་གིས་དྲི་བར། “ངས་གོ་ཉེས་མིན་ན་ཁྱོད་རང་གིས་གཡུ་ཐོག་ཡོན་ཏན་མགོན་པོ་འཁྲུངས་ལོ་དེ་སྤྱི་ལོ་སྤྱི་ལོ་༡༢༠༠ལོའི་སྐོར་ཞིག་ལ་འཁྲུངས་ཚུལ་བཤད་སོང་། ཡོངས་གྲགས་ལྟར་ན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་རྒྱུད་བཞིའི་རྩོམ་པ་པོ་ཡིན་དགོས་འདུག ཁོང་འཁྲུངས་ལོ་དེ་སྤྱི་ལོ་༧༠༨ལོར་རེད། ཁྱོས་གཡུ་ཐོག་ཡོན་ཏན་མགོན་པོས་རྒྱུད་བཞི་བརྩམས་ཟེར་བ་དེ་གཡུ་ཐོག་གསར་རྙིང་གང་ལ་ངོས་འཛིན་ཞིང་ཡོད།” ཅེས་འདྲི་བ་དེ་ལ་ལན་ཞིག་ཕུལ་ཟིན་ཡང་། སླར་ཡང་ཡིག་ཐོག་ནས་ལན་གནད་བསྡུས་ཞིག་ཕུལ་ན། གཡུ་ཐོག་རྙིང་མས་རྒྱུད་བཞི་བརྩམས་པ་རེད་ཟེར་བ་ཞིག་ལོ་རྒྱུས་ཡིག་ཚང་གཅིག་གི་ནང་ལ་ད་བར་དུ་མཐོང་མ་བྱུང་། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་རྒྱུད་བཞི་རྩོམ་པ་པོ་རེད་ཟེར་མཁན་དེང་དུས་ཀྱི་སྨན་གཞུང་དང་ལོ་རྒྱུས་གཉིས་ཀ་ལ་རྒྱུས་མེད་ཨུ་ཚུགས་ཅན་འགའ་ཞིག་གིས་བཤད་སྲོལ་ཞིག་རེད། ང་ཚོས་དགག་བྱ་གྱུར་པའི་གཡུ་ཐོག་རྙིང་མའི་རྣམ་ཐར་བཀའ་རྒྱ་ཟེར་དེ་བདེན་པ་ཡིན་ནའང་། དེའི་ནང་དུ་《རྒྱུད་བཞི་》བཻ་རོ་ཙཱ་ནས་རྒྱ་གར་ནས་ཁྱེར་ཡོང་ཞིང་བསམ་ཡས་དབུ་རྩེར་གཏེར་དུ་སྦས། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་དགུང་ལོ་ཞེ་ལྔར་ཕེབས་སྐབས་གཏེར་ནས་བཞེས་པ་རེད། ཅེས་གསུངས་པ་ལས། 《རྒྱུད་བཞི་》 རྩོམ་པ་པོ་གཡུ་ཐོག་རྙིང་མ་ཡིན་པའི་ཚིག་གཅིག་ཀྱང་གསུངས་མི་འདུག ལོ་རྒྱུས་བགྲོ་གླེང་ཟེར་བ་དེ་ཡིག་ཚང་རྙིང་པ་དཔང་དུ་བཞག་ནས་བཤད་དགོས་པ་ལས། མི་སྡེའི་ཁ་ན་གང་གྲགས་རྗེས་ཟློས་དང་། རང་གིས་དགོངས་གཏེར་ཕབ་ནས་སྨྲ་བ་ནི་ལོ་རྒྱུས་ཀྱི་བགྲོ་གླེང་མ་ཡིན་ནོ། །
བཞི། ཧམ་པས་རང་བཟོའི་བདེན་དཔང་བསྒྲུབ་པའི་དྲིས་ལན།
གསལ་བཤད་བདུན་པ།༽
སྤྱི་ཟླ་༨པའི་ཚེས་༡༣ཉིན། འབུམ་རམས་པ་རྨེ་རུ་ཡུལ་ལྷ་ཐར་གྱི་བགྲོ་གླེང་སྐབས། སེར་ཤུལ་རྫོང་གི་སྨན་པ་ཞིག་གིས་ཁོང་གི་གསུང་བཤད་དང་འབྲེལ་བ་མེད་པའི་བཀའ་འདྲི་ཞིག་གནང་བ་དེ་དྲྭ་ཐོག་གཏོང་གི་ཡོད་པ་ཐོས་བྱུང་། ཁོང་གིས་འདྲི་བར། “ བསམ་ཡས་དཀར་ཆག་ཆེན་མོ་དང་། སྦ་བཞེད་སོགས་གཡུ་ཐོག་རྙིང་མས་གསོ་རིག་སློབ་གྲྭ་ཐོག་མར་བཙུགས་པའི་སྐོར་འཁོད་འདུག་ཅེས་དང་། གཡུ་ཐོག་རྙིང་མ་མེད་ན་གཡུ་ཐོག་རྙིང་མས་བརྩམས་པའི་བསྟན་བཅོས་པུ་སྟི་གསུམ་པར་སྐྲུན་བྱས་ཡོད་པ་དེ་དག་རི་པན་དང་། ཧྥ་རན་སིའི་སྐད་ཡིག་སོགས་སུ་བསྒྱུར་པ་དེ་སུས་བརྩམས་པ་རེད། མཁྱེན་རབ་ནོར་བུས་བརྩམས་པ་ཨེ་རེད།” གསུངས་འདུག འདིར་ངས་ཐོག་མར་ཁོང་གི་ཧམ་ཚོད་དང་སྤོབ་པ་ལ་ངོ་སོ་བསྟོད། ཁམས་པའི་ཕོ་རྒོད་ཀྱི་བློ་སྟོབས་ཡིན་པ་འདྲ། མདོ་དབུས་ཁམས་གསུམ་ནས་ཕེབས་པའི་དགེ་བཤེས་གསེར་རིའི་ཕྲེང་བ་བསྒྲིགས་པ་ལྟ་བུའི་དབུས་སུ་ཧམ་ཚོད་ཀྱིས་སྐྱག་རྫུན་འདི་ལྟ་བུ་ཞིག་ལབ་ནུས་པ་ནི་བསམ་ཡུལ་ལས་འདས་པའི་བློ་སྟོབས་ཞིག་རེད། སྐད་ཆ་འདི་ནི་དུས་རྒྱུན་ཧམ་ཚོད་ཀྱིས་ནད་པ་མགོ་གཡོག་པའི་ངན་ལང་ཤོར་བའི་གོམས་གཤིས་ཀྱིས་བསྐྱེད་པའི་བློ་སྟོབས་ལས་བྱུང་བ་གོར་མ་ཆག ཁོ་བོས་བསམ་ཡས་དཀར་ཆག་ཆེན་མོ་དང་། སྦ་བཞེད་རྣམས་ཐེངས་བཅུ་ཕྲག་ཁ་ཤས་བཀླགས་ཟིན་ཡང་གཡུ་ཐོག་རྙིང་མའི་སྐོར་ཚིག་གཅིག་ཀྱང་མ་མཐོང་། འོན་ཀྱང་མདོ་དབུས་ཁམས་གསུམ་གྱི་མཁས་པ་རྣམས་ཀྱིས་ཡང་བསྐྱར་དུ་དཔེ་རྙིང་དེ་དག་ལ་ཞིབ་གཟིགས་གནང་ནས་གཡུ་ཐོག་རྙིང་མའི་སྐོར་ཡོད་མེད་བརྩད་གཅོད་ཡོད་པར་ཞུ། དཔེ་ཆ་རྙིང་པའི་ནང་དུ་ཡིག་འབྲུ་གསར་པ་སྐྱེ་ཡོད་མེད་གཟིགས་པ་འཚལ། །
གཡུ་ཐོག་རྙིང་མའི་གསུང་རྩོམ་པུ་སྟི་གསུམ་པོ་ཕྱི་རྒྱལ་མང་པོའི་སྐད་ཡིག་ཏུ་བསྒྱུར་ཡོད་པ་དེ་ཟླ་བའི་གོ་ལའི་ཐོག་ཏུ་པར་སྐྲུན་བྱས་ཡོད་ན་མ་གཏོགས། ས་ཡི་གོ་ལའི་ཐོག་ཏུ་ད་རུང་པར་སྐྲུན་བྱས་པ་ནི་འགྲོ་བ་མི་ཡིས་མཐོང་ཆོས་སུ་མ་གྱུར། གལ་སྲིད་གཡུ་ཐོག་རྙིང་མའི་གསུང་རྩོམ་པུ་སྟི་གསུམ་ལྟ་ཅི། ཤོག་ངོས་གསུམ་ཙམ་རྙེད་བྱུང་ན་ངས་གསེར་སྲང་སྟོང་གི་མཎྜལ་ཞིག་འབུལ་ལོ། ཞེས་བཀའ་ལན་མདོར་བསྡུས་འདི་ཙམ་ལས་ལུང་རིགས་ཀྱིས་ལན་ཕུལ་བ་ནི་ངལ་བ་འབྲས་མེད་དུ་མཐོང་ངོ་། །
ལྔ། ཤེས་བཞིན་དུ་གཡུ་ཐོག་རྙིང་མའི་བདེན་དཔང་གསར་དུ་རྫུན་བཟོ་བྱས་པ་ལ་དྲིས་ལན།
གསལ་བཤད་བརྒྱད་པ།༽
ཉེ་བའི་ཆར། མདོ་ཁམས་ཆབ་མདོའི་ཕྱོགས་ནས་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སུ་བྱུང་བའི་གཡུ་ཐོག་རྙིང་མའི་རྡོ་སྐུ་ཞིག་གི་པར་དང་། འགྲེལ་བཤད་ཡི་གེར། “ཆོས་རྒྱལ་སྲོང་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཕོ་བྲང་མ་རུ་མཁར་གྱི་རྟེན་སྒམ་ནས་བྱུང་བ་སྟེ། ལྕགས་རི་གྲྭ་ཚང་གི་མཁན་ཐུབ་བསྟན་ཚེ་རིང་ལ་ཕུལ་བའི་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོའི་སྐུ་བརྙན་རྡོ་ལ་བརྐོས་པ། གངས་ལྗོངས་གཅེས་ནོར་དུ་བཀོད་པ། དབུ་ལ་རིག་བདག་ཚེ་དཔག་མེད་ཡོད་པ། གཡས་གཡོན་དུ་ཚེ་རིང་རྣམ་དྲུག་ཡོད་པ། མདུན་དུ་ཆུ་བྲག་གི་རི་མོ་འབུར་དུ་བརྐོས་པ། བྲག་ཕུག་གི་དབྱིབས་ཅན། ནང་དུ་རྗེ་བཙུན་ཆེན་པོ་སྐུ་བགྲེས་ཚུལ་ཅན་བཞུགས་པ། སྐུ་རྒྱབ་ཏུ་ཝར་ཏུ་དང་། དེའི་འོག་ཏུ། བདེ་ལྡན་ཞིང་ན་ཚེ་དཔག་མེད་མགོན་དང་། །བོད་ཡུལ་དྲང་སྲོང་ཡོན་ཏན་མགོན་པོ་དེ། །མཁའ་འགྲོའི་བྱིན་རླབས་སྨན་ལུང་ཆུ་ཝར་དུ། །འཆི་མེད་རྡོ་རྗེའི་ཚེ་ཡི་དངོས་གྲུབ་བརྙེས། །དེ་ཕྱིར་ཆུ་ཝར་སྤྲུལ་སྐུའི་ཕོ་བྲང་ཞེས། །དབུས་སུ་འཆི་མེད་རྡོ་རྗེའི་བྲག་ཕུག་དང་། །ཕལ་ཆེར་གང་འདོད་བག་ཕེབ་བདེ་བར་རྒྱུ། །གཞན་ཡང་རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས། །མཁའ་ཁྱབ་སྤྲིན་ལྟར་འཁྲིགས་པའི་ཐུགས་རྗེ་ལས། །རྗེ་བཙུན་བླ་མ་བསྐལ་བརྒྱར་ཞབས་བརྟན་ཤོག” ཅེས་བྲིས་པ་ཞིག་ཁོ་བོ་ལ་གཡུ་ཐོག་རྙིང་མ་ཡོད་པ་སྒྲུབ་བྱེད་དུ་བཏང་བྱུང་། །
དེའི་ལན་དུ། གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ཆོས་ཅན། ཁྱོད་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་བྱུང་བ་མ་ཡིན་པར་ཐལ། ཆོས་རྒྱལ་སྲོང་བཙན་སྒམ་པོའི་གོང་དུ་བྱུང་ཡོད་པའི་ཕྱིར། མ་གྲུབ་ན། གཡུ་ཐོག་རྙིང་མ་ཆོས་ཅན། ཁྱོད་ཆོས་རྒྱལ་སྲོང་བཙན་གོང་དུ་བྱུང་ཡོད་པར་ཐལ། ཁྱོད་ཀྱི་སྐུ་བརྙན་རྡོ་ལ་བརྐོས་པ་སྲོང་བཙན་སྐབས་ཀྱི་ཕོ་བྲང་མ་རུ་མཁར་གྱི་རྟེན་སྒམ་ནས་བྱུང་ཡོད་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། འོ་ན་གང་ཟག་གང་ཞིག ཁྱོད་མ་སྐྱེས་པའི་གོང་དུ་ཁྱོད་ཀྱི་གཟུགས་བརྙན་གྲུབ་ཡོད་པར་ཐལ། གཡུ་ཐོག་རྙིང་མ་མ་སྐྱེས་པའི་སྔོན་ལ་གཡུ་ཐོག་གི་སྐུ་བརྙན་རྡོ་སྐུ་བྱུང་ཡོད་པའི་ཕྱིར། འཁོར་གསུམ།
རྩ་བ་འདོད་ན། གཡུ་ཐོག་རྙིང་མའི་རྣམ་ཐར་བཀའ་རྒྱ་མ་ཆོས་ཅན། རྫུན་མ་ཡིན་པར་ཐལ། ཁྱོད་གཡུ་ཐོག་རྙིང་མ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་བྱུང་ཚུལ་བརྗོད་པའི་རྣམ་ཐར་ཡིན་པའི་ཕྱིར། མ་ཁྱབ་ན། གཡུ་ཐོག་རྙིང་མ་གཉིས་ཡོད་པར་ཐལ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐབས་སུ་བྱུང་བའི་གཡུ་ཐོག་རྙིང་མ་ཡོད་པ་གང་ཞིག ཆོས་རྒྱལ་སྲོང་བཙན་སྐབས་སུ་བྱུང་བའི་གཡུ་ཐོག་གི་རྡོ་སྐུ་ཡོད་པའི་ཕྱིར། འཁོར་གསུམ།
ད་ནི་རིགས་ལམ་གྱི་བཀའ་ལན་དེ་ཙམ་གྱིས་འཐུས་པ་བྱ་ནས། དོགས་སློང་ཅུང་ཟད་སྤྲོ་ན། བོད་དུ་དར་བའི་ནང་ཆོས་ལས། རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སུ་ཐུ་མི་སམ་བྷོ་ཊས་ཐོག་མར་བསྒྱུར་བ་ནི་སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉེར་གཅིག་ཡིན་པ་ཡོངས་གྲགས་རེད། གཡུ་ཐོག་རྙིང་མའི་སྐུ་བརྙན་གྱི་རིག་བདག་ཚེ་དཔག་མེད་པའི་སྐུ་དེ་སྲོང་བཙན་གོང་དུ་བོད་ལ་ཁྱེར་བ་ཞིག་ཡིན་ན། ཡང་ན་བོན་གྱི་ཚེ་དཔག་མེད་གང་ཡིན་དཔྱོད་པ་མཛོད་ཅིག
སི་ཏུ་ཆོས་འབྱུང་གི་ཞལ་གསུང་ལྟར་ན། ཚེ་རིང་རྣམ་དྲུག་གི་རི་མོ་དང་རྣམ་བཤད་དེ་སྤྱི་ལོའི་དུས་རབས་བཅུ་བདུན་པའི་མཇུག་དང་། བཅོ་བརྒྱད་པའི་མགོ་ཙམ་ན་རྒྱ་ནག་ནས་བོད་དུ་དར་བ་གསུངས། དེའི་གོང་དུ་རི་མོ་འདི་བོད་དུ་བྱུང་ཡོད་མེད་ཞིབ་འཇུག་པ་རྣམས་ཀྱིས་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བའི་ངོས་ནས་ཞིབ་ཏུ་དཔྱད་པ་ཞུ།
ལོ་རྒྱུས་ཐོག་བོད་ལ་གོད་ཆགས་ཆེ་ཤོས་ཤིག་ནི། གོང་གསལ་འདི་ལྟ་བུ་གནམ་ཡིག་དང་། ལུང་བསྟན། གཏེར་མ། འདས་ལོག་སོགས་ཀྱིས་རྫུན་ཡིག་དེ་དག་གིས་བོད་ཀྱི་བསམ་བློ་དང་། རིག་གནས། ལོ་རྒྱུས་ཚང་མ་རྫུན་གྱི་ཀློང་དུ་བརྫངས་ཤིང་། རྫུན་གྱི་ཀློང་དུ་འཁྱམས་པའི་བསམ་པའི་འབག་བཙོག་ཆེན་པོ་འདི་བཟོས་ཡོད་པ་རེད། ད་ནི་དུས་རབས་ཉེར་གཅིག་པའི་བོད་ཀྱི་བློ་རིག་དང་། རིག་གནས་རྣམས་གཙང་ཞིང་དག་པ་ཡོང་བ་དང་། ཚན་རིག་སློབ་གསོ་དེ་འཛམ་གླིང་སྔོན་ཐོན་མི་རིགས་ཀྱི་གྲལ་དུ་འཚངས་པའི་ཆེད་དུ་རྫུན་ལུང་དང་། གཏེར་ཡིག་དེ་དག་ལ་མཐའ་གཅིག་ཏུ་དགག་པ་བྱ་ངེས་ཡིན། །
དྲུག གཡུ་ཐོག་རྙིང་མ་དང་བོད་ཀྱི་གསོ་རིག་བར་འབྲེལ་བ་གང་ཡང་མེད་པའི་དཔང་ཡིག
གསལ་བཤད་དགུ་པ།༽
གལ་སྲིད་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ཟེར་བ་ཞིག་བྱུང་ཡོད་ཀྱང་། དེ་ནི་བོད་ཀྱི་གསོ་བ་རིག་པ་དང་འབྲེལ་བ་ཏིལ་འབྲུ་ཙམ་ཡང་མེད་པའི་སྒྲུབ་བྱེད་དུ།
【རྒྱུ་མཚན་དང་པོ།】སྤྱི་ལོའི་དུས་རབས་བཅུ་བདུན་པའི་གོང་ན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་། གསོ་རིག་ཆོས་འབྱུང་གི་ཡིག་ཚང་ནང་དུ། གཡུ་ཐོག་རྙིང་མ་ཟེར་བ་མིང་ཙམ་མཐོང་རྒྱུ་མེད་པའི་ཕྱིར་རོ། །
【རྒྱུ་མཚན་གཉིས་པ།】སྡེ་སྲིད་སངས་རྒྱས་རྒྱ་མཚོས་བཞེངས་པའི་སྨན་ཐང་བརྒྱད་ཅུའི་ནང་རྒྱལ་བ་ལྔ་པ་ཆེན་པོའི་གསན་ཡིག་ལྟར་གསོ་རིག་སྨན་གྱི་བླ་བརྒྱུད་བཀོད་པ་དེ་དག་གི་ནང་ན་གཡུ་ཐོག་རྙིང་མའི་ཚིག་ཟུར་ཙམ་ཡང་བཀོད་མི་འདུག བོད་ལྗོངས་སྨན་རྩིས་ཁང་གི་སྨན་ཐང་གི་དེབ་དང་། གནའ་དུས་ཨོ་རོ་སོག་ལ་ཉར་ཚགས་བྱས་ཤིང་ཕྱིས་དབྱིན་ཡིག་ཏུ་བསྒྱུར་ནས་པར་སྐྲུན་བྱས་པའི་སྨན་ཐང་གཉིས་ཀ་ཕན་ཚུན་གོ་བསྡུར་བྱས་ཏེ་བལྟས་ཀྱང་དེ་དག་ཚང་མའི་བླ་རྒྱུད་ནང་དུ་གཡུ་ཐོག་རྙིང་མ་བཀོད་མི་འདུག །འདིར་ཞལ་ཐང་ནང་དུ་བཀོད་པའི་བླ་བརྒྱུད་མི་འདྲ་བ་རྣམས་རེ་རེ་བཞིན་རེའུ་མིག་ཏུ་བཀོད་ཡོད་པར་འདིར་གཟིགས། །
གསོ་རིག་རྒྱུད་བཞིའི་བརྒྱུད་པ་རྒྱལ་བ་ལྔ་པ་ཆེན་པོའི་གསན་ཡིག་ལྟར་བཀོད་པའི་ཞལ་ཐང་།
གཡུ་ཐོག་བླ་བརྒྱུད་ལྟར་བཀོད་པའི་ཞལ་ཐང་།
གལ་སྲིད་རེའུ་མིག་ལ་ཡིད་མ་ཆེས་ན། 《གསོ་རིག་རྒྱུད་བཞིའི་སྨན་ཐང་བརྒྱད་ཅུའི་དཀའ་འགྲེལ་བཻཌཱུརྱའི་འོད་སྣང་ཞེས་བྱ་བ་བཞུགས་སོ།》 ཞེས་པ། གཙོ་སྒྲིག་པ། བྱམས་པ་འཕྲིན་ལས། པེ་ཅིང་མི་རིགས་དཔེ་སྐྲུན་ཁང་དུ། སྤྱི་ལོ་༢༠༠༦ལོར་དཔར་སྐྲུན་བྱས་པ་དེ་ལ་གཟིགས་པར་ཞུ། བོད་ཀྱི་གསོ་རིག་ལོ་རྒྱུས་ཞིབ་འཇུག་པ་རྣམས་ཀྱིས་ད་ལྟ་བཞུགས་པའི་ཞལ་ཐང་རྙིང་པ་ལ་ཞིབ་ཏུ་གཟིགས་འོས། མ་འོངས་པར་གཡུ་ཐོག་རྙིང་མ་འདོད་མཁན་ཚོས་ཉིན་ཞིག་པོ་ཏཱ་ལའམ་དགོན་པ་ག་གེ་མོ་ཞིག་ན་འདུག་ཟེར་ནས་གཡུ་ཐོག་རྙིང་མ་ཡོད་པའི་ཞལ་ཐང་ཞིག་ཁྱེར་ཡོང་སྲིད་པ་དེའི་སྔོན་ལ་ང་ཚོས་བདེན་དོན་འདི་རྒྱུས་མངའ་ཡོད་པ་མཛོད་ཅིག །
【རྒྱུ་མཚན་གསུམ་པ།】 ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཞུས་པའི་《རྒྱུད་བཞི་》བཤད་ཁྲིད་དང་། ལུང་རྒྱུན་གཉིས་ཀའི་ནང་དུ་གཡུ་ཐོག་རྙིང་མ་ཟེར་བ་ཞིག་མི་སྣང་། 《ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གསན་ཡིག་》ལས། “རྒྱུད་བཞིའི་བཤད་ཁྲིད་ཀྱི་རྒྱུན། ཟུར་མཁར་ཁུ་དབོན་དང་སྨན་རྒྱལ་བསྟན་པའི་ཉིན་བྱེད་ཀྱི་ཞལ་ལུང་ཇི་ལྟར་བ་རྡེལ་འགྲེམས་ནས་བརྩམ་ས་བཅད་དང་སྦྱར་བའི་བཤད་པ། ལེགས་པར་ནོས་པའི་རིང་བརྒྱུད་ནི། བཅོམ་ལྡན་འདས་སྨན་གྱི་བླ་མ། དྲང་སྲོང་རིག་པའི་ཡེ་ཤེས། དྲང་སྲོང་ཡིད་ལས་སྐྱེས། འཚོ་བྱེད་གཞོན་ནུ། མགོན་པོ་ཀླུ་སྒྲུབ། དཔལ་ལྡན་དཔའ་བོ། པཎ་ཆེན་ཟླ་བ་མངོན་དགའ། ལོ་ཆེན་བཻ་རོ་ཙ་ན། རྗེ་ཁྲི་སྲོང་ལྡེའུ་བཙན། གཏེར་སྟོན་གྲྭ་པ་མངོན་ཤེས། དགེ་བཤེས་དབུས་པ་དར་གྲགས། རོག་སྟོན་དཀོན་མཆོག་སྐྱབས། གཡུ་ཐོག་ཡོན་ཏན་མགོན་པོ། སུམ་སྟོན་ཡེ་ཤེས་གཟུངས། འཚོ་བྱེད་གཞོན་ནུ་ཡེ་ཤེས། མཁས་པ་འབུམ་སེང་། གཙང་སྟོན་སངས་རིན། མཁས་པ་དོན་གྲུབ་རིན་ཆེན། བསྟན་འཛིན་དོན་གྲུབ་རྒྱལ་མཚན། བྲང་ཏི་དཀོན་མཆོག་རྒྱལ་མཚན། བྲང་ཏི་དཔལ་ལྡན་འཚོ་བྱེད། ཟུལ་ཕུ་སྨན་མོ་ཆེ་པ། སྨན་སྟོན་དབང་ཕྱུག་བཟང་པོ། རྗེ་ཟུར་མཁར་བ་མཉམ་ཉིད་རྡོ་རྗེ། ཕྲག་དབོན་དཀོན་མཆོག་དཔལ་བཟང་། བྱམས་པའི་མཚན་ཅན། པཎ་ཆེན་མགོན་པོ་དཔལ་བ། སྲས་དོན་གྲུབ་ལེགས་པ། སྨན་བླ་དོན་གྲུབ། སྒམ་པོ་བ་མི་ཕམ་ཆོས་ཀྱི་དབང་ཕྱུག འབྲི་གུང་ཆོས་ཀྱི་གྲགས་པ། མཚུར་ཕུ་བླ་སྨན་པ་སྨན་མོ་ཆེ། མཁྱེན་བརྩེ་གསལ་བྱེད། ཨ་ལོ་ཆོས་དབང་། ཀུན་མཁྱེན་ཆོས་ཀྱི་འབྱུང་གནས། །ཡང་ན། མཚུར་ཕུ་བླ་སྨན་པ། སྔགས་གྲྭ་བསྟན་འཕེལ། དྷརྨ་ཀ་ར་ནི་རྒྱུད་བཞིའི་བཤད་ཁྲིད་གཙོ་བོར་གྱུར་པ་ཡིན་ལ། རྗེ་འདིས་ནི་རྒྱ་དཀར་ནག་གི་བརྟག་པ་སྨན་དཔྱད་མི་འདྲ་བ་དུ་མ་མཁས་པ་མཐའ་དག་ལས་གསན་པས་སྙིགས་དུས་ཀྱི་སྨན་གྱི་བླ་མའི་གོ་འཕང་བརྙེས་པ་ཡིན་ལ། དེ་ནས་གསོ་རིག་མཐར་ཕྱིན་བཀྲ་ཤིས་འབུམ་པ། འཚོ་བྱེད་གུ་རུ་ཚེ་དབང་། རྒྱུད་དང་ལག་ལེན་ལ་ཆགས་ཐོགས་མེད་པའི་འཚོ་བྱེད་མཁས་པའི་དབང་པོ་ཀརྨ་ཚེ་དཔལ། ཀརྨ་ཚེ་དབང་རབ་བརྟན་ཟུང་ལས་བདག་གི་བསླབ་པའོ། ” ཞེས་རྒྱུད་བཞིའི་ཁྲིད་རྒྱུན་གྱི་བླ་བརྒྱུད་གསལ་པོར་བཀོད་ཡོད་པ་དང་། །
ཡང་། ཤོག་ངོས་དེའི་འདབ་ཕྲེང་ལས། “རྒྱུད་བཞིའི་བཀླགས་ལུང་གི་བརྒྱུད་ཚུལ་ལ། བཀའ་མའི་ལུགས་དང་། གཏེར་མའི་ལུགས། ཉེ་བརྒྱུད་ཀྱི་ལུགས་ཏེ་གསུམ་མོ། དང་པོ་ནི། 【 བཀའ་མའི་བརྒྱུད་པ།】 སངས་རྒྱས་སྨན་གྱི་བླ་མ། ཐུབ་པའི་དབང་པོ། འཇམ་དབྱངས། མཁན་ཆེན་བོ་དྷི་ས་ཏྭ། ཁྲི་སྲོང་ལྡེའུ་བཙན། མུ་ནེ་བཙན་པོ། སད་ན་ལེགས། ཁྲི་རལ་པ། ལྷ་ལུང་དཔལ་གྱི་རྡོ་རྗེ། མངའ་བདག་འོད་སྲུང་། དཔའ་འཁོར་བཙན། སྐྱིད་ལྡེ་ཉི་མ་མགོན། བཀྲ་ཤིས་ལྡེ། ཡེ་ཤེས་འོད། མངའ་བདག་རྩེ་ལྡེ། སྣར་བྱང་ཚུལ། ཞུར་ཤེར་གྲགས། ཟར་པ་དར་མ་རྒྱལ་མཚན། ཁྲོ་མོ་ཆེ་བ། སངས་རྒྱས་སྒོམ་པ། བསོད་ནམས་ཡེ་ཤེས། བསོད་ནམས་གྲགས་པ། རྒྱལ་སྲས་ཆོས་རྫོང་པ། མང་མཁར་ཚུལ་ཁྲིམས་དཔལ། གཞོན་ནུ་རྒྱལ་མཆོག འཇམ་དབྱངས་ཡེ་ཤེས་རྒྱལ། སྭ་སྟོན་དཔལ་བཟང་། བྱང་སེམས་ཀུན་མཆོག སྡེ་གྲོལ་མཆོག སྟག་ལུང་པ་ཁུ་དབོན། ཏཱ་ར་ནཱ་ཐ། རིན་ཆེན་རྒྱ་མཚོ། ཀུན་དགའ་ཆོས་བསམ། ཀུན་དགའ་མཐའ་ཡས། ཀུན་བཟང་དབང་པོ། ཚེ་དབང་ནོར་བུ། ཕྲིན་ལས་ཤིང་རྟ། ཕྲིན་ལས་ཡར་འཕེལ། ཆོས་ཀྱི་སྣང་བ། འཛི་སྒར་མཆོག་སྤྲུལ་རིན་པོ་ཆེ་ཕྲིན་ལས་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་ལས། བདག་བློ་གྲོས་མཐའ་ཡས་ཀྱིས་ཞུས་པའོ”། །ཞེས་སོ། །
“གཉིས་པ། 【 གཏེར་མའི་བརྒྱུད་པ།】 བདེ་གཤེགས་སྨན་བླ། རིག་པའི་ཡེ་ཤེས་མཆེད་ལྔ། དྲང་སྲོང་ཡིད་ལས་སྐྱེས། འཚོ་བྱེད་གཞོན་ནུ། འཕགས་པ་ཀླུ་སྒྲུབ། དཔལ་ལྡན་དབང་པོ། ཁ་ཆེ་ཟླ་དགའ། ལོ་ཆེན་བཻ་རོ་ཙ་ན། ཁྲི་སྲོང་ལྡེའུ་བཙན། གཏེར་སྟོན་གྲྭ་པ་མངོན་ཤེས། དབུས་པ་དར་གྲགས། རོགས་སྟོན་དཀོན་མཆོག་སྐྱབས། གཡུ་ཐོག་ཡོན་ཏན་མགོན་པོ། སུམ་སྟོན་ཡེ་ཤེས་གཟུངས། པཎ་ཆེན་གཞོན་ནུ་ཡེ་ཤེས། གཙང་སྟོན་སངས་རྒྱས་ཡེ་ཤེས། མཁས་པ་རིན་ཆེན་རྡོ་རྗེ། བླ་མ་དོན་གྲུབ་རྒྱལ་མཚན། བྲང་ཏི་དཀོན་མཆོག་སྐྱབས། དཔལ་ལྡན་འཚོ་བྱེད། འཚོ་བྱེད་རིན་ཆེན། རྣལ་འབྱོར་བསོད་དབང་། རྣལ་འབྱོར་ཆེན་པོ། རི་ཁྲོད་ཞིག་པོ། བྱ་བཏང་དཀོན་མཆོག་ལྷུན་གྲུབ། ཟུར་མཁར་མཉམ་ཉིད་རྡོ་རྗེ། ཀྱེན་པ་ཚེ་འབུམ། བྱར་པོ་པཎ་ཆེན། ཟླ་བའི་དབང་པོ། པོ་པོ་བློ་ལྡན། བསྟན་འཛིན་རྒྱལ་པོ། དེ་སྲས་གཞན་ཕན་དབང་པོ། ཀུན་མཁྱེན་པ། མཁས་དབང་བུདྡྷ་ནས། ཡོངས་འཛིན་ཀུན་དགའ། ཆོས་ཀྱི་དབང་ཕྱུག དགེ་ལེགས་བཞད་པ། ཀུན་དགའ་བསྟན་འཛིན། ཆོས་རྒྱལ་རྒྱ་མཚོ། བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ། ཆོས་ཀྱི་སྣང་བ། འཛི་སྒར་རྗེའོ”། །
“གསུམ་པ། 【ཉེར་བརྒྱུད་ཀྱི་ལུགས།】 སངས་རྒྱས་སྨན་གྱི་བླ་མ། མཁའ་འགྲོ་མ་དཔལ་ལྡན་ཕྲེང་བ། རྗེ་གཡུ་ཐོག་པ་ཆེན་པོ་ལས་རིམ་པ་བརྒྱུད་པའོ”།།
ཞེས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གསན་ཡིག་ལས་གསོ་རིག་རྒྱུད་བཞིའི་ཁྲིད་རྒྱུན་དང་ལུང་རྒྱུན་གཉིས་ཀའི་ནང་དུ་གཡུ་ཐོག་རྙིང་མ་ཟེར་བ་གཏན་ནས་མི་འདུག གོང་གི་དཔྱད་གཞི་དག་ལ་ལེགས་པར་གཟིགས་དང་། གཡུ་ཐོག་རྙིང་མ་མེད་པ་སྒྲུབ་མཁན་འབེ་ལོ་གཅིག་པུ་ག་ལ་ཡིན། དེས་ན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་ཟེར་བའི་གང་ཟག་ཅིག་ལོ་རྒྱུས་ཐོག་བྱུང་ཡོད་མེད་ཁོ་བོས་སྨྲ་མི་ནུས་ཀྱང་། བོད་ཀྱི་《གསོ་རིག་རྒྱུད་བཞི་》 དང་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་གཉིས་བར་ལ་འབྲེལ་བ་ཏིལ་འབྲུལ་ཙམ་ཡང་མེད་པར་སྨྲ་བའི་སྤོབ་པ་གངས་རི་ཏི་སེའི་དཔང་ལས་ཀྱང་མཐོ་བ་ཞིག་བདག་རྒྱལ་ཁམས་པས་རྙེད་དོ། །
བདེན་པ་དོར་ཞིང་རྫུན་ལ་ཡིད་གཏད་བྱེད། །ཚད་མ་དོར་ཞིང་གཏེར་དང་སྒྲུང་གཏམ་བཙལ། །སྔ་ཕྱི་ནང་འགལ་གཏམ་ལ་དོག་གཞི་མེད། །གངས་ཅན་རྒན་པོའི་སྐྱོན་འདི་དོར་བ་རིག །རིག་པས་དཔྱད་ན་རྟོག་གེ་པ་ཞེས་སྡང་། །རྨོངས་པས་བཀུར་ན་དད་པ་ཅན་ཞེས་བསྟོད། །ཧམ་པས་བཤད་ན་མཁས་པ་ཡིན་པར་བསྒོམ། །གངས་ཅན་རྒན་པོའི་སྐྱོན་འདི་དོར་བ་རིག །བདེན་པའི་ཡིག་ཆ་རྫུན་གྱི་དཔང་དུ་བཙུགས། །རང་འདོད་ཆེད་དུ་རང་གི་གང་དྲན་སྨྲ། །གཞོན་ནུ་ཕལ་ཆེར་རྨོངས་པའི་གནས་སུ་བཀོད། །གངས་ཅན་རྒན་པོའི་སྐྱོན་འདི་དོར་བ་རིག །རྫུན་གྱི་ལ་རྒྱ་རི་བོང་རྭ་བས་རིང་། །བདེན་པའི་དཔྱད་ཁུངས་བྲ་བའི་རྔ་མའི་ཟླ། །རིགས་ལམ་ཐོས་ན་མགོ་བོ་གདུགས་ལྟར་འཁོར། །གངས་ཅན་རྒན་པོའི་སྐྱོན་འདི་དོར་བ་རིག །གཡུ་ཐོག་གསར་རྙིང་བདེན་ཐག་མ་ཆོད་པར། །གཡུ་ཐོག་གསུམ་པས་རྫུན་གྱི་ཟློས་གར་གཡོ། །གཡུ་ཐོག་གཅིག་ལ་མེས་པོ་གཉིས་སྐྱེས་ན། །གཡུ་ཐོག་བཞི་པ་སྐྱེ་བར་སུ་ཡིས་འགོགས། །
ཞེས་བོད་ཀྱི་ལུང་རིགས་སྨྲ་བའི་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས་སྤྱི་ལོ་༢༠༡༦ལོའི་ཟླ་བ་༨་པའི་ཚེས་༡༩་ཉིན་ལྷོ་ནུབ་མི་རིགས་སློབ་གྲྭའི་རང་ཤག་ནས་སྤྲིངས། །
བཀླགས་ཟིནད་ཏོ།།
གཡུ་ཐོག་རྙིང་མ་དངོས་གནས་འཁྲུངས་ཡོད་མེད་ནི་མི་ཤེས། ཁོང་གི་རྣམ་ཐར་བཀླགས་མྱོང་། རྒྱ་གར་དུ་ཕེབས་པའི་ལོ་རྒྱུས་སོགས་ལྷ་སྒྲུང་ལྟ་བུ་མཐོང་སོང་། ཡིན་ཡང་གསལ་པོ་ཞིག་དྲན་གྱི་མི་འདུག། བསྐྱར་དུ་རྣམ་ཐར་ཀློག་འདོད་འདུག དྲ་ཐོག་ན་གཡུ་ཐོག་རྙིང་མའི་རྣམ་ཐར་ཡོད་དམ། །
སྟོན་པ་གཤེན་རབས་ཀྱི་འཁྲུངས་ལོ་དང་། འཁྲུངས་ཡུལ། ཡབ་ཡུམ་གྱི་མཚན། རིགས་མྱུག་སྲས་དཔྱད་བུ་ཁྲི་ཤེས་ལ་སོགས་པ་རྣམས་ཀྱི་མཚན་དང་། སྲས་རྣམས་ཀྱི་ཡུམ་གྱི་མཚན་གང་ཡིན་ནམ།