ཆབ་མདོ་ངག་ཕུན།
དེ་ཡང་སྔོན་སྟག་ལུང་གྲོང་སྡེ་ཞེས་པའི་ཡུལ་ལྗོངས་དེ་ནང་དུ་དུད་འགྲོ་རྣམས་རང་དབང་དང་ཞི་བདེའི་བག་ཕེབས་ཀྱི་འཚོ་བ་རོལ་གྱི་ཡོད་ཅིང་། ལུང་པ་དེར་དབྱར་དུས་རི་བོ་སྟོད་སྨད་ཐམས་ཅད་ལ་མེ་ཏོག་སྣ་ཚོགས་ཀྱིས་ཁེངས། ལུང་པ་དེར་དབྱར་དུས་ཡུལ་སྐོར་སྤྲོ་འཆམས་ལ་ཡོང་མཁན་ཤ་མོང་བརྡོལ་བ་ལྟར་ཡོང་གི་ཡོད་ཅིང་། ཡུལ་སྐོར་སྤྲོ་འཆམ་པ་དེ་དག་ལུང་པའི་མཛེས་ལྗོངས་ལ་ཡིད་སྨོན་མི་ཤོར་མཁན་མེད། ལྷག་པར་ལུང་པ་དེར་མེ་ཏོག་སེར་ཅན་གྱི་སྟེང་ལ་གཡུ་སྦྲང་རྒན་གཞོན་དུ་མ་ཞིག་སྒྲ་དབྱངས་འཐེན་བཞིན་དགའ་བདེའི་ཚོར་བ་རོལ་བཞིན་བསྡད་ཅིང་། དེ་འདྲའི་གནས་མཆོག་གཅིག་ནང་གཡུ་སྦྲང་ཕོ་མོ་གཉིས་མེ་ཏོག་གི་རྩི་བཅུད་འཇིབ་བཞིན་གནས། དེ་ནས་གཡུ་སྦྲང་རྒས་གཞོན་ཚང་མ་རུབ་སྟེ་སྦྲང་ཚང་བཟོས་ཤིང་། དེའི་ནང་གཡུ་སྦྲང་བརྒྱ་ཕྲག་འདུས་ཏེ་སྦྲང་རྩི་གསོགས། རིམ་པས་གཡུ་སྦྲང་མོ་རྣམས་ལ་སྦྲང་ཕྲུག་སྐྱེ་མགོ་བཙུགས་ཤིང་། སྦྲང་ཕྲུག་རྣམས་སྦྲང་མས་གསོ་སྐྱོང་བྱས་ནས་བསྡད། སྐབས་རེ་ཆར་རླུང་ཁྲོད་དུ་སྦྲང་ཕྲུག་རྣམས་སྲོག་དབུགས་ཤོར་གྲབས་བྱེད་ཅིང་སྦྲང་མ་རྣམས་ཀྱིས་སྲོག་སྐྱོབས་ཐབས་ལ་ནུས་ཤུགས་སྟོན་དགོས་ཐུག་གི་ཡོད། ཡིན་ནའང་སྐབས་རེ་སྦྲང་ཕྲུག་སྲོག་ཉེས་བསྐྱབ་ཐོབ་ཀྱི་མེད་ཅིང་། སྦྲང་མ་རྣམས་སྡུག་བསྔལ་གྱི་འོག་ལ་ལྷུང་གི་ཡོད། རིམ་གྱིས་དགུང་སྔོན་དབྱིངས་ལ་སྤྲིན་པ་ལྕང་ལོ་ཙམ་ཡང་མེད་ཅིང་སྔོ་མཐིང་མཐིང་ལ་གྱུར་ཅིང་། རླུང་བུ་བསིལ་བསིལ་རྒྱབ་ཅིང་མེ་ཏོག་སེར་ཅན་དཀར་དམར་རྣམས་ཡོལ་འགུལ་ལྡེམ་ལྡེམ་བྱེད། གཡུ་སྦྲང་ཞིག་གིས་མེ་ཏོག་གི་རྩི་བཅུད་འཇིབ་བཞིན་བསྡད་པ་དང་། དེའི་འཁྲིས་ལ་ནོར་ནགས་ཀྱི་ལྕི་རྙང་གི་སྟེང་ལ་སྦྲང་ནག་བབས་ཏེ་གཤོག་པ་དེ་དཀྲུག་ཙམ་ཐེངས་འགའ་བྱས་ཏེ་གཡུ་སྦྲང་སྔོན་པོར་ལྟ་བཞིན་འདི་ལྟར་ཚིགས་སུ་བཅད་པ་སྨྲས་སོ།
ས་གཞི་ཆེན་མོའི་སྟེང་ལ།།
མཛེས་སྡུག་རྣམ་པར་བཀྲ་བ།།
གཡུ་སྦྲང་རྩི་བཅུད་རོལ་ཏེ།།
དགའ་སྐྱིད་ལྡན་པ་མཐོང་བྱུང་།།
ཞེས་ལབ་པ་དང་།གཡུ་སྦྲང་གིས་གཤོག་པ་དེ་བརྡབ་ཙམ་ཐེངས་འགའ་བྱས་ཏེ།མིག་གིས་ཕྱོགས་མཚམས་ལ་ལྟ་བཞིན་སྦྲང་ནག་ལན་འདི་ལྟར་ཞིག་སྨྲས་སོ།
མེ་ཏོག་དཀར་དམར་རྩི་བཅུད།།
འཚོ་བ་རོལ་བ་དེ་ལ།།
སྦྲང་ནག་སྐྱིད་སྣང་ཤར་བ།།
དེ་ནི་གནས་སྐབས་ཙམ་རེད།།
ཅེས་ལབ་སྟེ་མེ་ཏོག་སེར་ཅན་གྱི་རྩི་བཅུད་ལ་འཇིབ་བཞིན་གཤོག་པ་ལྡིམ་ལྡིམ་གྱི་སྐབས་རེ་བར་སྣང་བ་འཕུར་ལྡིང་བྱེད་ཅིང་འདུག་ལ། སྦྲང་ནག་གིས་མགོ་བོ་གཡུག་པ། གཤོག་པ་དེ་རྐང་པས་ཕྱིས་ཙམ་ཐེངས་འགའ་བྱས་ཏེ། ཧ་ཅང་གི་སྐྱོ་ཉམས་དང་བཅས་ཏེ། “ཡ་གཡུ་སྦྲང་སྔོན་མོས་ལབ་པ་དེ་བདེན་པ་མངོན་ཡང་། ང་ཚོ་ལས་ཁྱོད་ཚོ་སྐྱིད་པ་མཐོང་“ཞེས་ལབ་སྟེ་ལན་འདི་ལྟར་བཏབས་སོ།
ང་ཚོ་སྦྲང་ནག་ཕོ་མོ།།
ས་ཆ་ག་བཙོག་འབབ་སྟེ།།
འཚོ་བ་རོལ་དགོས་ཡིན་པ།།
དེ་ལས་སྡུག་གཅིག་གང་འདུག།
ཅེས་སྦྲང་ནག་གི་མགོ་བོ་སྒུར་སྒུར་ཐེངས་འགའ་བྱས་ཏེ་ལྕི་རྙང་གི་སྟེང་ནས་རོ་བཅུད་འཇིབ་བཞིན་མཆིས། ཡང་གཡུ་སྦྲང་གི་མགོ་བོའི་ར་ཅོ་འདྲ་བའི་དེ་རྐང་པས་ཕྱིས་ཙམ་ཞིག་བྱས་ཏེ། “ཡ་སྦྲང་ནག་དེ་འདྲ་སེམས་སྡུག་དང་ཡིད་ཞུམ་དགོས་པའི་གནས་སྟངས་ཤིག་གཏན་ནས་མ་མཐོང་། རྒྱུ་མཚན་ནི་ང་ཚོ་ཚང་མ་དུད་འགྲོ་གཅིག་འགྱུར་ཡིན། མཐའ་མ་འཆི་བའི་ཉིན་མོ་ཁྱེད་ཀྱི་མེ་ཏོག་རྩི་བཅུད་འཇིབ་འདུག་ཟེར་ནས་དམིགས་བསལ་གང་ཡང་མེད་ལ། སྦྲང་ནག་རེད་འདུག །ས་ཆ་སྡུག་ས་དང་། བཙོག་སར་བབས་ཏེ་བཙོག་པ་བཟོས་འདུག་ཟེར་ནས་ཉེས་པ་ཆེ་བ་གང་ཡང་མེད། མཐའ་མཇུག་ཚང་མ་འགྲོ་ས་གཅིག་པ་རེད། དེ་ལས་སྦྲང་ནག་གིས་ང་ཚོའི་གཡུ་སྦྲང་གི་སྦྲང་རྩི་འཇིབ་པ་མཐོང་བ་ལས་དཀའ་སྡུག་དངོས་དེ་ཤེས་མི་འདུག །ཁྱོད་ཀྱི་ཉན་འདོད་འདུག་ན་ངས་བཤད་ཆོག་“ཟེར། སྦྲང་ནག་གི་ཉན་འདོད་ཡོད་པའི་བརྡ་བསྟན་པས། “ཡ་ད་ཁྱོད་ཀྱི་ཉན་འདོད་ཡོད་ན་ངས་བཤད་དགོས་“ཟེར་ཏེ་འདི་ལྟར་སྨྲས་སོ།
དཀའ་དཔྱད་འབད་བརྩོན་གསོགས་པའི།།
ཞིམ་མངར་སྦྲང་རྩི་དེ་དག།
རྐང་གཉིས་པ་རྣམས་ཡོང་སྟེ།།
ཐམས་ཅད་བཙན་གྱིས་འཕྲོག་གི།
ཞེས་སྐྱོ་ཉམས་དང་བཅས་ཏེ་ལབ་པ་དང་། སྦྲང་ནག་གི་དེ་དག་གོ་མ་ཐག་སྐབས་ཅིག་གི་རིང་བསམ་གཞིག་གི་གནས་སུ་ལྷུང་། དེ་ནས་གཡུ་སྦྲང་གི་ལབ་པ་དེ་བདེན་པ་འདུག་བསམ་སྟེ། ཕྲན་བུ་སྐྱོ་ཉམས་དང་བཅས་ཏེ་འདི་ལྟར་སྨྲས་སོ།
ཉོན་དང་གཡུ་སྦྲང་སྔོན་པོ།།
ཁྱོད་ཀྱི་བཤད་པ་དེ་བདེན།།
ཉམ་ཆུང་དུད་འགྲོའི་སྲོག་ཆགས།།
སྙིང་རྗེ་བྱེད་མཁན་མེད་མཐོང་།།
ཡང་།
རྐང་གཉིས་ལུས་ལ་ན་ཚ།།
ཕྲན་བུ་ཙམ་ཞིག་བྱུང་ན།།
སྨན་པ་བསྟེན་ཞིང་སྨན་བཞེས།།
མི་འཆི་ཐབས་ཤེས་བྱེད་དོ།།
ཞེས་བརྗོད་པ་དང་། གཡུ་སྦྲང་སྔོན་པོས་ཀྱང་བདེན་པ་གོ་ནས་སྦྲང་ནག་ཁྱོད་ཀྱི་ལབ་པ་དེ་བདེན་པ་རེད། དུད་འགྲོའི་ཚེ་སྲོག་ལ་རིན་ཐང་རྩི་མཁན་མེད་ལ། རྐང་གཉིས་པའི་འཚོ་བའི་ཆེད་དུ་ཤ་ཚ་སྤུ་ཙམ་མེད་པའི་བསད་བཏུགས་བྱེད་བཞིན་ཡོད། དུད་འགྲོ་ལ་ཚེ་སྲོག་ཡོད་པའི་སྣང་བ་འཁོར་གྱི་མེད། ཅེས་བརྗོད་དེ་མེ་ཏོག་རྩི་བཅུད་འཇིབ་བཞིན་གནས། སྦྲང་ནག་ཀྱང་མགོ་བོ་གཡུག་བཞིན་ལྕི་རྙང་ཡོད་ས་ཐམས་ཅད་ལ་བབས་ཏེ་འཚོ་བར་རོལ། དེ་འདྲའི་སྐབས་གཅིག་ལ་གློ་བུར་མཁའ་དབྱིངས་ལ་སྤྲིན་ནག་མཁྲེགས་ཤིང་དབྱར་རྔའི་སྒྲ་དབྱངས་འཐེན་ཞིང་། ཆར་པ་སིམ་སིམ་བབས། རིམ་གྱིས་དྲག་ཆར་གྱུར་བསྟུན་གཡུ་སྦྲང་དང་སྦྲང་ནག་གཉིས་གཤོག་པ་རྒྱངས་ཏེ་ལམ་སང་འཕུར་མ་རྒྱུག་གི་ཕ་བང་ལེབ་མོ་ཞིག་གི་འོག་ཏུ་འཛུལ་ཏེ་བསྡད། ལུང་པའི་ཕུ་ནས་ཆུ་རུད་རྒྱབ་མགོ་བཙུགས་ཤིང་། ལུང་པའི་སྟོད་སྨད་འུར་སྒྲས་བརྒྱངས། གཡུ་སྦྲང་དང་སྦྲང་ནག་གཉིས་ནི་ཞེད་དེ་གཟུགས་པོ་ལྕང་ལོ་བཞིན་འདར་བཞིན་བསྡད། དེ་འདྲའི་གནས་སྟངས་ཤིག་གི་འོག་ནས་གཡུ་སྦྲང་གི་འདི་ལྟར་སྨྲས་སོ།
གནམ་ནས་དྲག་ཆར་བབས་དུས།།
རི་ལུང་འུར་གྱིས་རྒྱངས་སོང་།།
ཉམ་ཆུང་དུད་འགྲོ་ངེད་གཉིས།།
ག་བྲོས་མེད་པ་གྱུར་སོང་།།
སྐྱེས་ནས་འཁོར་བ་འདི་ལ།།
ཉིན་གཅིག་བདེ་བ་མི་འདུག།
སྐབས་རེ་མེ་ཆུས་འཇིགས་གྲབས།།
སྐབས་རེ་མི་ཡིས་བསད་གྲབས།།
བརྟག་ཅིང་བརྟན་མེད་འཁོར་བར།།
ཚེ་འདི་མི་རྟག་ཆུ་ལྦུ།།
ད་ལྟ་ཤར་ཡང་ད་ལྟ།།
སྐད་གཅིག་མེད་པར་གྱུར་གྱི།།
ཡར་གཅིག་གནམ་ལ་བལྟས་པས།།
གནམ་མཁའི་ལྷ་མོ་ཡིན་ཡང་།།
ཉོམ་ཆུང་དུད་འགྲོ་རྣམས་ལ།།
སྙིང་རྗེའི་སྤྱན་ཆབ་ཤོར་གྱིན།།
ཞེས་སྐྱོ་གླུ་བླངས་ཏེ་བསྡད། སྦྲང་ནག་ཀྱང་དེ་བཞིན་སེམས་སྡུག་དང་འཇིགས་སྣང་གི་ལུས་པོ་ལ་ཁའི་དར་ལྕོག་ལྷག་པའི་གཡོ་བ་ཇི་བཞིན་འདར་ཏེ་སྐྱོ་གླུ་འདི་ལྟར་ཤིག་བླངས་པ་དང་།པདྣ་གཉེན་ཡང་རི་བོ་རྩེ་མོའི་སྟེང་ནས་གབ་འགྲོ་མངོན་ཞིང་།གཡུ་སྦྲང་དང་སྦྲང་ནག་གཉིས་ཀྱང་ཕྱི་མའི་ལམ་དུ་མཆིས་སོ།
ཆབ་མདོ་ངག་ཕུན་གྱིས། ༢༠༡༦/༡/༡༥ ཉིན་མོར།