གོང་དཀར་ངག་རྣམ།
༡ བོན།
བོན་ཆོས་ནི་བོད་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་མ་དར་གོང་ནས་ཡོད་པའི་བོད་ཀྱི་གདོད་མའི་ཆོས་ལུགས་ཤིག་ཡིན་པ་དང་། དེ་ཡང་ལོ་རྒྱུས་ནང་བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་བོན་ཤེས་པ་བཅུ་གཉིས་ཀྱིས་གཉའ་བར་བཏེགས་ནས་གདན་དྲངས་ཚུལ་ལ་བལྟས་ན། སྤྱིར་བོན་ཆོས་ནི་གཉའ་ཁྲི་བཙན་པོའི་སྐབས་སུའང་ཡོད་པ་གསལ་པོ་རེད།
འོན་ཏེ། ཆེས་ཐོག་མར་དར་བའི་བོན་ཆོས་དེའི་སྟོན་པ་དང་ལྟ་བ་ཇི་ལྟར་ཡིན་མིན་ཐད་ལོ་རྒྱུས་ནང་གསལ་ཁ་མེད་པ་འདྲ། མཁས་པ་ཁ་ཤས་ཀྱིས་བོན་ལ་བརྡོལ་བོན་དང་། འཁྱར་བོན། བསྒྱུར་བོན་ཞེས་སོགས་སུ་དབྱེ་བ་འདི་བོན་པོ་རྣམས་ཀྱིས་ཁས་ལེན་མི་བྱེད་གསུངས་ཀྱང་ཁོ་བོས་བལྟས་ན་གྲི་གུམ་བཙན་པོའི་སྔོན་དུ་དར་བའི་བོན་དེ་བརྡོལ་བོན་ལ་བརྩི་ན་ཆོག་སྙམ།
ཡང་བོན་ཆོས་ལ་སྔ་དར་དང་ཕྱི་དར་གཉིས་བརྩི་ནའང་གྲི་གུམ་བཙན་པོའི་སྔོན་གྱི་བོན་དེ་སྔ་དར་དང་། པུ་དེ་གུང་རྒྱལ་གྱིས་བོན་ཆོས་དར་སྤེལ་བཏང་བ་ནས་བཟུང་ཕྱི་དར་དུ་བརྩི་མི་རུང་བ་མི་འདུག་སྙམ།
བོན་པོ་རྣམས་ཀྱིས་གོང་གི་དབྱེ་བ་མི་འདྲ་བ་གསུམ་པོ་འདི་མི་འདོད་པ་ཡིག་ཆ་དང་རྩོམ་ཡིག་མང་པོའི་ནང་མཐོང་རྒྱུ་འདུག དེའི་རྒྱུ་མཚན་གཅིག་ནི། ཆེས་ཐོག་མའི་བོན་ཆོས་སམ་ཡང་ན་བརྡོལ་བོན་གྱི་སྟོན་པ་དང་བསྟན་པ་གང་ཡིན་ཡིག་ཆའི་ནང་གསལ་ཁ་མེད་པ་དང་། གཉིས་ནི། འཁྱར་བོན་ནི་བསྲེས་ལྷད་ཅན་ཡིན་པ། གསུམ་ནི། བསྒྱུར་བོན་ནི་གཏེར་ཆོས་རྫུན་མ་ཡིན་པ་བཅས་ལ་བརྟེན་ནས་ཡིན་སྙམ།
ད་དུང་ངའི་བསམ་ཚུལ་ལ། རང་རེའི་དམངས་ཁྲོད་ཀྱི་ཁ་རྒྱུན་ལ་ཡོད་པ་ལྟར། བོན་པོས་དམར་མཆོད་བྱེད་ཀྱི་ཡོད་ཅེས་པ་དེ་རེད། དམར་མཆོད་ཀྱི་སྲོལ་འདི་ཡང་སྟོན་པ་གཤེན་རབ་མ་ཕེབས་སྔོན་གྱི་བོན་ཆོས་ནང་ཡོད་ཤས་ཆེ་བ་ལས་གཡུང་དྲུང་བོན་ཆོས་ནང་དྲི་མ་ཙམ་ཡང་མེད་པར་སྣང་།
གོང་གི་རྒྱུ་མཚན་དེ་དག་ལ་བརྟེན་ནས་བོན་པོ་རྣམས་ཀྱིས་རང་ལུགས་ལ་དེ་འདྲའི་དབྱེ་བ་མི་མཛད་པ་ཡིན། ཡང་ལ་ལས་བོན་དང་གཡུང་དྲུང་བོན་གྱི་ཁྱད་པར་མི་འབྱེད་པར་བོན་ཞེས་པ་གཉའ་ཁྲིའི་གོང་ནས་བྱུང་བའི་བོན་དེ་ཉིད་ལ་འདོད་པ་དང་། སྟོན་པ་གཤེན་རབ་མི་བོ་ཆེ་ཡང་སངས་རྒྱས་ཤཱཀྱ་ཐུབ་པ་རྒྱ་གར་དུ་ཕེབས་དུས་དང་མཉམ་པར་འདོད། ལོ་རྒྱུས་འདི་ལྟར་བཤད་ན། བོན་ཆོས་ནང་དམར་མཆོད་ཡོད་མེད་སོགས་ལ་ལན་དོན་མཐུན་འདེབས་དཀའ་བར་མཐོང་། དེ་བཞིན་ལ་ལས་སྟོན་པ་གཤེན་རབ་ཀྱི་ལོ་ཁྲི་ཁག་སྔོན་ནས་བྱུང་ཡོད་པའང་ཤོད་བཞིན་འདུག་པས་དཔྱད་བྱར་མཐོང་།
༢ གཡུང་དྲུང་བོན།
འོན་ཀྱང་གཡུང་དྲུང་བོན་གྱི་ཆོས་ལུགས་ནི་སྟག་གཟིིག་འོལ་མི་ལུང་རིང་དུ་འཁྲུངས་པའི་སྟོན་པ་གཤེན་རབ་མི་བོ་ཆེས་གསར་གཏོད་གནང་བ་ཞིག་རེད། སྟོན་པ་གཤེན་རབ་ཀྱི་ཡབ་ནི་རྒྱལ་པོ་ཐོད་ཀར་དང་ཡུམ་ནི་ཡོ་ཕྱི་རྒྱལ་བཞད་མ་ཡིན། གཤེན་རབ་ཅེས་པའི་གཤེན་ནི་རིགས་རུས་ཀྱི་མིང་ཡིན། དཔེར་ན། སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་རིགས་ཀྱི་མིང་ནས་འབོད་པ་དང་གཅིག་པ་རེད།
སྟག་གཟིག་འོལ་མི་ལུང་རིང་ཞེས་པའི་ས་ཆ་འདིར་ལོ་རྒྱུས་ནང་ངོས་འཛིན་མི་འདྲ་སྣ་ཚོགས་ཡོད་པ་ནི། ཁ་ཆེའི་ཡུལ་དང་ཐག་ཉེའི་ས་ཆ་ཞིག ཞང་ཞུང་གྱི་ཡུལ། ལྷོ་ཁའི་འོན་མངའ་རིས་གྲྭ་ཚང་ཆགས་ས་བཅས་ཡིན།(བཙད་པོ་བཙན་པོར་གྱུར་ཚུལ་ལ་བལྟས་ན་འོན་ནས་བོན་དང་བོན་ནས་བོད་ལ་ཟུར་ཆག་པའང་སྲིད་སྙམ། རྒྱུ་མཚན་གཞན་ཞིག་ནི། ས་ཆའི་མིང་ཆོས་ལུགས་ལ་ཐོགས་པ་མང་པོ་ཡོད་པས་འོན་ཞེས་པའི་ས་མིང་ཆོས་ལུགས་ལ་ཐོགས་པ་དང་། ཐོགས་ཚུལ་ཡང་བརྡ་རྙིང་ནང་འོན་ཞེས་པའི་སྟོན་པའམ་བྱིན་པའི་དོན་ཡིན་པ་འདི་དང་། བོན་ཞེས་པར་བྱ་ཚིག་གི་གོ་བའི་ཐོག་ནས་བཟློ་བའི་དོན་ལ་འཇུག་པ་གཉིས་གཅིག་ཏུ་སྣང་།)
ཡིན་ནའང་། ཁོ་བོས་བལྟས་པའི་དེབ་ཕལ་ཆེ་བའི་ནང་དེ་ནི་ཞང་ཞུང་གི་ཡུལ་ཡིན་པར་འཁོད་པ་ལས་ལྷོ་ཁའི་འོན་མངའ་རིས་ཀྱི་ཕྱོགས་ལ་ཡིན་པའི་ཟུར་ཙམ་ཡང་མི་སྣང་བས། འདི་ནི་བོན་རིག་པ་བར་ཚོར་དཔྱོད་སྒོ་གསར་པ་ཞིག་ཏུ་གྲུབ་པའང་སྲིད།
སྟོན་པ་གཤེན་རབ་མི་བོ་ཆེས་གསར་གཏོད་གནང་བའི་གཡུང་དྲུང་བོན་གྱི་ཆོས་ལུགས་འདིར་སྟོན་པ་དང་། བསྟན་པ། ལྟ་བ། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཀྱང་ཡོད་པས་འདིར་སྐབས་སུ་མ་བབས།
གང་ཡིན་ཟེར་ན། ཐུའུ་བཀྭན་ཆོས་ཀྱི་ཉི་མས། ཆོས་དང་བོན་ཞེས་འགལ་བའི་ཚད་བྱེད་ཀྱང་།། ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས།། ཆོས་མིག་རྡུལ་བྲལ་མི་ལྡན་བདག་ལྟ་བུས།། ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུག་འགྱུར།། ཞེས་གསུངས་པ་ལྟར།
བོན་དང་སངས་རྒྱས་ཆོས་ལུགས་གཉིས་དབར་ཚ་གྲང་ལྟ་བུའི་འགལ་ཟླ་འཛིན་དགོས་པའི་གནད་མེད་པས་སོ།། ད་ལྟ་ང་ཚོའི་མིག་མདུན་ཡོད་པའི་བོན་གྱི་ཆོས་ལུགས་འདིར་ནི་དམར་མཆོད་ལྟ་ཞོག་ཆོས་ཀྱི་རྣམ་གཞག་དག་ཀྱང་སངས་རྒྱས་ཆོས་ལུགས་དང་གཞི་རྩའི་ཆ་ནས་མི་འདྲ་བ་མེད་པར་ཚོར།
༣ གདོད་མའི་ཆོས་ལུགས་ལ་ལྟ་སྟངས།
ཇི་སྐད་དུ། འཇིགས་པས་སྐྲག་པའི་མི་རྣམས་ནི།། ཕལ་ཆེར་རི་དང་ནགས་ཚལ་དང་།། ཀུན་དགའ་དང་ནི་མཆོད་གནས་ཀྱ།། ལྗོན་ཤིང་རྣམས་ལ་སྐྱབས་འགྲོ་སྟེ།། ཞེས་གསུངས་པ་ལྟར།
བསྐལ་པ་ཡ་ཐོག་གི་མིས་འཚོ་བའི་བརྒྱུད་རིམ་སྣ་ཚོགས་འགྲིམས་ཏེ་རང་བྱུང་ཁམས་དང་སྤྱི་ཚོགས་ཀྱི་སྣང་ཚུལ་ཁྲོད་ནས་མིའི་བསམ་ཡུལ་དང་བྱེད་ནུས་ལས་འདས་པའི་དཀའ་ཚེགས་ལ་ཁ་གཏད་གཅོག་ཕྱིར་རིམ་བཞིན་རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་བཀོད་སྒྲིག་གཞན་ཞིག་ཡོད་པའི་འདུ་ཤེས་ལས་ཆོས་དད་དང་ལྟ་གྲུབ་ཅེས་པ་དེ་བྱུང་ཡོད།
སྣང་ཚུལ་འདི་ཉིད་རང་རེའི་བོད་མཐོ་སྒང་དུའང་གཅིག་མཚུངས་སུ་བྱུང་ནས། གདོད་མའི་བོད་མི་རིགས་རྣམས་ཀྱིས་ཀྱང་རང་བྱུང་གི་གནོད་འཚེ་ཞིག་འཕོག་དུས་དེ་ནི་འབྱུང་བཞིའི་ལྷ་ཚོགས་ཁྲོས་པའི་བཀའ་ཆད་ལྟ་བུར་བརྩིས་ནས་ལྷ་གསོལ་ཀླུ་གསོལ་དང་། བསང་གཏོང་བ། ཤ་ཁྲག་མཆོད་པ་སོགས་བྱས་ཡོད་པ་གོར་མ་ཆག
སྐྱེ་ཁམས་ཁོར་ཡུག་རིག་པའི་ཐོག་ནས་བལྟས་ན་སྲོལ་རྒྱུན་གྱི་དད་མོས་དང་སྲོལ་ལུགས་འདིས་རང་བྱུང་ཁམས་ཀྱི་ནུས་པ་སྲུང་སྐྱོབ་ཚད་མེད་བྱས་ཡོད་པར་བརྩི། འོན་ཀྱང་། དེ་ནི་གདོད་མའི་མི་རྣམས་ཀྱིས་དཔལ་འབྱོར་རིག་པ་སྦྱངས་ནས་རང་བྱུང་ཁམས་ཀྱི་ནུས་པའི་འབྱུང་ཁུངས་ལ་ཚད་ཡོད་ཅིང་། འདོད་རྔམ་ཁོ་ནར་བརྟེན་ནས་རང་བྱུང་ཁམས་ལ་འཐབ་རྩོད་བྱེད་མི་རུང་བའི་ཤེས་བྱར་གོ་རྟོགས་ཡོད་པའི་དབང་གིས་མིན་པ་གསལ་པོ་རེད། གང་ལྟར་མིའི་སྤྱི་ཚོགས་ཀྱི་ལོ་རྒྱུས་ཀྱི་ཕྲེང་བར་བལྟས་ནས་སྤྱི་ཚོགས་ཤིག་ལ་དཔལ་འབྱོར་ཡར་རྒྱས་ཅི་ཙམ་ཕྱིན་པ་དེའི་ཚོད་ཀྱིས་རང་བྱུང་ཁམས་གཅེས་སྲུང་བྱེད་པའི་བསམ་བློའི་ངར་ཤུགས་ཆུང་དུ་འགྲོ་བཞིན་ཡོད།
དེར་བརྟེན། གདོད་མའི་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་ལྟ་བ་དང་དེའི་རིན་ཐང་གླེང་བའི་ཚེ་ད་ལྟའི་སྤྱི་ཚོགས་ཀྱི་མིག་ཤེལ་གསལ་པོ་དེ་གྱོན་མི་རུང་། དེ་ལྟ་ན་བག་ལེབ་བཅུས་གྲོད་པ་འགྲང་པའི་ཚེ་བཅུ་པ་དེ་ལས་གཞན་དགུ་ནུས་མེད་དུ་བརྩི་བ་གཉིས་སུ་མེད། ལྷག་པར་བོད་མི་རིགས་ཀྱི་སྤྱི་ཚོགས་ཀྱི་དཔལ་ཡོན་ལ་ལྟ་བའི་ཚེ་བོན་གྱི་རིག་གནས་དང་ཤུལ་བཞག་ལ་ལྟ་རྒྱུ་ཧ་ཅང་གལ་ཆེ།
འདིའི་ཐད་མཁས་པའི་དབང་པོ་དུང་དཀར་རིན་པོ་ཆེས་ “བོད་ཀྱི་བོན་ཆོས་ཟེར་བ་ནི། བོད་མི་རིགས་ཀྱི་གནའ་རབས་ཀྱི་རིག་གནས་དང་འབྲེལ་བ་དམ་པོ་ཡོད། ཅེས་དང་། སངས་རྒྱས་ཆོས་ལུགས་མ་བྱུང་གོང་དུ་བོད་ལ་རིག་གནས་མེད་ན་བོད་མི་རིགས་དེ་མི་རིགས་གཞན་གྱི་རིག་གནས་ལ་སྐྱབས་བཅོལ་ནས་བསྡད་པའི་མི་རིགས་ཤིག་ཡིན་པ་ལས་སོ་སོ་རང་ཉིད་ལ་སྟོན་རྒྱུ་གང་ཡང་མེད་པའི་མི་རིགས་ཤིག་ཏུ་འགྱུར་རྒྱུ་ཡིན་པས། ང་རང་གི་བལྟས་ནས་ལྟ་ཚུལ་དེ་རིགས་ཅུང་མི་འགྲིག་པར་སྙམ་ལ་སྤྱི་ཚོགས་འཕེལ་རིམ་གྱི་ལོ་རྒྱུས་དང་ཡང་མི་མཐུན་པ་ཞིག་ཡིན། ”ཞེས་གསུངས་པ་ལས་ཤེས་ནུས་སོ།།
་་་་་་་་་་་་་་་ བཙད་པོ་བཙན་པོར་གྱུར་ཚུལ་ལ་བལྟས་ན་འོན་ནས་བོན་དང་བོན་ནས་བོད་ལ་ཟུར་ཆག་པའང་སྲིད་སྙམ། ་་་་་་་་་་་་་ ཟེར།
་་་་་་་་་ གདོད་མའི་བོད་མི་རིགས་རྣམས་ཀྱིས་ཀྱང་རང་བྱུང་གི་གནོད་འཚེ་ཞིག་འཕོག་དུས་དེ་ནི་འབྱུང་བཞིའི་ལྷ་ཚོགས་ཁྲོས་པའི་བཀའ་ཆད་ལྟ་བུར་བརྩིས་ནས་ལྷ་གསོལ་ཀླུ་གསོལ་དང་། བསང་གཏོང་བ། ཤ་ཁྲག་མཆོད་པ་སོགས་བྱས་ཡོད་པ་གོར་མ་ཆག ་་་་་་་་་
་
ཁྲི་སྲོང་སྔོན་ལ་བོན་ཆོས་ནང་ལ་མང་པོ་བཤད་རྒྱུ་ཡོད་པ་སྨྲ་མི་དགོས་ཀྱང་། དེའི་སྔོན་ལ་བཙུན་པ་དང་བཙུན་མའམ། གྲགཔ་ཨ་ནི་མེད་པ་ནི། ཁ་གསལ་པོ་རེད་འདུག་སྙམ་ལགས།
དིང་སང་བོན་ལ་ཆོས་འདྲེས་པ་མང་ངམ། ཆོས་ལ་བོན་འདྲེས་པ་མང་བ་ཡོད་སུས་ཁ་ཚོན་ཆོད་ཐུབ་བམ།
བོན་པོ་ཆོས་ཀྱི་རྙིང་མ་རེད།
འུར་རྡོ་མཚོན་གྱི་ཐོག་མ་རེད།
ཟེར་ཡང་ཟེར་ལ་བདེན་ཡང་བདེན།
བདེན་གཏམ་ངོ་མ་བཤད་ཡེད།
བོན་གྱི་ལོ་རྒྱུས་ལས།
གཉའ་ཁྲི་བཙན་པོའི་དུས་སུ་བོན་དར། གྲི་གུབ་བཙན་པོས་བོན་བསྣུབ། སྤུ་དེ་གུང་རྒྱལ་གྱི་དུས་སུ་བོདན་དར། ཁྲི་སྲོང་སྡེ་བཙན་གྱི་དུས་སུ་བོན་བསྣུབ་ཟེར།
བོན་་བསྟན་པ་སྔ་དར་དང་། བར་དར་དང་། ཕྱི་དར་གསུམ་བཤད། གཤེན་ེབ་མི་བོ་ཆེ་དང་། བོང་པོའི་རྣ་བ་ཅན་གྱི་སྟོན་པ་སྔ་ཕྱ་གཉིས་སུ་གསུངས།
གཉའ་ཁྲིའི་དུས་སུ་གཤེན་བོན་སྤྱི་ཙམ་དར། རྒྱལ་རབས་དྲུག་པའི་སྐབས་སུ་རྡོལ་བོན་བྱུང་བ་དང་། སྤུུ་དེ་གུང་རྒྱལ་དུས་སུ་འཁྱར་བོན་དར། ཁྲི་སྲོང་སྡེ་བཙན་གྱི་དུས་སུ་སྒྱུར་བོན་དར་བ་ཡོངས་གྲགས་སུ་གསལ་ལོ་སྙམ་ཡང་། ད་དུང་དཔྱད་པར་བྱའོ།།
རྩོམ་པ་པོས་འགོ་བརྗོད་དུ་གཡུང་དྲུང་བོན་གྱི་ཆོས་འབྱུང་ཞེས་བཏགས་འདུག འོན་ཀྱང་བོན་གྱི་ཆོས་འབྱུང་ཞིག་རེད་མི་འདུག བོན་ཆོས་བྱུང་ཁུངས་ལ་དཔྱད་པ་བསྡུས་པ་ཙམ་རེད་འདུག །
ཞང་ཞུང་བོན་ལ་མ་གཏུགས་པའི་བོད་ལ་རིག་གཞུང་ཨ་ཡོད།
རྒྱུགས་ཆུ་གངས་ལ་མ་གཏུགས་པའི་བོད་ལ་གཙང་ཆུ་ཨ་ཡོད།
དགེ་ཕྲུག་དགེ་རྒན་ལ་མ་བསྟན་པའི་མཁས་པ་ཨ་ཡོད།
ཕ་མ་གཉིས་ལ་མ་རྒྱུད་པའི་ཕྲུ་གུ་ཨ་ཡོད།
འབྱུང་བ་བཞི་ལ་མ་བསྟེན་པའི་སྲོག་ཆགས་ཨ་ཡོད།
མྱི་ཤ་ཟ་བའི་དུས།
དམར་ཟས་མཆོད་པའི་དུས།
བརྡ་ཡིག་མེད་པའི་དུས།
གླེང་རིན་ཡོད་མ་ཡིན།
གདོད་དམར་ཡིན་པའི་དུས།
གཉའ་བར་མྱི་རྗེ་འདེགས།
གཏུམ་པོ་ཡིན་པའི་དུས།
སྡོད་གནས་བྲག་ལ་འདེབས།
བོན་ཆོས་ཡོད་མ་ཡིན།
འདུར་ལས་ཁོ་ན་ཙམ།
རང་བྱུང་རང་མོས་བཞིན།
སྐྱབས་དང་སྐྱོབ་ལ་བཀུར།
རྒྱ་རྒྱུད་གཉའ་ཁྲི་བས།
བོན་རྟུལ་་དམ་ལ་བཏོག།
གཙང་ཆུ་གཡས་གཡོན་བཅོམ།
གཞི་ནས་བླ་མཁར་བཙུགས།
བོད་ཞེས་མིང་ཞིག་ཐོབ།
ཞིང་འབྲོག་གྲོང་སྡེ་གྲུབ།
མི་རིང་ཆོས་རྒྱལ་བྱོན།
རྨོངས་སངས་དམ་ཆོས་སྤེལ།
དུས་རབས་བདུན་བརྒྱད་ནས།
སྨོན་ལམ་ལོག་པས་ཐེབས།
ལོག་འགྱུར་ཡུལ་ལ་དར།
བན་བོན་ཕྱོགས་སུ་ཕྱེ།
དུས་རབས་བཅུ་གཅིག་ནས།
བོན་གཡུང་འདྲས་མའི་ཆོས།
ཏ་ཟིག་གཤེན་སྟོན་པས།
སྟོད་ནས་གང་ཙམ་བསྟན།
ལོ་རྒྱུས་མི་རིང་པས།
བོན་སྟོན་སྒྱུ་མར་ཤར།
རྫུན་ལ་སྐྱབས་བཅོལ་ནས།
ཆོས་མགོ་གདོན་མར་གཏད།
ད་ནས་མདུན་དུ་འགྲོ།
དགོས་ནོར་དེ་ན་འདུག།
བོན་རིན་མ་གླེང་ཞིག།
སུ་ལ་ངོམ་རིན་མེད།