གནས་ཚུལ་མཁོ་སྤྲོད་གནང་མཁནཿ གཡུང་དྲུང་བོན་གྱི་དྲ་ཚིགས་རྒྱུན་ལས་ཁང་།
དེ་ཡང་ཐོག་མར་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་དགོངས་བཞེད་ལྟར་ཕྱི་ལོ་༢༠༠༠ལོ་ནས་ཕྱོགས་མཐའི་སློབ་གྲྭ་ཁག་གི་དབྱར་ཁའི་གུང་གསེང་དང་སྟབས་བསྟུན། ལོ་རེ་བཞིན་གཡུང་དྲུང་བོན་གྱི་ཆོས་དང་རིག་གཞུང་གི་སྐོར་ལ་བགྲོ་གླེང་ཐེངས་རེ་འཚོགས་དབུ་བཙུགས་གནང་ཡོད་པ་བཞིན། འདི་ལོའི་“གཡུང་དྲུང་བོན་གྱི་སྐོར་”བགྲོ་གླེང་ཐེངས་༡༢པ་ཕྱི་ལོ་༢༠༡༢་ཟླ་༦ཚེས་༣ཉིན་ཧི་མ་ཅལ་མངའ་ཁོངས་བོན་གཞིས་ཐོབ་རྒྱལ་གསར་བའི་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་༧དཔལ་གཤེན་བསྟན་སྨན་རིའི་གླིང་གི་དཔེ་མཛོད་ཁང་དུ་སྔོན་འགྲོའི་མཛད་སྒོ་དབུ་འཛུགས་གནང་ཡོད་པ་རེད།
ཐེངས་འདིའི་སྔོན་འགྲོའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་༧གཡུང་དྲུང་བོན་གྱི་བླ་ཆེན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་བཀའ་དྲིན་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། དམིགས་བསལ་སྐུ་མགྲོན་༧སྨན་རིའི་སློབ་དཔོན་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་མཆོག་དང་། བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་སྐུ་ངོ་བྱ་དུར་བསོད་ནམས་བཟང་པོ་མཆོག གཞན་ཡང་གདན་ས་སྨན་རིའི་བཤད་སྒྲུབ་མཁན་སློབ་རྣམ་གཉིས། ༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ། བོན་གཞིས་ཐོབ་རྒྱལ་གསར་བའི་གཞིས་དྲུང་། བཤད་སྒྲུབ་སློབ་གླིང་གི་དཔེ་ཁྲིད་དགེ་རྒན་རྣམ་པ་བཅས་ཆེད་དུ་མཛད་སྒོ་ལ་གདན་འདྲེན་ཞུས་ཡོད་པ་མ་ཟད། ཕྱོགས་མཐའ་ཁག་ནས་ཕེབས་པའི་སློབ་ཕྲུག་རྣམས་ཀྱང་ཚང་འཛོམས་ཐོག
དང་པོར་སྐབས་བཅུ་གཉིས་པའི་གཡུང་དྲུང་བོན་གྱི་བགྲོ་གླེང་གོ་སྒྲིག་ཚོགས་གཙོ་ཁྲི་གཡུང་དྲུང་མཆོག་ནས་བགྲོ་གླེང་གི་ངོ་སྤྲོད་གཏམ་བཤད་གནང་བ་དང་། དེ་རྗེས་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ། གཞིས་དྲུང་སོགས་ཀྱིས་ཐེངས་འདིའི་བགྲོ་གླེང་དང་འབྲེལ་བའི་གཏམ་བཤད་ཟབ་རྒྱས་གནང་། དེ་རྗེས༧གསང་གསུམ་བོན་གྱི་མཛོད་འཛིན་༧སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཁྲི་ཐོག་སོ་གསུམ་པ་མཆོག་ནས་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་གནང་ཕྱོགས་ཐད་འདས་མ་ད་གསུམ་དང་འབྲེལ་བའི་བཀའ་སློབ་གནད་དུ་འཁེལ་བ་བཀའ་དྲིན་བསྩལ།
ཉིན་དེའི་ཕྱི་དྲོ་ཆུ་ཚོད་བཞི་པ་ནས་དངོས་གཞིའི་མཛད་རིམ་ཁག་དབུ་འཛུགས་ཀྱིས་ཉིན་རིམ་བཞིན་༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་མཆོག་ནས་“གནའ་རབས་བོན་དང་ཧི་མ་ཡའི་འབྲེལ་བའི་སྐོར།”དང་། བཤད་སྒྲུབ་སློབ་དཔོན་མཆོག་ནས་“བོན་ཕྲུག་ཁག་གི་ད་ལྟའི་འགན་འཁྲི་དང་མ་འོངས་ལངས་ཕྱོགས།” སློབ་དགེ་པད་མ་དགྲ་འདུལ་ལགས་ནས་“དུས་རབས་བདུན་པའི་སྔོན་གྱི་བོད་ཡིག་གི་བྱུང་ཁུངས་སྐོར།” ཨཅྰརྱ་བཟང་མོ་ལགས་ནས་“གནའ་རབས་བོན་དང་འབྲེལ་བའི་བརྡ་སྤྲོད་རིག་པ།” བྱ་དུར་སྐུ་ངོ་བཟང་པོ་ལགས་ནས་“བོན་གཞིས་ཐོབ་རྒྱལ་གསར་པའི་བྱུང་རབས་དང་ད་ལྟའི་གནས་བབ།” བོན་སྤྱི་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ནས་“བོད་ཀྱི་ཐུན་མིན་སྲོལ་རྒྱུན་རིག་གནས་སྐོར་གྱི་རྒྱུན་ཤེས།” བཅས་གཡུང་དྲུང་བོན་དང་འབྲེལ་བའི་གོང་གི་བརྗོད་གཞི་ཁག་གི་སྐོར་ལ་ཉིན་དྲུག་གི་རིང་བགྲོ་གླེང་ལྷུག་པོ་གནང་ཡོད་པ་རེད།
དེ་ཡང་བགྲོ་གླེང་གི་སྐབས་སུ་གསུང་བཤད་མཁན་པོ་དག་གིས་སྐར་མ་ཞེ་ལྔའི་རིང་རང་རང་གི་བརྗོད་བྱའི་སྐོར་གསུང་བཤད་གནང་བ་དང་། དེ་རྗེས་སྐར་མ་སུམ་ཅུའི་རིང་བགྲོ་གླེང་ཚོགས་ཞུགས་པ་དག་གིས་དྲི་བ་དྲིས་ལན་གནང་ཡོད་པ་རེད། ཉིན་རེའི་བགྲོ་གླེང་གསུང་བཤད་དང་དྲི་བ་དྲིས་ལན་ཚར་རྗེས། ཡང་བསྐྱར་སྐར་མ་སུམ་ཅུའི་རིང་༼ རིག་རྩལ་འགྲན་པའི་གར་སྟེགས་ ༽ ལེ་ཚན་ཞིག་དམིགས་བསལ་གྱིས་གོ་སྒྲིག་གནང་ཡོད་པ་དང་། ལེ་ཚན་འདི་ཉིད་ཀྱི་ནང་དུ་བགྲོ་གླེང་གོ་སྒྲིག་ཚོགས་པས་གཡུང་དྲུང་བོན་གྱི་རྒྱུན་ཤེས་སྐོར་ནས་བགྲོ་གླེང་ཚོགས་ཞུགས་པ་ཡོངས་ལ་དྲི་བ་དྲིས་ལན་གྱིས་ནམ་རྒྱུན་གྱི་འཚོ་བའི་ཁྲོད་གནས་པའི་བོན་གྱི་སྐོར་ཚོགས་ཞུགས་པ་ཡོངས་ལ་གོ་རྟོགས་སྤེལ་གྱིན་ཡོད་པ་རེད།
གཞན་ཡང་བགྲོ་གླེང་དང་སྐབས་བསྟུན་གྱིས་ཞང་ཞུང་སྨར་ཡིག་ལ་སོགས་པའི་ཡིག་གཟུགས་དང་རྩོམ་ཡིག་འགྲན་བསྡུར་ཀྱང་གོ་སྒྲིག་གནང་ཡོད། སྐབས་འདིའི་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་ཐེངས་༡༢་པར་ཝཱ་ཎཱ་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དང་། ལྡི་ལི་མཐོ་སློབ། ཅན་ལྡི་སྒར་མཐོ་སློབ། མ་སི་རི་བོད་ཁྱིམ། ས་གནས་ཉིན་སློབ་གྱི་འཛིན་རིམ་བཅུ་པ་ནས་བཅུ་གཉིས་བར་གྱི་སློབ་ཕྲུག་བཅས་ཁྱོན་བསྡོམས་མི་གྲངས་༢༡༨མཉམ་ཞུགས་ཀྱིས་གཡུང་དྲུང་བོན་གྱི་སྐོར་ལ་བགྲོ་གླེང་དང་བསམ་ཚུལ་བརྗེ་རེས་ཟབ་རྒྱས་མཛད་ཡོད་པ་རེད།
ཕྱི་ཚེས་༩ཉིན་གྱི་སྔ་དྲོའི་མཇུག་བསྡོམས་མཛད་སྒོ་གནང་ཡོད་པ་དང་། མཇུག་བསྡོམས་མཛད་སྒོའི་ཐོག་མར་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་ནས་ཐེངས་འདིའི་གསུང་བཤད་སློབ་དཔོན་རྣམ་པར་དར་ཁ་བསྒྲོན་འབུལ་དང་ཡིག་གཟུགས་སྒྱུ་རྩལ་པ་དང་རྩོམ་པ་ལེགས་གྲས་རྣམས་ལ་བྱ་དགའ་གསོལ་བསྩལ་གནང་། དེ་རྗེས་བགྲོ་གླེང་ཚོགས་ཞུགས་པ་ཁག་གཅིག་ནས་ཐེངས་འདིའི་བགྲོ་གླེང་སྐབས་ཀྱི་དགེ་ཕན་མྱོང་ཚོར་ཅི་བྱུང་དང་མ་འོངས་ཡར་རྒྱས་གཏོང་ཕྱོགས་སྐོར་ལ་རང་མོས་ཀྱིས་གཏམ་བཤད་སྣ་ཚོགས་སྤེལ། དེ་རྗེས་༧དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་དྲུང་ཆེ་དང་། བཤད་སྒྲུབ་མཁན་པོ་དགེ་བཤེས་ཉི་མ་དོན་འགྲུབ་ལགས་དང་། ༧སྐྱབས་རྗེ་སྨན་རིའི་དཔོན་སློབ་རིན་པོ་ཆེ་བཅས་ཀྱིས་རིམ་བཞིན་དུ་བགྲོ་གླེང་གོ་སྒྲིག་གི་སྐོར་དང་། དགེ་ཕན་སྐོར། བགྲོ་གླེང་བྱུང་འཕེལ་གྱི་སྐོར་བཅས་ལ་གཏམ་བཤད་ཟབ་རྒྱས་གནང་ཡོད་པ་རེད།
དེ་མུར་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བ་མཆོག་ནས་མ་འོངས་ལམ་སྟོན་སོགས་ཀྱི་བཀའ་སློབ་གནད་དུ་སྨིན་པ་བསྩལ་གནང་ཡོད་པ་དང་། མཇུག་མཐར་སྐབས་༡༢པའི་བགྲོ་གླེང་ཚོགས་གཙོ་མཆོག་ནས་མཇུག་བསྡོམས་གཏམ་བཤད་སྤེལ་བ་དང་ཆབས་གཅིག་བགྲོ་གླེང་ཚོགས་ཞུགས་སྟོན་འཁོར་ལྷན་རྒྱས་ནས་གཡུང་དྲུང་བསྟན་པ་རྒྱས་པའི་སྨོན་ལམ་གསུང་སྟེ་བགྲོ་གླེང་སྐབས་༡༢པ་གཟབ་རྒྱས་ངང་མཇུག་བསྡུས་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ་གཡུང་དྲུང་བོན་གྱི་དྲ་ཚིགས་རྒྱུན་ལས་ཁང་ནས།།
བོད་ཀྱི་མེས་པོའི་ཆོས་ལུགས་གཡུང་དྲུང་བོན་གྱི་ལོ་རྒྱུས་དང་རིག་གཞུང་སྐད་ཡིག་བཅས་ལ་ཤ་ཁྲག་དར་ལ་བབས་པའི་གཞོན་སྐྱེས་ཚོགས་རྣམས་ཀྱིས་དོན་སྙིང་དང་ལྡན་པའི་བགྲོ་གླེང་དེར་བཞུགས་པར་འཚམས་འདྲི་ཡོད།
གཞན་ཡང་བགྲོ་གླེང་གི་གོ་སྒྲིགས་བྱེད་པོ་རྣམས་ལའང་བཀྲ་ཤིས་བདེ་ལེགས་ཡོད།
གཞོན་སྐྱེས་ཁྱེད་རྣམས་ལ་འགན་དུ་འཁྲི་བའི་ལས་སུ་སོང་བས་དུས་ནས་དུས་སུ་བགྲོ་གླེང་འདི་ལྟ་བུར་བཞུགས་རྒྱུ་ཐུགས་འཇག་དང། མ་ཟད་རང་མི་རིགས་ཀྱི་སྐད་ཡིག་འདི་དག་དེང་རབས་གསར་ཐོན་ཚན་རིག་གི་རྣམ་པ་ཤིན་ཏུ་རྒྱས་པའི་སྐབས་འདིར་ནམ་ཡང་ལྷོད་གཡེངས་མེད་པར་འཚོ་སྐྱོངས་བྱེད་རྒྱུ་ནི་དུས་ལ་བབས་པའི་ལས་འགན་ཞིག་ཏུ་མཐོང་བས་དེ་དོན་ཁྱེད་རྣམས་ཀྱིས་དེ་ལྟར་ཐུགས་ལ་ངེས་པར་དུ་འཇོག་རོགས་ཞུ། འོན་ཀྱང་ངོས་རང་དེ་ལྟའི་བགྲོ་གླེང་བཞུགས་རྒྱུར་དུས་དང་གནས་ཀྱིས་བསྐལ་བས་འགྱོད་པ་ཡོད།
མུ་ཙུག་སྨར་རོ།
ཡག་པོ་རེད། ཡག་པོ་འབྱུང་བར་ཤོག
གཡུང་དྲུང་བོན་གྱི་བླ་ཆེན་སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་མཆོག་སྐུ་ཚེ་བརྟན་པ་དང་དེར་ཞུགས་པ་ཡོངས་ཀྱི་བྱ་བ་ལམ་ལྷོང་ཡོང་བ་དང་རང་རེའི་ཁ་བ་གངས་ཅན་པའི་གཡུང་དྲུང་བོན་བསྟན་མི་ཉམས་རྒྱུན་འཛིན་ཡོང་བར་ཤོག།
རིས་སུ་མ་མཆིས་པའི་དགེ་སློབ་ལྷན་འཛོམས་ཀྱིས་བགྲེོ་གླེང་ལྷུག་པོ་བྱུང་ཡོད་ཚོད་འདུག་པས་འབྱུང་འགྱུར་བསྟན་པ་སྤྱི་ལ་ཕན་པའི་རྒྱ་བསྐྱེད་ཆེ་བའི་བགྲོ་གླེང་འདི་བཞིན་འཚུགས་ཐུབ་ན་དགེ་ཚན་ཆེ།
གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་གཉིས་པ་རྒྱལ་ཁའི་ངང་གྲོལ་བར་བཀྲ་ཤིས་བདེ་ལེགས། ལས་ཀྱི་སྣེ་མོ་བ་ཡོངས་ལ་བཀའ་དྲིན་ཆེ་ཞུ། འདི་ལྟ་བུར་གཞོན་སྐྱེས་རྣམས་ཚོགས་ནས་བགྲོ་གླེལ་མང་ཙམ་གནང་ཐུབ་ན་ཧ་ལས་པའི་ཡག་པོ་འདུག། ད་དུང་བགྲོ་གླེང་གོ་སྒྲིག་གི་སྐོར་ནས་བྱུང་བའི་ཉམས་མྱོང་རྣམས་ཕྱོགས་བསྡུས་ཀྱིས་གསར་གཏོད་དང་ཡར་རྒྱས་གཏོང་ཕྱོགས་ལ་དགོངས་པ་ལེགས་པར་བཞེས་དགོས། མ་འོངས་པར་བྱུང་ན་རང་སའི་བོན་ལུགས་ཀྱི་ལྟ་སྤྱོད་ལས་བྱུང་བའི་རང་འབྱུང་ཁམས་སྲུང་སྐྱོབ་ཀྱི་ཐུན་མོངས་མ་ཡིན་པའི་གདོད་མའི་གོམས་གཤིས་དང་ཡིད་ཆེས་བཅས་ཀྱི་སྐོར་ལ་བགྲོ་གླེང་དེ་འདྲ་གནང་ཐུབ་ན་ཧ་ལས་པའི་ཡག་པོ་ཡོང་ས་རེད།
ཐ་ཚན་མུ་ཙུག་སྨར་རོ། ཐམས་ཅད་ནམ་མཁའ་བཞིན་བཟང་ངོ་། ཡང་ན། ཐམས་ཅད་སྟོང་ཉིད་ལྟར་བཟང་ངོ་།།
གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་སྐབས་བཅུ་གཉིས་པའི་གནས་ཚུལ་རྣམས། སྤྱི་མཚུངས་ལྟར་ཁ་བརྡ་དྲྭ་རྒྱར་འདོན་སྤེལ་གནང་སོང་བ་ལ། དཔལ་ལྡན་ཁ་བརྡ་ཚང་ལ་ད་ལན་དམིགས་བསལ་བཀའ་དྲིན་ཆེ་ཞུ། གཞན་ཨ་རླུང་དང་ཨེ་རླུང་དག་ཁོ་ཚོ་ཧ་ཅང་བྲེལ་བ་ཆེ་རང་དྲགས་ནས་བོན་པོའི་སྐོར་ཀྱི་གནས་ཚུལ་རྣམས་འདོན་སྤེལ་བྱེད་འཁོམ་མེད་པ་རེད། ཉིན་ཤས་སྔོན་ཨེ་རླུང་གིས་གླིང་ཚའི་སྐོར་ཀྱི་གནས་ཚུལ་ཞིག་བལ་ཡུལ་ནས་རྒྱང་བསྒྲགས་བྱས་པ་དེའི་ནས་གླིང་ཚའི་ཨ་མ་ལ་་གླིང་ཚའི་བཟའ་ཟླ་ཟེར་ལབ་སོང་། ཁོ་ཚོས་ནོར་བ་བྱུང་ཚད་ལ་དགོངས་སེལ་རྩ་བ་ནས་ཞུ་སྲོལ་མི་འདུག། །
གཡུང་དྲུང་བོན་ལ་ཡི་རངས་ཞུ། བོད་རང་གི་མ་ཆོས་ཡིན་པས་སོ།
བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྐོར་ལ་བགྲོ་གླེང་གནང་བར་བཀྲ་ཤིས་བདེ་ལེགས་ཞུ།
དགའ་འོ་དགའོ།། ལོ་རྒྱུས་དང་རིག་གཞུང་གང་གི་ཆ་ནས་ངོམ་ཆོག་ཆོག་ཏུ་ཡོད་པའི་ང་ཚོ་བོན་པོ་རྣམས་ཀྱི་མུ་ནས་མི་རུ་བྱ་བཞག་འདི་ངང་བསྲིངས་བྱེད་པའི་རེ་བ་དང་དོ་སྣང་ཡོད་པར་ཞུ།།