བཞག་ལྡོམ་ལྗང་ལོ།
ཨ་རི་བ་ནི་རྒྱལ་སྤྱིའི་སྟེང་མེ་མདའི་བཟོ་གྲྭ་ཆེས་མང་ཤོས་དེ་ཡིན་ལ་། ཨ་རིའི་མངའ་སྡེ་ཡོངས་ན་མེ་མདའི་བཟོ་གྲྭ་༢༣༨ ཙམ་དང་། མེ་མདའ་ཚོང་ཁང་༥༢,༧༩༩ ལྷག་ཡོད་པ་རེད། ༢༠༢༡ ལོ་ཁོ་ནར་བཟོ་གྲྭ་དེ་ཚོས་མེ་མདའ་ས་ཡ་༡༣.༨ ལྷག་བཟོས་ཡོད་ཅིང་། ཨ་རིའི་ནང་ཁུལ་དུ་མེ་མདའ་བཟོ་ཚོང་ཁང་མང་པར་བརྟེན་ནས་ཨ་རི་བ་མེ་མདའ་ལ་ཧ་ཅང་དགའ་ཞིང་། ཁོང་ཚོར་རྒྱུས་མངའ་ཡོད་པའི་མི་ཞིག་གིས་ལྟས་ན། ཨ་རི་བ་གང་མང་ཞིག་མེ་མདའ་ལ་རང་གི་བུ་ཕྲུག་ལས་ཀྱང་དགའ་བོ་བྱེད་ཀྱི་ཡོད་པ་ལྟ་བུའི་སྣང་བ་སྟེར་སྲིད་ལ། སྐྱེ་བོ་དེ་རྣམས་ལ་རང་ཁྱིམ་ན་མེ་མདའ་གཅིག་ཡོད་པའི་མ་ཚིམ་པར་། མེ་མདའ་(The AR-15)རིང་ཐུང་ཁ་ཤས་ཉར་གྱི་ཡོད། ནོར་འཁྲུལ་ཅན་ཀྱི་དགའ་ཕྱོགས་དེ་དང་། མེ་མདའ་གང་སར་མང་དྲགས་པས། ཉིན་དང་མཚན་དུ་ཉེས་མེད་ཨ་རི་བ་གྲངས་ལས་མདས་བ་ཞིག་གི་གཅེས་པའི་ཚེ་སྲོག་སློབ་གྲྭ་དང་། ལས་ཁུངས་། ཟ་ཁང་སོགས་ནས་ཤོར་དེ། ཤུལ་དུ་ལྷག་པའི་ནང་མི་དང་། གཉེན་ཉེ་ཚོ་སྡུག་བསྔལ་གྱི་རྒྱ་མཚོའི་ནང་དུ་ལྷུང་གི་ཡོད་པ་རེད། ཡིད་སྐྱོ་ཞིང་སྐྱུག་བྲོ་བའི་དོན་རྐྱེན་དེ་སྐོར་ལ་ཕེའོ་ (pew Research) ཞིབ་འཇུག་ཁང་གིས་སྙན་ཐོ་༢༠༢༢ ལོ་འགོར་འཁོད་པ་ལྟར་ན། ༢༠༢༠ ལོ་ཁོ་ནར་ཨ་རི་བ་”༤༥,༢༢༢” ཚེ་སྲོག་མེ་འདས་ཁ་ནས་ཤོར་ཡོད་པ་དང་། གྲངས་ཁ་དེ་རྣམས་ལོ་གཅིག་གི་ཉི་མ་རེ་རེར་བགོས་བ་ཡིན་ན། ཉིན་རེ་ལ་ཨ་རི་བ་༡༢༤ མ་ཟིན་ཙམ་ཀྱི་སྲོག་ཤོར་ཀྱི་འདུག་ལ། ད་ལོ་ལྟ་བུ་ཡིན་ན་མེ་མདའི་དོན་རྐྱེན་དེ་བས་ཀྱང་རི་ལ་མེ་ཤོར་བ་ལྟར་ཇེ་ཆེར་འགྲོ་བ་ལས་ཉུང་དུ་འགྲོ་ཡི་མེད།
རེད་དེ། མེ་མདས་ཚེ་སྲོག་ཅི་ལྟར་ཕྲོག་ཀྱང་ཨ་རི་བ་དེ་ལ་དགའ་ཞིང་། དུང་བ་མི་འགྱུར་བ་གང་ཡིན་ནམ་ཅེས་དྲི་བ་ཞིག་བྱས་པའི་དབང་དུ་བཏང་ན། དེ་ལ་ངེས་པར་དུ་འཚོལ་དགོས་བའི་ལན་གཉིས་ཡོད་ཅིང་། དང་པོ། ཨ་རིའི་ཁྲིམས་ལུགས་དང་། གཉིས་པ། དེ་རིང་ཨ་རིའི་སྤྱི་ཚོགས་དང་འབྲེལ་བའི་ཆབ་སྲིད་སྐོར་ཡིན། གལ་སྲིད་སུ་ཞིག་གིས་དེ་དག་གི་སྐོར་ལ་དངོས་སུ་དོ་སྣང་མང་ཙམ་མ་བྱེད་པ་ཡིན་ན། སྐབས་འཚོལ་བའི་རིག་འོག་ལ་ཤོར་སྲིད་པ་དང་། སུ་ཞིག་སྐབས་འཚོལ་བའི་རིག་འོག་ཏུ་ཤོར་པའི་ཉིན་དེ་ནས་བཟུང་། སྐུ་ཉིད་ནི་མང་གཙོའི་སྤྱི་ཚོགས་ཤིག་ནས་འཚོ་བ་ཙམ་ལས། རང་ལ་བདག་པའི་མང་གཙོའི་ཐོབ་ཐང་དང་། དེ་ལ་རྟེན་པའི་ལས་འགན་རྣམས་ཁུར་གྱི་དཀའ་མོ་རེད།
གང་ལྟར། དང་པོ་ཁྲིམས་ལུགས་ཀྱི་སྐོར་ནས་བཤད་ན། སྤྱི་ལོ་༡༧༨༩ ལོར་ཨ་རིའི་གྲོས་ཚོགས་ཀྱིས་༼ Bill of Rights༽ ཟེར་བའི་དོན་ཚན་བཅུ་ཅན་གྱི་བཅའ་ཁྲིམས་ཤིག ཨ་རིའི་རྩ་ཁྲིམས་སྟེང་དུ་ཁ་སྣོན་བྱས་ཡོད་པ་དང་། དེའི་ནང་གི་དོན་ཚན་གཉིས་པ་ནི་སྤྱི་ཚོགས་ནང་དུ་མགོ་འཐོམ་ཞིང་། འགལ་རྡ་ཆེ་བའི་གང་ཟག་སྒེར་སྲུང་ཆེད་མེ་འདའ་རང་ཁྱིམ་ནས་ཉལ་ཆོག་མིན་གྱི་ཐོབ་ཐང་སྐོར་རེད། དེའི་སྐོར་ལ་ཨ་རིའི་ཁྲིམས་ལུགས་ཆེད་མཁས་མང་ཆེ་བ་ཞིག་གིས་དངོས་འཛིན་ཚུལ་ལྟར་ན། དེ་བཟོས་བའི་སྐབས་ཨ་རིའི་དབུས་གཞུང་ལ་དམག་མི་དེ་རིང་ནང་བཞིན་(Professional soldier)མེད་རྐྱེན། ཡུལ་དམག་ལམ(Militia)དམངས་ཚོགས་ཀྱིས་རྒྱལ་སྲུང་ཆེད་མེ་མདའ་ཉལ་ཆོག་པའི་ཐོབ་ཐང་གཞུང་གིས་རྡོག་རོལ་གཏོང་མི་ཉན་ཟེར་པ་ལས། གང་ཟག་སྒེར་བ་ཁོ་ན་སྲུང་ཆེད་(selfdefense) མེ་མདའ་མི་རེ་རེའི་ཁྱིམ་ནས་ཉལ་ཆོག་ཟེར་བར་འགྲེལ་བཤད་བྱེདཀྱི་མེད་ཀྱང་། ཁྲིམས་ལུགས་ཆེད་ལས་བ་གཞན་པ་གང་མང་ཞིག་གིས་རང་གི་ལྟོ་གོས་དང་། ལྟ་བ་ཁོ་ནའི་ཆེད་དུ་དེའི་སྐོར་ལ་འགྲེལ་བཤད་སྣ་ཚོགས་ཤིག་སྤྱི་ཚོགས་སུ་བཤད་པ་ལས་ཡང་དག་པའི་བདེན་པ་དངོས་འཚོལ་ཀྱི་མེད་པ་ལྟ་བུ་ཡིན།
གཉིས་པ་ཨ་རིའི་སྤྱི་ཚོགས་ཀྱི་ངོ་ནས་བཤད་ན། ཨ་རི་བ་ནི་དཔལ་འབྱོར་སྒེར་བདག་རིང་ལུགས་པའི་སྤྱི་ཚོགས་ཤིག་ཡིན་པས། བཟོ་ལས་བ་དང་། ཚོང་བ་ཚོའི་རང་གི་ཐོན་སྐྱེད་འབྲས་བུ་ཕྱིར་ཚོང་བྱས་ཏེ་ཁེད་བཟང་གཙོ་བོ་དོན་ཉེར་བྱེད་པ་ལས། གཞན་པའི་བདེ་སྡུག་ལ་ནམ་ཡང་དོན་སྣང་མི་བྱེད་པ་ལྟ་བུ་ཡིན་ལ། ལྷག་པར་ཚོང་ལས་ཟེར་བའི་ཐ་སྙད་དེའི་འོག་ན། ཚོང་གི་རིགས་སྣ་ཚོགས་ཤིག་འདུས་པ་ཡོད་པ་དང་། རེ་འགའི་ཐོན་སྐྱེད་རྒྱུ་ཆ་འཚོལ་བསྡུ་བྱེད་སྐབས་འཁོར་ཡུག་ལ་གནོད་ཅིང་། ཐོན་སྐྱེད་འབྲས་བུ་ཕྱིར་ཚོང་བྱེད་སྐབས་འགྲོ་བ་མི་སོགས་ཀྱི་ཚེ་སྲོག་ལ་གནོད་ཀྱི་ཡོད་པར་བརྟེན། ཚོང་བ་ཚོས་ཆབ་སྲིད་པ་དང་། གསར་འགྱུར་ཁང་སོགས་དངུལ་ལ་བརྟེན་ནས་གྲོགས་སུ་འགུགས་ཀྱི་ཡོད་པ་རེད། རྒྱུ་མཚན་ནི། ཆབ་སྲིད་པས་ཁོ་ཚོའི་ཚོང་རྫས་རྣམས་རྒྱལ་ཁྲིམས་འོག་ནས་སྐུ་ཡང་ངང་ཕྱིར་ཚོང་བྱེད་དུ་འཇུག་ཅིང་། གལ་སྲིད་དེའི་སྐོར་ནས་དོན་རྐྱེན་བྱུང་སྐབས་ཆབ་སྲིད་པ་དང་། གསར་ཁང་སོགས་ཁོ་ཚོའི་རྒྱབ་དུ་ནམ་ཡང་བརྟན་པོར་ལངས་ཀྱི་ཡོད།
དཔེར་ན། ཨ་རི་ནས་མེ་མདའ་ཉོ་སླ་བ་དང་། མེ་མདས་དམངས་ཚོགས་སྲུང་སྐྱོབས་བྱེད་པ་ལས། ཚེ་སྲོག་ཕྲོག་པ་མང་དྲགས་པ་བཅས་སུ་བརྟེན་ནས། ཨ་རིའི་བསམ་བློ་བ་དང་། ཕུགས་རྒྱང་རིང་པོ་ཚོས་མེ་མདའ་སྲང་ལམ་ནས་བྱིས་པར་མངར་ཆ་ཉོ་བ་ལྟ་བུ་མ་ཡིན་པར། མེ་མདའ་ཉོ་ཚོང་མཁན་ཟུང་ལ་ཁྲིམས་འོག་ནས་ཆ་རྐྱེན་ངེས་ཅན་ཞིག་ཚང་དགོས་བའི་བསམ་ཚུལ་འདོད་ཅིང་། བསམ་ཚུལ་དེའི་སྐོར་ལ་ཨ་རི་བ་མེ་མདའ་ཡོད་པ་དང་། མེད་པ་མང་ཆེ་བས་རྒྱབ་སྐྱོར་བྱེད་ཀྱི་ཡོད་མོད་། འོན་ཀྱང་། བསམ་ཚུལ་དེ་ལ་མེ་མདའ་བཟོ་ཚོང་ཁང་དང་། མེ་མདའི་སྐྱིད་སྡུག་ཚོགས་པ་(RNA) སོགས་འདོད་པ་མེད་པས། རྒྱུ་ལ་་རྔམ་པའི་ཆབ་སྲིད་པ་དང། ཕྱོགས་ལྷུང་ཅན་གྱི་གསར་ཁང་། ད་དུང་ཡེ་ཤུའི་ཆོས་དཔོན་སོགས་མེ་མདའ་བཟོ་ཚོང་གི་རྒྱབ་ཏུ་ལངས་དེ། ཨ་རིའི་སྤྱི་ཚོགས་སུ་ཁྱོད་དང་ང་ཞེས་ཕན་ཚུན་བར་དཀྲུག་ཤིང་བྱས་ཏེ། གནད་དོན་དངོས་སུ་དམངས་ཚོགས་མགོ་བོ་རྨོངས་སུ་འཇུག་གི་ཡོད་རེད།
མཐའ་མ། མེ་མདའ་བཟོ་ཚོང་ཁང་དང་། དེའི་རྒྱུག་ཁྱི་ཚོས་སྤྱི་ཚོགས་ག་ཚོད་དཀྲུག་པ་དེ་ཚོད་ཀྱིས་མི་མང་གིས་དོན་དངོས་ཀྱི་བདེན་པ་འཚོལ་དཀའ་ཞིང་། མི་མང་གིས་དོན་དངོས་ཀྱི་བདེན་པ་འཚོལ་མ་ཐུབ་པ་དེ་ཚོད་ཀྱིས། མེ་མདའ་སྤྱི་ཚོགས་སུ་མང་ནས་མང་དུ་ཚོང་འགྲེམས་བྱེད་ཐུབ་ཅིང་། མེ་མདའ་སྤྱི་ཚོགས་སུ་ག་ཚོད་བཙོང་བ་དེ་ཚོད་ཀྱིས་མེ་འདའ་བཟོ་ཚོང་ཁང་དང་། དེའི་རྒྱབ་སྐྱོར་བ་ཚོར་ཁེ་བཟང་ཁོ་ན་ཐོབ་པ་ལས། དམངས་ཀྱི་བདེ་འཇགས་ལ་མི་ཕན་ཞིང། དམངས་ཚོགས་ནི་ནམ་ཡང་གཡུལ་ས་ལྟ་བུ་སྤྱི་ཚོགས་ཤིག་ལས་བྱིས་བའི་ཕ་མ་བོར་བ་དང་། ཕ་མའི་བྱིས་བ་བོར་བའི་སྡུག་སྔལ་ལས་ཐར་ཀྱི་མ་རེད་ལ། འདི་ནི་མེ་མདའ་བཟོ་ཚོང་ཁང་དང་ཆབ་སྲིད་པ། གསར་ཁང་སོགས་ཀྱིས་བསྐྲུན་པའི་དེང་གི་ཨ་རིའི་འཚོ་བ་དངོས་ཤིག་རེད། །
ཨ་རི་བཙན་རྒྱལ་རིང་ལུགས་ཟེར་བའི་ཐ་སྙད་དེ་ཡང་མཚོན་ཆ་ཉོ་ཚོང་བརྒྱུད་ནས་རྒྱལ་ནང་གི་དཔལ་འབྱོར་དང་ཕྱི་འབྲེལ་གྱི་སྲིད་བྱུས་ལ་འགན་སྲུང་བྱས་ནས་འཛམ་གླིང་སྟེང་བཙན་པོའི་སྟོབས་ཤུགས་རྒྱས་ནས་བཙན་རྒྱལ་རིང་ལུགས་ཟེར་བའི་ཐ་སྙད་དེ་ཐོབ་པ་དང་། དུས་རབས་ཉི་ཤུ་རྩ་གཅིག་འདིའི་ནང་ཨ་རི་བཙན་རྒྱལ་རིང་ལུགས་ཡིན་དང་རྒྱ་ནག་བཙན་རྒྱལ་རིང་ལུགས་ཡིན་སུ་གཅིག་གི་བཤད་མི་ཐུབ་པའི་ས་མཚམས་སུ་སླེབས་མི་འདུག་གམ།
ངས་ཨ་རིར་བཙན་རྒྱལ་རིང་ལུགས་བ་མི་འབོད། རྒྱུ་མཚན་ནི། རྒྱ་ནག་དམར་ཤོག་ཚོགས་པ་ཁོ་ནས་དབྱིན་ཇི་དང་། ཨ་རི་ལ་འབོད་པའི་མིང་ཡིན་པ་ལས་རྒྱལ་ཁབ་གཞན་པའི་མིང་དེ་བེད་སྤྱོད་མི་བྱེད། ང་ལ་མཚོན་ན་དམར་ཤོག་ཚོགས་པ་ནི་བཙན་རྒྱལ་རིང་ལུགས་པ་ཡིན། འདི་ནི་ངའི་བསམ་ཚུལ་ཡིན།
ཨ་རིའི་གྲོང་ཁྱེར་ཆེ་ཁག་ནང་ལ་མེ་མདའ་དེ་ཙམ་དགོས་མཁོ་མེད་ཀྱང་། གྲོང་གསེབ་ཁག་ལ་གཅན་གཟན་དང་རྐུན་མ་སོགས་པས་རྐྱེན་མེ་མདའ་མེད་ཐབས་མེད་པ་གཅིག་ཡིན།
ཨ་རིའི་གྲོང་གསེབ་བོད་པའི་རོང་འབྲོག་ལྟ་བུ་མ་རེད། ཉེན་རྟོག་པ་མེད་ས་ཡོད་ནི་མ་རེད། གལ་སྲིད་ཁྱེད་ཀྱིས་མེ་མདའ་ལག་དུ་བཟུང་ནས་ཉེན་རྟོག་པའི་མདུན་དུ་ཡོང་ན་རང་སྲོག་སྐྱོབས་པ་ལས་་ཤོར་བའི་ཉེན་ཁ་ཡོད་ནི་རེད།