མིག་བརྒྱད་པ།
མཁས་དབང་དགེ་ཆོས་ཀྱིས། རོ་ཐང་བརྒལ་ནས་སོང་ན་བོད་ཀྱི་ཡུལ་གར་ཞ་ལ་བསླེབས་ཅེས་ཧི་མ་ལའི་རི་ཁུག་གར་ཞ་འདི་བོད་ཀྱི་ཡུལ་ཞིག་ལ་ངོས་འཛིན་མཛད་མོད། ཡུལ་འདིའི་མི་རིགས་མཆེད་ཁུངས་གང་ནས་ཡིན་ལོ་རྒྱུས་སྨྲ་བ་སུས་ཀྱང་གསལ་ཁ་བཏོན་པ་མེད་ཅིང་། གར་ཞ་སྟོད་སྨད་བར་གསུམ་གྱི་ཡུལ་སྐད་མི་འདྲ་བ་རེ་ཡོད་པ་ལ་བལྟས་ན་འདིའི་མི་རིགས་རྣམས་ས་ཆ་འདྲ་མིན་ནས་འོངས་པ་རྟོགས་སླ་ཞིང་། ཡུལ་སྐད་ཀྱི་གདངས་ལ་བརྟགས་ན་བོད་སྐད་ཟུར་ཆག་པ་མང་དུ་སྣང་། དཔེར་ན། སྦྲང་རྩི་ལ་སྦི་རང་རྩི། བྱན་མོ་ལ་བྷ་ཡན་མོ་སོགས་ལེགས་སྦྱར་གྱི་ཀློག་སྟངས་ལྟར་ར་བཏགས་དང་ཡ་བཏགས་ཕྲལ་ནས་ཀློག་པ་དང་། གནའ་བོའི་བོད་ཀྱི་གོམས་གཤིས་ཀྱི་དྲི་མ་མ་ཡལ་བའི་གནས་འདིར་སྐད་དང་ལུགས་སྲོལ་གང་ནས་བརྟགས་ཀྱང་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཁ་མ་བྲལ་བར་ཡོད་པ་དང་། ཁང་པའི་བཟོད་བཀོད། ཁང་ཐོག་གི་དར་ལྕོག་བསླངས་སྟངས་སོགས་རང་རེའི་དབུས་གཙང་ཕྱོགས་ཀྱི་སྡོད་ཁང་དང་ཤིན་ཏུ་འདྲ། འབྲི་གུང་འཇིག་རྟེན་མགོན་པོའི་གནས་ཡིག་ཏུ་ཡུལ་འདི་ལ་གར་ཞ་མཁའ་འགྲོ་གླིང་ཞེས་འབོད་པ་ནི། འཁོར་ལོ་བདེ་མཆོག་གི་གནས་ཉེར་བཞིའི་ནང་ཚན་དྲིལ་བུ་རི་ནི་མཁའ་འགྲོ་འདུ་བའི་གནས་མཆོག་ཅིག་ཏུ་བརྩི་སྲོལ་ཡོད་པ་ལྟར། བླ་མ་རྒྱལ་བ་རྒོད་ཚང་བ་སོགས་སྐྱེས་ཆེན་མང་པོ་ཕེབས་ནས་སྒྲུབ་པ་མཛད་ཅིང་བྱིན་གྱིས་བརླབས་པའི་གནས་ཡིན། གར་ཞའི་གནས་ལ་མཁས་གྲུབ་དག་གིས་གསུང་ཚུལ་ཕྲན་བུ་མི་མཐུན་པ་ཡོད་པ་དང་ཁྱད་པར་དུ་གར་ཞ་ལུང་སྨད་ན་བཞུགས་པའི་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་བརྙན་རང་བྱོན་དེ་ནི་ཞལ་གཅིག་ཕྱག་དྲུག་གཡས་བརྐྱངས་གཡོན་གར་སྟབས་ཀྱི་ཚུལ་དུ་བཞུགས་ཤིང་། མགུལ་ལ་སྦྲུལ་གྱིས་བརྒྱན་པ་ཞིག་འདུག་པས་མི་མང་པོས་ལྷ་དབང་ཕྱག་ཆེན་པོའི་སྐུ་བརྙན་ཡིན་མིན་གྱི་དོགས་འདྲི་བྱེད་པའི་སྐབས་ཤིག་ན། གར་ཞའི་སྨན་པ་བཀྲ་ཤིས་ཚེ་རིང་གིས་སྐྱབས་རྗེ་ཁྲི་ཤིང་རིན་པོ་ཆེ་ལ་སྙན་སྒྲོན་ཕུལ་པར། བཀའ་ལན་དུ། བསྟན་འགྱུར་ནང་གསལ་པཎ་ཌི་ཏ་དོན་ཡོད་རྡོ་རྗེ་དང་ཁམས་པ་ལོ་ཙཱ་པ་བ་རི་རིན་ཆེན་གྲགས་ཀྱིས་བསྒྱུར་བའི་བ་རི་བརྒྱ་ཚར་གྲགས་པའི་ལྷའི་གྲས་ཡིན་ཡིན་པར་གསུངས་འདུག་ལ། དེའི་སྒྲུབ་ཐབས་ལས། ཞལ་གཅིག་ཕྱག་དྲུག་ཞི་བའི་ཆ་ལུགས་ཅན།།ཕྱག་གཡས་ཀྱི་དང་པོས་སངས་རྒྱས་དཔང་པོ་བྱེད་པ། གཉིས་པས་ཕྲེང་བ། གསུམ་པས་དུང་འཛིན་པ་དང་། གཡོན་གྱི་དང་པོས་དབྱུ་གུ །གཉིས་པས་རི་དྭགས་ནག་པོའི་པགས་པ་འཛིན་པ། གསུམ་པས་རིལ་བ་སྤྱི་བླུགས་བསྣམས་པ། ཞེས་ལུང་འདྲེན་མཛད་ནས་གཡོན་གྱི་དབྱུ་གུ་དེ་རྩེ་གསུམ་ཡིན་ནམ་སྙམ་གསུངས། ཨོ་རྒྱན་ལྷུན་འགྲུབ་རྒྱ་མཚོས་མཛད་པའི་གནས་བཤད་དུ། གཡོན་གྱི་དང་པོས་སྦྲུལ་ཞགས་བསྣམས།།ཉོན་མོངས་དུག་གསུམ་གཅོད་པའི་རྟགས།།ཞེས་གཡོན་གྱི་དང་པོས་སྦྲུལ་ཞགས་བསྣམས་པ་གསུངས་འདུག་མོད། མཁས་དབང་གར་ཞ་དངོས་གྲུབ་ཀྱིས། དེ་ལྟར་རྩ་བ་ནས་རེད་མི་འདུག་ཅིང་། མགུལ་ལ་མགུལ་རྒྱན་ཉིད་དང་། ཕྱག་གཡོན་གྱི་དང་པོས་པདྨ་དང་པདྨའི་རྩ་བ་ཐུགས་ཀའི་ཐད་དུ་བཞེས་ཤིང་། ཕྱག་གཡས་ཀྱི་དང་པོས་བགྲང་ཕྲེང་འཛིན་པ་མངོན་སུམ་དུ་སྣང་། ཞེས་དེང་སང་ཇི་ལྟར་ཡོད་པ་དེ་ལྟར་དུ་གསུངས་འདུག །མཁས་དབང་དགེ་ཆོས་རིན་པོ་ཆེ་གནས་འདིར་བསྐྱོད་ནས་འཕགས་པའི་སྣང་བརྙན་དངོས་སུ་མཇལ་བའི་སྐབས་ཞལ་ནས་བདུད་རྩི་འཛག་པ་དངོས་སུ་མཇལ་བ་དང་བདུད་རྩི་ལྕེ་ལྡག་མཛད་པའི་སྐོར་སོགས་ལོ་རྒྱུས་སུ་བཀོད་འདུག་མོད། དགེ་ཆོས་རང་གི་ལམ་ཡིག་ཏུ་འདིིའི་སྐོར་གྱི་གནས་ཚུལ་གསལ་ཁ་བཀོད་མི་འདུག །སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལུང་ཆུང་འདིར་ཐེངས་འགར་ཆིབས་བསྒྱུར་གནང་བ་དང་དྲིལ་བུ་རི་ལ་ཞབས་ཐང་གིས་བསྐོར་བར་ཡང་ཕེབས་འདུག །གར་ཞའི་ཡུལ་འདིར་སྐད་རིགས་ཀྱི་ངོ་བོ་མི་འདྲ་བའི་དུད་ཚང་ཁ་ཤས་ཡོད་ཚོད་ལ་གདོད་མའི་མི་རྣམས་དང་ཆེས་འབྱུང་མའི་འབྱུང་ཁུངས་ནི། སྐུ་གཤེགས་མཁས་དབང་གར་ཞ་དངོས་གྲུབ་ལགས་ཀྱིས་བརྩམས་པའི་ལྕགས་རི་སྨན་པ་ཚེ་རིང་གི་ལོ་རྒྱུས་སུ། གནའ་སྔ་མོ་ཞིག་ནས་ལུང་པ་འདིའི་མཐའ་མཚམས་ཀྱི་བོད་མོན་ཕྱུགས་སྐྱོང་འབྲོག་པ་རེ་གཉིས་དུས་དུས་སུ་སྤོ་སྐྱོད་བྱས་ཏེ། མི་མེད་ལུང་སྟོང་འདིར་སོ་སོའི་སེམས་ཅན་འཚོ་སྐྱོང་ཆེད་དུ་བསླེབས་པ་དེ་ཚོས་རིམ་པར་མི་ཚེ་ཕྱིད་ཐབས་སུ་ས་བབས་ཀྱི་གནས་སྟངས་དང་ས་ཆུ་སྙོམས་པའི་ཆ་རྐྱེན་བཟང་བ་ལ་བརྟེན་ནས་ཞིང་ལས་ལའང་འབད་འབུངས་ཀྱིས་ལྗོངས་འདིར་གཏན་སྡོད་འཚོ་གནས་བྱས་པའི་བུ་རབས་ཚ་རྒྱུད་ཀྱི་འཕེལ་རིམ་ལས་གར་ཞའི་མི་རིགས་ཀྱི་སྤྱི་ཚོགས་ཤིག་ཆགས་པ་ནི་གདོན་མི་ཟ་བ་ཡིན། ཞེས་བཤད་ཅིང་། གནས་ཚུལ་གཞན་ཞིག་ནི་དུས་རབས་བཅུ་དྲུག་པའི་ནང་ཉུང་ཏིའི་རྒྱལ་རིགས་ཀྱི་དཔོན་དམག་ཡུལ་འདིར་བསྐྱར་འཛུལ་བྱས་ནས་གར་ཞའི་དབུས་སྟོད་ཀྱི་ས་ཁུལ་མང་པོ་ཞིག་དབང་འོག་ཏུ་བསྡུས་ཤིང་དེའི་ཆབ་འབངས་སུ་གཏོགས་པའི་སྐབས། རང་གི་ཁེ་ཕན་ཁོ་ནའི་ཆེད་གར་ཞ་མི་དམངས་ཀྱི་ཁྲོད་ནས་བློ་རྣོ་བ་དང་ནུས་སྟོབས་ཡོད་པ་འགའ་ཞིག་དཔོན་འཛིན་དུ་བསྐོས་ནས་སྐུ་དྲག་ཁྱིམ་རྒྱུད་ཀྱང་བྱུང་འདུག །གནས་སྔ་མོར་ཡུལ་འདི་ནི་ས་བབས་ཀྱི་དབང་གིས་ཡུལ་གཞན་ལ་འབྲེལ་ལམ་དཀའ་བས་ཁེར་རྐྱང་འཚོ་སྡོད་ཀྱི་ས་ཁུལ་ཞིག་ཡིན་སྟབས་གཞན་གྱིས་བཙན་འཛུན་གང་མང་རེག་མྱོང་བ་དང་། སྤྱི་ལོ་༡༦༤༠་ལོ་ནས་༡༦༨༠་བར་ལ་དྭགས་རྒྱལ་པོ་བདེ་ལེགས་རྣམ་རྒྱལ་གྱིས་ཆབ་སྲིད་ཀྱིས་དབང་བསྒྱུར་བའི་སྐབས་སོག་པོ་དགའ་ལྡན་ཚེ་དབང་གིས་སྣེ་ཁྲིད་པའི་འོག་བོད་དམག་གིས་ལ་དྭགས་ལ་དམག་བཤམ་གཡུལ་འགྱེད་ཀྱི་དུས་སྐབས་ཤིག་ཡིན་པས། གར་ཞ་དང་ཉེ་བའི་ཡུལ་ལྗོངས་སྤྱི་ཏི་སྤི་ཅོག་དེ་ནི་ལ་དྭགས་རྒྱལ་པོའི་དབང་འོག་ཏུ་ཡོད་སྟབས། དགའ་ལྡན་ཚེ་དབང་གིས་སྤྱི་ཏི་ལ་དྭགས་ཀྱི་ཡུལ་ཞིག་ཡིན་པར་བསམས་ནས་དེར་ཡང་དཔུང་འཇུག་བྱས་ཏེ། ལྷ་ལུང་དང་སྟང་རྒྱུད་ཀྱི་དགོན་ཁག་དུ་མ་གཏོར་བཤིག་ཚད་མེད་བཏང་བ་རེད། དེ་སྐབས་བོད་དམག་ལ་སོག་དམག་ཅེས་མིང་ཇི་ལྟར་ཐོགས་པ་ནི་སོག་པོ་དགའ་ལྡན་ཚེ་དབང་གིས་སྣེ་ཁྲིད་འོག་དམག་དྲངས་པ་ཡིན་སྟབས། ལ་དྭགས་དང་གར་ཞ་པ་སོགས་ཀྱིས་སོག་དམག་ཅེས་འབོད་པ་མ་གཏོགས་དོན་དམ་དུ་དམག་མི་དཀྱུས་མ་རྣམས་བོད་མི་ཤ་སྟག་རེད་ཅེས་ཟེར། སོག་དམག་ཁ་ཤས་ཁ་འཐོར་ནས་གར་ཞ་ལ་བསླེབས་ཏེ་སྔ་མོའི་ལོ་རྒྱུས་ཡོད་པའི་ཀོ་ལོང་མཁར་གནོད་སྐྱོན་གཏོར་བཤིག་བཏང་བ་དང་། དེར་བརྟེན་ཀུ་ལུའི་སྲིད་གཞུང་གིས་བོད་དམག་དང་རྒོལ་འཛིང་གི་ལས་འགུལ་ལས་གཡོལ་ཐབས་ཀྱི་སྲིད་ཇུས་བཟུང་སྟེ། དུས་ཡུན་གང་འཚམས་ཤིག་ལ་གར་ཞའི་གནས་སྟངས་དེ་མུན་ཕྱིན་པའི་དབང་གིས་ཀུ་ལུའི་སྲིད་ཇུས་གར་ཞ་ལུང་བར་ལག་བསྟར་མ་བྱས་པའི་ཉེར་འབྲས་ཤིག་ཆགས་ཡོད། སོང་དམག་དེ་ཚོ་དམག་རྒྱག་སྟངས་ལ་མཁས་པ་དང་འཆི་རྒྱུར་མི་སྐྲག་པས་རིམ་གྱིས་ཀུ་ལུའི་ཕྱོགས་སུ་ཁ་ཕྱོགས་པ་དང་རོ་ཐང་ལ་བརྒལ་བ་ན་ནམ་ཟླ་ཕྱིས་རྐྱེན་གྱིས་བོད་དམག་ཐམས་ཅད་ཁ་རུད་ཀྱི་འོག་ཏུ་མནན་ནས་ཤི་བ་རེད་ཅེས་བཤད་སྲོལ་ཡོད། དེ་ཚོའི་བེམ་རོ་ཟླ་བ་ཁ་ཤས་རིང་གངས་འོག་ཏུ་ལུས་ནས་ཕྱིས་སུ་དཔྱིད་ཟླ་ཤར་བ་དང་འཁྱགས་རོམ་རྣམས་བཞུས་ནས་བེམ་རོ་རྣམས་རི་ཞོལ་གྱི་སྤང་ཐང་དུ་ཁེངས་ཡོད་པ་འགྲུལ་མི་མང་པོས་མིག་གིས་མཐོང་ཡུལ་དུ་གྱུར་བ་དང་། དེ་ཚོའི་ཁ་ནས་རོ་ཐང་ཞེས་ཐོལ་བྱུང་དུ་བརྗོད་པ་དེ་ཟུར་ཆག་ནས་རྗེས་སུ་ར་ཀྲང་ལ་མོ་ཞེས་མིང་ཐོགས་པ་རེད། གར་ཞ་དང་ལ་དྭགས་ས་ཁུལ་སོགས་ནས་སོག་དམག་རྣམས་ཕྱིར་ལོག་རྗེས་ཀུ་ལུའི་རྒྱལ་པོ་བི་དྷི་སིང་གིས་གོ་སྐབས་དེ་བཟུང་ནས་དམག་བཤམས་ཏེ་རང་གི་མངའ་ཁོངས་རྒྱ་བསྐྱེད་བཏང་བ་དང་། མ་ཟད་ཚུལ་མིན་གྱི་བྱ་སྤྱོད་བསྟར་ནས་གར་ཞ་འཕགས་པ་འཇིག་རྟེན་གསུམ་མགོན་གྱི་སྣང་བརྙན་དེ་ཀུ་ལུར་འོར་འདྲེན་ཁྱེར་རྩིས་བྱས་སྐབས། སྐུ་བརྙན་དེ་གློ་བུར་ལྗིད་ཚད་ཆེར་གྱུར་ཏེ་ཡར་འདེགས་མ་ཐུབ་པའི་རྐྱེན་གྱིས་གདན་འདྲེན་མ་ཐུབ་པར་བརྟེན་ཀུ་ལུའི་དམག་དཔོན་ཞིག་ཁོང་ཁྲོ་ལངས་ནས་འཕགས་པའི་སྐུ་ལ་རལ་གྲིས་བཞུས་པའི་གནས་ཚུལ་ཀྱང་བྱུང་འདུག །དེ་ལྟར་གར་ཞའི་ལྗོངས་འདིར་ཀུ་ལུའི་རྒྱལ་རྒྱུད་ཀྱིས་ལོ་བརྒྱ་དང་བདུན་ཅུ་ལྷག་ཙམ་ཆབ་སྲིད་ཀྱིས་དབང་བསྒྱུར་བྱས་ནས་མཐའ་མཇུག་ཕྱི་ལོ་༡༨༤༠་ལོར་ཇམ་མུའི་རྒྱལ་པོ་གུ་ལཱབ་སིང་གི་དམག་སྤྱི་ཇོ་རཱ་སིང་ཞེས་པས་སྣེ་ཁྲིད་པའི་སིག་མི་རིགས་ཀྱི་དཔུང་ཁག་གིས་ཀུ་ལུའི་ཕྱོགས་སུ་དཔུང་འཇུག་བྱས་ནས་དམག་འཐབས་པ་དང་། ཀུ་ལུའི་དམག་མིར་ཆག་ཉེས་ཆེན་པོ་ཕོག་སྟབས་མགོ་སྒུར་མ་ཞུས་ཀ་མེད་བྱུང་བ་དང་། ཀུ་ལུའི་ཕྱོགས་ཡོངས་རང་གི་མངའ་འོག་ཏུ་བསྡུས་པ་དང་ཆབས་ཅིག་གར་ཞ་ཡང་དབང་དུ་བསྡུས། ལ་དྭགས་དང་གར་ཞ་སྤྱི་ཏི་རྣམས་མཉམས་བསྡེབས་ཀྱིས་པན་ཇཱབ་མངའ་སྡེའི་ཁོངས་གཏོགས་སུ་ཟླ་སྒྲིལ་བཏང་། དེ་ནས་བཟུང་སྟེ་དེ་གའི་མི་དམངས་ལ་གཉའ་གནོན་གདུག་རྩུབ་གཏོང་བའི་མགོ་བརྩམས་པ་རེད། སིང་པའི་དཔུང་དམག་དེ་ཚོས་གར་ཞ་པ་ཚོར་རང་དགར་ཁྲིམས་ཐག་གཅོད་པ་དང་ཉེས་ཆད་གཏོང་བ། བཙོན་དུ་བཅུག་པ་སོགས་དྲག་སྤྱོད་ཀྱི་ལག་ལེན་བསྟར་བ་དེའི་ཚེ་མཛེས་སྡུག་ལྡན་པའི་ཧི་མ་ལའི་རི་སུལ་གར་ཞའི་ལྗོངས་འདིར་དམྱལ་བ་མི་ཡུལ་དུ་འཕོས་པ་ལྟ་བུ་ཞིག་ཆགས་ཡོད་ཟེར། ཡུལ་འདིའི་ཁ་སྐད་དུ་སིང་པ་ཟེར་བ་ནི་སིག་ཅེས་པའི་སྒྲ་ཟུར་ཆག་པ་ཞིག་རེད། ཕྱི་ལོ་༡༨༤༥་ལོར་ནང་མོལ་གྲོས་མཐུན་ཞིག་བཞག་པ་ལྟར་ན་ཆུ་བོ་རཱ་ཝཱི་བྱ་བ་ནས་སིན་དྷི་གཙང་པོ་ཚུན་ཆད། དེ་བཞིན་ལ་དྭགས་དང་སྤྱི་ཏི་བཅས་ཧི་མ་ལའི་ནུབ་རྒྱུད་ཀྱི་སྲིད་དབང་ཡོངས་རྫོགས་ཇམ་མཱུའི་རྒྱལ་པོ་གུ་ལཱབ་སིང་གི་མངའ་ཁོངས་སུ་ཟླ་སྒྲིལ་བཏང་ཞིང་། འདི་ལྟར་ཇམ་མཱུའི་རྒྱ་ཁྱོན་སྤང་ཐང་གི་ཤྭ་མོ་བརྡོལ་བ་ལྟར་རེ་ཞིག་འཕེལ་རྒྱས་བྱུང་རུང་། འོན་ཀྱང་དབྱིན་ཇིའི་དྲག་པོའི་ཁ་གཏད་ལ་གདོང་ལེན་བྱེད་པའི་དམག་སྟོབས་རྩ་བ་ནས་མེད་པས། ཕྱི་ལོ་༡༨༤༦་ལོར་དོ་ཨབ་ཞེས་པའི་གཡུལ་སར་དབྱིན་ཇིའི་དམག་མིའི་རི་ཁག་ཅིག་དང་འཐབ་རྒོལ་བྱས་པའི་འབྲས་བུར་སིང་པར་རྡུང་རྡེག་ཚབས་ཆེན་ཕོག་སྟེ་ཕམ་ཁ་ཉོས་པར་ཁས་ལེན་མ་བྱས་ཀ་མེད་བྱུང་བ་དང་། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་དུས་སྐབས་དེར་ཆེས་ཛ་དྲག་ལ་གྱར་བའི་དབང་གིས་ཇམ་མཱུའི་ས་སྐྱོང་གིས་ངོས་ལེན་གནང་བ་དང་ཆབས་ཅིག་ལཱ་ཧོར་ཞེས་པར་གྲོས་མཐུན་བཞག་སྟེ། དབྱིན་ཇིའི་སྲིད་གཞུང་གིས་གར་ཞ་སྤི་ཏི་དང་ཀུ་ལཱུའི་རྒྱལ་ཁོངས་བཅས་ཀཱངྒ་ཌཱ་རྫོང་ཁོངས་སུ་ཟླ་སྒྲིལ་གཏོང་རྒྱུའི་སྤྱི་མོས་གཏན་འབེབས་གནང་། དེ་ནས་གར་ཞ་སྤི་ཏི་གཉིས་པན་ཇཱབ་མངའ་སྡེར་ཚུད་ནས་ལོ་ངོ་བརྒྱ་དང་ཉི་ཤུར་སོང་བ་དང་། ཕྱི་ལོ་༡༩༦༦་ལོར་རྒྱ་གར་སྲིད་གཞུང་གིས་གོང་གསལ་གར་ཞ་སྤི་ཏི་གཉིས་རྫོང་ཁག་གཅིག་ཏུ་ཟླ་སྒྲིལ་བཏང་བ་དང་པན་ཇཱབ་མངའ་སྡེ་ནས་ཁ་བྲལ་ཏེ་ཧི་མཱ་ཅལ་མངའ་སྡེའི་ནང་མཉམ་སྒྲིལ་བྱས་པ་སོགས་ཀྱི་ལོ་རྒྱུས་མང་།
མིག་བརྒྱད་པ་ལགས། རྩོམ་ཡིག་ཡག་པོ་ཞིག་སྤེལ་འདུག གར་ཞའི་ཡི་གེ་ཀློག་སྟངས་དང་མདོ་སྨད་རྒྱལ་མོ་རོང་གི་ཀློག་སྟངས་གཉིས་གཅིག་པ་རེད་འདུག ངས་བསམ་པར་འདི་བོད་ཀྱི་གནའ་བོའི་ཀློག་སྟངས་ཤིག་ཨེ་ཡིན་སྙམ། དེའི་ཐད་ལ་མཁས་དབང་དམུ་དགེ་ཚང་གིས་ཀྱང་མང་པོ་བཤད་ཡོད་པར་མ་ཟད། བཀའ་གཙིགས་རྡོ་རིང་ཐོག་གི་བོད་མིང་རྒྱ་ཡིག་ལ་སྒྲ་བསྒྱུར་བྱས་པ་ལས་ཀྱང་གསལ་པོ་བྱུང་འདུག་སྙམ།
ལ་དྭགས་གར་ཞ་ཟངས་དཀར་སོགས་ནི་གནའ་སྔ་མོ་་བོད་སྟོད་མངའ་རིས་མང་ཡུལ་མངལ་ཁུལ་ཡིན་པ་གསལ་པོ་རེད།
གར་ཞ་དངོས་གྲུབ་ཀྱི་རྩོམ་ཡིག་བུ་བཤུས་བྱས་པ་ལས་ཅང་མི་འདུག
མཁས་དབང་རྣམ་པ་གཉིས་ཕེབས་པར་དགའ་བསུ་ཞུ། ང་ཚོས་མུ་མཐུད་དུ་བོད་དང་རིག་གཞུང་གཅིག་པའི་ཧི་མ་ལའི་ལུང་ཁུག་དག་གི་ལོ་རྒྱུས་དང་མི་སྣ་སྐད་ཡིག་བཅས་ལ་ཞིབ་འཇུག་གནང་ཐུབ་ན་དགེ་མཚན་ཆེ་སྙམ།
དགོངས་དག །ཡིག་ནོར། ༼ སོག་དམག ༽ ༼ ཆེས་ཐོག་མའི་འབྱུང་ཁུངས༽ཞེས་པར་བཅོས།
བཟང་ཀི
Diki Dolma་ལགས། སྔོན་གྱི་བརྡ་གསར་རྙིང་དང་དག་ཡིག་རྒྱས་བསྡུས། ལོ་རྒྱུས་གང་ཡིན་ཡང་གཞན་ཞིག་ལས་མ་བཏུས་པ་མེད་གཤིས་མཁས་པ་ཞིག་གིས་གསུངས་པ་དང་། གཞུང་ཞིག་ལས་འབྱུང་བ་ཙམ་རྒྱུ་མཚན་དུ་བཀོད་ན་མི་རུང་། རྩོམ་ཡིག་ལ་རྣམ་པ་མང་བས་ལོ་རྒྱུས་ལྟ་བུ་འབྲི་ཚེ་རང་སྣང་གང་ཤར་བྲིས་ན་མི་རུང་བར་བདག་གིས་སེམས། དཔྱད་རྩོམ་ལྟ་བུར་འབྲི་ཚེ་གཞན་གྱི་ལུང་འདྲེན་པ་དང་རང་གིས་འཐད་པའི་རྒྱུ་མཚན་བཀོད་དགོས་པ་ནི་གནའ་ནས་ད་བར་རྩོམ་ཡིག་གི་རྣམ་པ་ཞིག་རེད།
ཨོ་ཡ། གཅིག་དྲན་སོས་སོང་། སྤྱི་ཏིའི་སྐོར་ལ་རྡོ་རྗེ་རིན་ཆེན་གྱིས་ལོ་དྲུག་རིང་ལ་ཉམས་ཞིབ་བྱས་པའི་དཔེ་དེབ་ཅིག་ཐོན་བཞིན་འདུག དཔེ་དེབ་དེར་ཁྱོན་བསྡོམས་ཤོག་བུ་སུམ་བརྒྱ་སོ་དྲུག་འདུག ཡིག་ཆ་མང་པོར་ཁོང་གཏུགས་འདུག དེའི་ནང་ཁུ་ནུ་དང་གར་ཞའི་སྔ་མའི་ལོ་རྒྱུས་ཀྱང་མདོར་བསྡུས་རེ་ཟུར་སྣོན་བྱས་འདུག ཟླ་གཅིག་གིས་སྔོན་དུ་ངེད་ནས་ཞུ་དག་བྱེད་རོགས་བྱས་པ་ཡིན། དེ་བཞིན་དགེ་འདུན་བསོད་ནམས་ཀྱིས་ཀྱང་སྤྱི་ཏིའི་རྟ་ཕོའི་ལྡེབ་བྲིས་སྐོར་གྱི་དེབ་ཅིག་རྟ་ཕོ་དགོན་གྱིས་པར་བསྐྲུན་བྱེད་བཞིན་པ་རེད།
སློབ་དཔོན་མིག་བརྒྱད་པས། གར་ཞ་མཁའ་འགྲོ་གླིང་གི་འབྱུང་རབས་ལེགས་པར་བྲིས་པ་དགའ་བ་ཆེ། ད་དུང་ཞིབ་པར་གར་ཞ་པ། མཁས་དབང་བཀྲ་ཤིས་དཔལ་འབྱོར་(ལ་དྭགས་མཚན་ཉིད་སློབ་གྲྭ་ཁང་གི་སློབ་སྤྱི་ཟུར་པ་)དིང་སང་མ་ནཱ་ལཱི་ན་ཡོད་པ་སོགས་ལ་དྲིས་ཏེ། གར་ཞའི་ལོ་རྒྱུས་ཁུངས་ལྡན་ཞིག་བོད་ཡིག་ཏུ་ཡོད་པ་ཞིག་མཛད་ན་བོད་སྐད་མི་ཉམས་པར་ཕན། དགེ་ཆོས་ཀུ་ལུའི་ཡུལ་དུ་བཞུགས་སྐབས་སུ། གར་ཞ་པ་ར་རྫི་མོ་ཞིག མགོ་ན་རྒྱན་ཆ་བཏགས་ཡོད་པ་ཞིག་ལ་འདི་ཅི་ཡིན་ནམ། ཞེས་དྲིས་པ་ན། མོས་དོ་ཀེར་ཡིན། ཞུས་པ་ན། བོད་ཀྱི་སྐད་དེ་ས་གནས་མང་པོར་ཁྱབ་པ་ངོ་མཚར་དུ་མཛད་དེ། འདིའི་སྒོ་ནས་བོད་སྐད་ལ་བཤད་པ་ཞིག་གསུངས་ཡོད་པ་དྲན། གར་ཞ་འཕགས་པའི་དབུ་ན་འོད་དཔག་མེད་ཡོད་བསམ། ད་ལྟ་དཀོན་གཉེར་ལྟེ་བ་བྲམ་ཟེ་ཡིན་པ་དང་། བོད་རིགས་རྣམས་ལ་གནས་ཁྲིད་མཛད་མཁན། དཀར་བརྒྱུད་པའི་གྲྭ་པ་ཞིག་ཀྱང་། ཐག་ཉེའི་ཁང་པ་ཞིག་ན་བཞུགས་པར་༡༩༩༢ལོར་བདག་ཅག་གནས་ཚང་དུ་བསྡད།
ཡུལ་སྐད་ཀྱི་གདངས་ལ་བརྟགས་ན་བོད་སྐད་ཟུར་ཆག་པ་མང་དུ་སྣང་། དཔེར་ན། སྦྲང་རྩི་ལ་སྦི་རང་རྩི། བྱན་མོ་ལ་བྷ་ཡན་མོ་སོགས་ལེགས་སྦྱར་གྱི་ཀློག་སྟངས་ལྟར་ར་བཏགས་དང་ཡ་བཏགས་ཕྲལ་ནས་ཀློག་པ་དང་།
ཞེས་པ་ནི་བོད་ཀྱི་གནའ་བོའི་སྐད་འབོད་སྟངས་དེ། སྐྱེ་བོ་དེ་རྣམས་ཀྱི་ཁ་སྐད་དུ་ཟུར་མ་ཆག་པ་ལུས་ཡོད་པ། རང་ཅག་གིས་ཟུར་འདོན་པ་དང་འབྲི། དེས་ན། བོད་མི་རྣམ་དཔྱོད་ཅན་རྣམས་ཀྱིས་རང་གི་མེས་པོའི་སྐད་ཀྱི་འབོད་སྟངས་དེ་བཀའ་བསྟན་གསུང་འབུམ་རྣམས་སུ་བྲིས་པ་དེ་ལ་་བདག་པོ་རྒྱབ་ངེས་པ་ལགས། སྦྲང་རྩི་དང་། བྱན་མོ། ཞེས་པ་ཨིན་ཡིག་ཏུ་sbrang rtsi/ byan mo/བོད་སྐད་རྩ་ནས་གོ་མེད་པ་ཨིན་ཡིག་ཤེས་པ་ཞིག་ལ་ཀློག་ཏུ་བཅུག་ན། གནའ་བོའི་བོད་སྐད་ཡི་སྒྲ་གདངས་ཇི་ལྟ་བ་བ་ཞིན་འཐོན། ཀོ་ལམྦི་ཡ་སློབ་གྲྭ་ཆེན་མོར་ཨ་རིའི་སློབ་གྲྭ་པ་དག་ལ་སློབ་པས། སློབ་གྲྭ་པ་དེ་རྣམས་ཀྱིས་དགའ་བསུ་བྱེད། དེ་རྣམས་ལས་གཞོན་པ་ཞིག་ལྷ་སར་ལོ་གཅིག་བསྡད་དེ། ཁ་སྐད་རྒྱབ་ཐུབ་ཀྱང་། ཡི་གེའི་དག་ཆ་རྩ་ནས་མི་ཤེས། དེ་ཡིས་ལྷ་ས་རུ་དག་ཆའི་སྐོར་ལ་བོད་མི་མང་པོར་དྲིས་ཀྱང་། ཤེས་མཁན་ཞིག་གཅིག་ཀྱང་ཐུག་མ་སོང་ཟེར།
རང་སྐད་ཀྱི་ཡི་གེའི་དག་ཆ་མ་ཤེས་པ་སུས་བཟོས་སམ། ཨ་རིའི་གྲོང་ཁྱེར་ནེཝ་ཡོརྐ་ལ་བོད་མི་ཞིག་གིས་ཆོས་ལ། ཆོ། བྲིས་ཡོད་པ་ཡང་ཐོས། རྒྱུ་མཚན་འདི་ལྟ་བུ་གཟིགས་ཏེ། ལོ་ངོ་བདུན་བརྒྱ་ཙམ་སྔོན་དུ། རྗེ་བཙུན་བསོད་ནམས་རྩེ་མོས་སྔོན་འཇུག་རྗེས་འཇུག་སྒྲ་གདངས་འཐོན་པར་བྱས་ཏེ་ཀློག་གསུངས། བོད་སྐད་ཀྱི་སྒྲ་ཟུར་མི་ཆག་པའི་འབད་པ་མཛད་པའི་རྗེས་སུ་འབྲངས་ཏེ། ཁོ་བོ་གཅིག་པུས་འབད་རྩོལ་བྱེད་པ་ལྟ་བུར་མཐོང་། བདག་གིས་མ་མཐོང་བ་གཞན་ཡང་མང་པོ་ཡོད་ངེས་དང་། བདག་ཅག་གིས་གནའ་བོའིའབོད་ཚུལ་བཞིན་སྦྱོར་ཀློག་གི་ཚུལ་དུ་བྱིས་པ་རྣམས་ལ་བོད་ཚིག་རྣམས་ཀློག་ཏུ་འཇུག་པའམ་བོད་དུ་འཇུག་ན། (བོད་ཚིག་ཨིན་ཡིག་ཏུ་བྲིས་པ་ལ་སྦྱངས་ན་སྒྲ་གདངས་འཐོན་བདེ་བ་འདུག) བོད་ཡིག་དག་ཆ་ལེགས་པ་སྔོན་དུས་སུ་བྱུང་བ་ལྟར་མ་འོངས་པ་ན་ཡང་དག་ཆ་ལེགས་པ་འབྱུང་བའི་འདུན་པ་ལགས་སོ།།
ལ་དྭགས་ཙམ་དུ་མ་ཟད། མོན་པ་རྣམས་ཀྱི་སྐད་ནང་དུ་བོད་སྐད་ཤན་ཆེན་པོ་ཡོད། བོད་སྐད་རེད་ཟེར་ན་ཡང་འགྲིག །དཔེར་ན། གྲངས་ཀྱི་ལྔ་འབོད་པ་ན། ལེ་ང་་ཟེར། དེ་བཞིན་འབྲས་ལ་འབ་རེ་སེ་ཟེར་བ་སོགས། གང་ལྟར་ལེགས་སྦྱར་འདོན་སྟངས་བཞིན། འབྲུ་ཡོངས་རྫོགས་ཀློག་བཞིན་འདུག །
སྦྲང་རྩི་དང་། བྱན་མོ། ཞེས་པ་ཨིན་ཡིག་ཏུ་sbrang rtsi/ byan mo/བོད་སྐད་རྩ་ནས་གོ་མེད་པ་ཨིན་ཡིག་ཤེས་པ་ཞིག་ལ་ཀློག་ཏུ་བཅུག་ན། གནའ་བོའི་བོད་སྐད་ཡི་སྒྲ་གདངས་ཇི་ལྟ་བ་བ་ཞིན་འཐོན། འདི་ནི་ཤིན་ཏུ་བདེན་ཏེ། ངའི་མཐོ་སློབ་ནང་གི་བོད་དགེ་དང་ངའི་སློབ་མ་དེ་ཚོས། དིང་སང་གི་བོད་སྐད་ཀློག་སྟངས་ག་ཚོད་བསླབས་ཀྱང་པོ་ཚོའི་ཁ་ལ་མི་འཇགས་པར།
ཁོ་རང་ཚོས་གང་མཐོང་བ་དེ་རང་རང་གི་དཔྱད་སྟོབས་ཀྱིས། ཧ་དང་མ་ནོར་བའི་ཆེད་དུ། འ་ལ་འ་ཆུང་དང་། ས་བྲང་རྩི་དང་། བ་ཡན་མོ་སོགས་སུ་བཀླགས་ནས་སློབ་མ་ཅིག་གིས་སློབ་མ་གཞན་ཅིག་ལ་གོ་བརྡ་འཕྲོད་་ཐུབ་པར་བྱས་ནས། ངས་གང་བསླབས་པ་དེ་མི་ཤེས་ཀྱང་། རང་འགུལ་གྱིས་སྔར་གྱི་སྔོན་རྗེས་ཙམ་མ་ཟད་མགོ་ཅན་ཡང་ཁ་ནས་ཐོན་བྱས་ནས་མི་ཚེ་བསྐྱལ་ནས་བོད་མཁས་པའི་གྲལ་དུ་ཚུད་ཐབས་བྱེད་བཞིན་འདུག་སྙམ་ལགས།
གང་ལྟར་ཡང་། ང་ཡང་སྟོད་མངའ་རི་དབུས་གཙང་པ་ཅིག་ཡིན་ཡང་། དབུས་པས། ཀད། ཀན། ཀལ། ཀས། ལ་ཀེད། ཀེན། ཀེལ། ཀེས་སུ་ཀློག་སྟངས་འདི་ནི་ཤིན་ཏུ་ནོར་བ་ཆེན་པོ་རེད་དོ།
ད་ཡིན་ན། ལ་དྭགས་དང་འབྲུག་གི་ཡིག་ཚགས་ཁོང་ཚོར་ཞིབ་མོར་འདུག འབྲས་ལྗོངས་དང་། རྟ་ཝང་གི་ཡིག་ཚགས་ཀྱང་ལེགས། མི་གསལ་བ་དེ་བལ་ཡུལ་ཁོངས་ཀྱི་ཕོ་ལེ། ཡངས་མ། ཝ་ལུང་། དགུན་ས་ཟེར་བ་རྣམས་དང་། དོལ་པོ། གློ་མོན་ཐང་སོགས་ཀྱི་ལོ་རྒྱུས་ཞིག་ཀྱང་ཡོད་ན། ཧི་མ་ལ་ཡ་ཆ་ཚང་ཞིག་ཤེས་ཐུབ་རྒྱུ་རེད།
ལོ་ཙཱ་པ་ཆེན་པོ་རྒན་ལ་དྭགས་པས་གསུངས་པ་གོ་རྒྱུ་ཆེན་པོ་འདུག །ཡི་གེའི་སྦྱོར་ཀློག་མ་དག་པ་ལས་ཡི་གེ་འབྲི་བ་ནའང་མ་དག་པ་འོངས་པ་དངོས་གནས་རེད། རྗེ་བཙུན་བསོད་ནམས་རྩེ་མོའི་སྐུ་རིང་ལ་ཡི་གེའི་སྦྱོར་ཀློག་ལ་རྩལ་འདོན་མཛད་དེ། གང་དང་གང་ལ་གང་བཏགས་པས།།གོ་རིམ་བཞིན་དུ་གནས་གནས་ནས་དབྱུང་།།ཞེས་པ་ལྟར་སྔོན་འཇུག་རྗེས་འཇུག་མགོ་འདོགས་ཀྱི་ཡི་གེ་རྣམས་སོ་སོའི་སྒྲ་གདངས་ཐོན་པར་ཀློག་སྟངས་ནི་ཨ་མདོ་དང་ལ་དྭགས། ཤར་རྒྱལ་མོ་རོང་སོགས་ལ་མ་ཉམས་པར་ཡོད་པ་དེ་རེད། ལ་དྭགས་པས་ངག་ནས་བརྗོད་ཚེའང་མཁས་པ་ལ་ཁས་སུ་པ་ཞེས་སྒྲ་ཟུར་ཕྱིན་པར་འདོན་སྟངས་ཀྱི་སྲོལ་བཟང་པོ་ཞིག་ཡོད་པ་དང་དེ་བཞིན་དུ་བཙན་བྱོལ་པས་གསུངས་པ་ལྟར་མོན་སོགས་ལའང་དེ་ལྟར་ཡོད་པ་ལེགས།་སོ། །གནས་བརྒྱད་རྩ་འགྲེལ་གྱི་དབང་དུ་བྱས་ནས་མཁས་པ་སྔ་མ་ཁ་ཅིག་གིས་བོད་སྐད་ལ་ཟུར་ཆག་གི་རྣམ་དབྱེ་མཛད་ཆོག་པ་སི་ཏུས་དགག་པ་མཛད་མོད། ལ་དྭགས་དང་མོན་སོགས་ཀྱི་སྐད་དེ་བོད་སྐད་ཟུར་ཆག་ཡིན་ཟེར་ན་མ་་ཆོག་ཨེ་ཡོད་སྙམ། ལེགས་སྦྱར་ལྟར་བོད་སྐད་ལ་ཡང་ཟུར་ཆག་སོགས་ཀྱི་རྣམ་དབྱེ་སྦྱར་རུང་མི་རུང་དཔྱད་པར་བྱ།
ཉིན་མ་མང་པོ་ཞིག་གར་ཞ་དང་དྲིལ་བུ་རི་སོགས་ལ་སྡད་པ་ཡིན།
འོན་ཀྱང་དེ་གའི་ལོ་རྒྱུས་གསལ་པོ་ཞིག་ཤེས་རྟོགས་མ་བྱུང་།
དེ་རིང་འདི་ནས་དེ་གའི་ལོ་རྒྱུས་མཐོང་བས་དགའ་སྤྲོ་ཆེ།
མིག་བརྒྱད་པ་ལགས་ལ་ཐུགས་རྗེ་ཆེ་ཞུ།
གར་ཞྭའི་འཕགས་པ་རང་འབྱུང་ཡིན་སྟངས་ལ། ལྷ་སྒྲུང་སྙན་པོ་ཅིག་འདུག ལྷ་སྤུན་བདུན་གྱིས་མཚོ་ནས་ཐོན་ནས་འོ་མ་བརྐུས་ནས་མཐར་བ་ཡི་རྫི་བོ་དེས་འཛིན་བཟུང་གིས། གནསགདེར་སྤྱན་རས་གཟིགས་འཕགས་པ་རང་འབྱུང་དུ་བྱུང་བར་གྲག
ཡུལ་མི་རྣམས་ཀྱིས། རེས་སི་འཕགས་ཞེས་ཁ་ལ་འཇགས། དོན་ལ་འཕགས་པ་སྤྱན་རས་གཟིགས་ཀྱི་ཚིག་བསྡུར། རས་འཕགས་ཞེས་མཚན་གསོལ་བ་ཡིན་པར་ངེས་འདུག
ལོ་གསུམ་རིང་གར་ཞྭ་པ་བོད་དགེ་དངོས་གྲུབ་ལགས་དང་། གར་ཞྭ་པ་བཀྲ་ཤིས་དཔལ་འབྱོར་ལ་དྭགས་བོད་ཀྱི་མཐོ་སློབ་སྤྱི་གནང་མྱོང་བ་བཅས་དང་མཉམ་དུ་མཁས་དབང་ཚོགས་འདུར་ལ་དྭགས། མྰ་ན་ལི་དང་སིམ་ལ་བཅས་ས་གནས་མི་འདྲ་བ་ཁག་གསུམ་ནང་བགྲོ་གླེང་མཉམ་བཞུགས་སྐལ་བཟང་ཐོབ་མྱོང་ཡང་།
གར་ཞྭའི་ཆོས་ཕྱོགས་ཆོས་འབྱུང་མ་གཏོགས་ཅུང་གོ་ཐོས་བྱུང་བ་ལས། བོད་དགེ་བྱས་ནས་ལོ་གསུམ་བསྡད་ཀྱང་དེའི་སྐབས་ལ་མ་རིགས་འབྱུང་ཁུངས་དང་། དེའི་རྗེས་ཀྱི་རྒྱལ་རབས་ལོ་རྒྱས་སྐོར་གང་ཡང་མི་ཤེས་པ་མ་ཟད་དུས་ད་ལྟ་ཡང་དོ་སྣང་ཆེར་མི་འོང་འདུག
ག་ཞ་འཕགས་པ་ཞེས་མཚན་སྙན་རིང་ནས་ཐོས་ཀྱང་མཇལ་བའི་སྐལ་བས་དབེན།
ལ་དྭགས་དང་མོན་སྐད་བཅས་བོད་སྐད་ཟུར་ཆགས་པ་རེད་ཟེར་ན་མི་འགྲིག །དེ་དག་ནི་བོད་སྐད་གཙང་མ་རེད། དེང་སྐབས་བོད་ཀྱི་ས་ཁོངས་ན་མེད་པ་རེད་མ་གཏོགས་གནའ་སྔ་མོ་བོད་ས་ཡིན་པ་ནི་ལོ་རྒྱུས་ཀྱིས་ཁ་གསལ་ཡོང་གི་ཡོད། ཟུར་ཆགས་པ་རེད་ཟེར་བ་དང་། གཙང་མ་རེད་ཟེར་བ་གཉིས་འགལ་བ་ཡིན་པས་སོ། །ྐ
ངའི་མི་ཤེས་གོ་ཡང་མ་མྱོང་།
སྟོད་ན་དྲིལ་བུ་རི་སྐུ་ཡི་གནས་དང་། བར་ན་གར་ཞ་འཕགས་པ་གསུང་གི་གནས། སྨད་ན་རྡོ་རྗེ་འཕགས་མོ་ཐུགས་ཀྱི་གནས་ཞེས་བཤད་སྲོལ་འདུག
གནས་ཆེན་དྲིལ་བུ་རི་ལ་ཕྱི་བསྐོར་ནང་བསྐོར་བར་བསྐོར་གསུམ་དུ་མཆིས་ཤིང་། ཕྱི་བསྐོར་ནི་ལམ་ཐག་རིང་ཞིང་འགྲོ་འོང་ལ་ཤིན་ཏུ་དཀའ་བས། དད་ལྡན་ཨུ་ཚུགས་ཅན་རེ་ཟུང་ལས་མི་སྐྱོད། ནང་བསྐོར་ལ་༧གོང་ས་མཆོག་གིས་དགེ་བ་ལས་སྡིག་པ་ཆེ་བའི་རྒྱུ་རུ་འགྱུར་བས་མ་ཕྱིན་ན་དགའ་བར་གསུངས་པས་ད་ལྟ་འགྲོ་མཁན་ཉུང་།
བར་བསྐོར་ནི་ད་ལྟ་ཀུན་གྱིས་འགྲོ་བཞིན་པ་འདི་རེད།
གཞན་ཡང་འདི་ཁུལ་ལ་རྒྱལ་བ་རྒོད་ཚང་བའི་ཕྱག་རྗེས་ཞབས་རྗེས་མང་དུ་མཆིས་ཤིང་། ཡུལ་ལྗོངས་ཀྱི་བཀོད་པ་མཛེས་ཤིང་། རང་བྱུང་སྨན་རྩྭས་བྱུར་བུར་གཏམས་ནས་འདུག
དུས་རབས་བཅུ་བདུན་པའི་མཇུག་ཙམ་ལ་བོད་པའི་དགའ་ཚེ་དབང་དང་ལ་དྭགས་རྒྱལ་པོ་བདེ་ལེགས་རྣམ་རྒྱལ་གཉིས་ཀྱི་བར་སྤྱི་ལོ་༡༦༤༠་ནས་༡༦༨༠་བར་ལ་དྭགས་རྒྱལ་པོ་བདེ་ལེགས་རྣམ་རྒྱལ་གྱི་སྲས་གཉིས་པ་ངག་དབང་རྣམ་རྒྱལ་བོད་ཀྱི་ཆོས་སྡེ་ཆེན་པོ་དཔལ་ལྡན་འབྲས་སྤུངས་སུ་སློབ་གཉེར་ལ་རྫོང་དགོས་པའི་ཆིངས་ཡིག་གྲོས་འཆམས་བཞག་སྟེ། ཐུགས་སྲས་ངག་དབང་རྣམ་རྒྱལ་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་ཞུགས་མཛད་དེ་གཞུང་ལུགས་མཐའ་དག་ལ་སྦྱངས་བ་མཐར་སོན། ཕྱིར་རང་ཡུལ་དུ་ཕེབས་ནས་ཁྲིག་སེ་དགོན་པའི་མཁན་པོར་མཛད་པ་དང་སྟོད་མངའ་རིས་ཕྱོགས་ནས་བོད་ཀྱི་གདན་ལ་བསྐྱོད་པའི་སློབ་གཉེར་བ་ཐོག་མ་དེ་ཡིན། སྟོད་ཤེས་རབ་བཟང་པོ་སོགས་དེ་ནས་བཟུང་སྤྱི་ཏི། ཁུ་ནུ། ཟངས་དཀར། གར་ཞ་བཅས་ཀྱི་སློབ་གཉེར་པ་མང་པོ་བོད་ལ་འགྲོ་རྒྱུའི་འབྲེལ་ལམ་ལེགས་པར་ཆགས། དབང་ལུང་ཁྲིད་རྒྱུན་དང་ཆོས་འབྲེལ་གྱི་ངོ་བོའི་ཐོག་ནས་བོད་པའི་སྲོལ་རྒྱུན་གྱི་བླ་སློབ་འབྲེལ་བ་དམ་ཟབ་ཆགས། སྤྱི་ལོ་༡༩༡༤་ལོར་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་རིན་པོ་ཆེ་བོད་ལ་ཞབས་ཐང་གིས་ཕེབས་པའི་ལམ་ཞོར་དུ་འབྲས་ལྗོངས་སུ་བླ་མ་ཨུ་རྒྱན་བསྟན་འཛིན་གྱི་དྲུང་ནས་བོད་ཀྱི་སྙན་སུམ་བརྡ་སྤྲོད་རིག་གནས་དང་དབྱངས་ཅན་སྒྲ་མདོ་རྩ་འགྲེལ་དང་སྒྲ་ཙཎྡྲ་པ་སོགས་ཞིབ་པར་སྦྱངས། དེ་ནས་བཀྲ་ཤིས་ལྷུན་པོ་ནས་བཀའ་ཆེན་སངས་རྒྱས་དཔལ་བཟང་ལས་ཚད་མ་རྣམ་འགྲེལ་རྩ་འགྲེལ་སྦྱངས་བ་མཛད་ནས་ལོ་གསུམ་ལ་བཞུགས་རིང་ཕར་ལ་བརྡ་སྤྲོད་རིག་གནས་སློབ་ཁྲིད་མཛད།
ཟུར་ཆག་དང་། འབོད་ཚུལ་མི་འདྲ་བ་གྱིས་ཀྱི་ཁྱད་པར་དབྱེ་དགོས་ཏེ། བོད་སྒྲ་ཟུར་ཆག་ནི། སྒྲོགས་ལ་སྒྲོག ལེགས་ལ་ལགས། དང་པོ་དེ་ལ་ཡང་འཇུག་ཟུར་ཆག་པ་དང་། གཉིས་པ་དེ་ལ་འགྲེང་བུ་ཟུར་ཆག་པའོ། དེ་ནས་ལ་ཨེ་ནས། ད་ལྟ་ལ་ཨ་ལྟ་ལྟ་བུ་གསལ་བྱེད་ཟུར་ཆག་པ་ཡིན་འདུག དེ་འདྲ་ལ་དྭགས་པའི་སྐད་དུ། འདི་ན་ལ་ཨི་ན། ཨི་ལྡན་གྱི་སྒྲ་ལ་གསལ་བྱེད་གང་ཡིན་ཟུར་སྟེ། ལ་དྭགས་ཁ་སྐད་དུ། ཆོས་ཀྱི་ལ་ཆོ་སི། ཆོས་ཀྱིས་ལ་ཆོ་སིས། རྒྱལ་བ་ལ་རྒྱ་ལ། དེ་ལྟར་བོད་ཀྱི་ལུང་པའི་ཁ་སྐད་ཀུན་ན་ཟུར་ཆག་མང་པོ་ཡོད་ངེས་་ལ། ལ་དྭགས་པས་མཁས་པ་ཟུར་མ་ཆག་པ་འདོན་པས་འབྲི་བ་ན། མ་ཤེས་པ་ཞིག་གིས་ཀྱང་རྗེས་འཇུག་ས་ངེས་པར་དུ་འབྲི། དེ་ལ་དབུས་གཙང་པ་དག་ཆ་མ་ཤེས་པ་ཞིག་གིས་མཁས་པ་ཞེས་པའིསྒྲ་འབྲི་བ་ན། རྗེས་འཇུག་ས་འབྲིའམ་མི་འབྲི་འདི་དག་བརྟག་དཔྱད་ཀྱི་ཡུལ་ལགས་པས་གདན་ས་ཁག་ཏུ་ཡུལ་ལུང་སོ་སོ་ནས་འོངས་པའི་གྲྭ་གསར་ཆུང་ངུ་རྣམས་ལ་འབྲི་རུ་བཅུག་སྟེ། ཚོད་ལྟ་མཛད་དགོས་སོ།།
གྱིས་ཀྱི་ཁྱད་པར་ལ། གཉིས་ཀྱི་ཁྱད་པར་ཞེས་བཅོས་སོ།
བོད་ཀྱི་ལྷོ་ནུབ་ཡུལ་གྲུའི་སྐད་གདངས་དེ་ལྟར་སྣང་མོད་ཀྱང་། ཡིད་ཕམ་པ་ཞིག་ལ་བོད་ཡིག་བེད་སྤྱོད་དང་བོད་ཡིག་ཤེས་མཁན་ཤིན་ཏུ་དཀོན།
བོད་ཀྱི་ལྷོ་ནུབ་ཡུལ་གྲུའི་སྐད་གདངས་དེ་ལྟར་སྣང་མོད་ཀྱང་། ཡིད་ཕམ་པ་ཞིག་ལ་བོད་ཡིག་བེད་སྤྱོད་དང་བོད་ཡིག་ཤེས་མཁན་ཤིན་ཏུ་དཀོན།
ཤེས་པ་ཇེ་གསལ་དང་། ཤེས་པ་ཇེ་ཚང་། ཤེས་པ་ཇེ་དག་ཏུ་གཏོང་རྒྱུ་ནི་ཁ་བརྡའི་དམིགས་ཡུལ་ཡིན་ངེས་ཆེ་བ་ལ། རྩོམ་ཡིག་འདི་ལྟ་བུ་དང་མཆན་བུ་འདི་ལྟ་བུ་རྣམས་ཀྱིས་ཁ་བརྡའི་དམིགས་ཡུལ་དག་དག་སྒྲུབ་ཀྱི་མི་འདུག་གམ།
རང་བཙན་མེད་མཁན་བ་བོད་པས་ཧི་མ་ལ་ཡའི་རི་རྒྱུད་རྣམས་ལ་ཆོས་དང་རིག་གཞུང་སྐོར་ནས་ཞབས་ཞུ་གང་ཐུབ་སྒྲུབ་དགོས་པ་ནི་༸གོང་ས་མཆོག་གི་ཐུགས་རེ་གལ་ཆེན་ཡིན་པ་ང་ཚོ་ཚང་མས་ཤེས་པར་མཛོད།
མིང་མེད་རྡོ་རྗེ་ལགས་ཀྱིས་གསུངས་པ་ལྟར་གར་ཞའི་ཡུལ་སྐད་དུ་རས་འཕགས་ཟེར་བ་གནས་ཡིག་ཅིག་ཏུ་མཐོང་སོང་མོད་གང་ཡིན་གསལ་བོར་མི་དྲན། ངས་བསམ་པ་ལ་རི་འཕགས་ཟེར་བ་མིན་ནམ་སྙམ། གང་ཡིན་ཟེར་ན། སྔོན་གར་ཞ་འཕགས་པའི་བཞུགས་ཡུལ་དེ་ནས་མི་རིང་བར་འོ་མའི་མཚོ་ཞིག་ཡོད་པ་དེར། རྫི་བོ་ཞིག་གིས་ར་མ་འཚོ་བཞིན་པའི་སྐབས། ར་མ་རྣམས་རེ་རེ་བཞིན་གློ་བུར་མཚོ་ནང་དུ་མཆོངས་སོང་བ་མཐོང་བ་དང་ཤུལ་དུ་ར་མ་རྐང་ཆག་གཅིག་ལྷག་པ་རྒྱབ་ཏུ་ཁུར་ནས་ཡོང་སྐབས། གློ་བུར་ལྗིད་ཚད་ཆེ་རུ་ཕྱིན་ཏེ་བལྟ་སྐབས། འཕགས་པ་ཐུགས་རྗེ་ཆེན་པོ་འཇིག་རྟེན་གསུམ་མགོན་རྡོ་ཀ་མ་རུ་བ་ལས་གྲུབ་པའི་སྐུ་བརྙན་རང་བྱོན་དེ་ཕེབས། དེ་ནས་སྐུ་བརྙན་དེ་དེ་ག་རང་བྲག་རི་འབུར་བོ་ཞིག་གི་སྒང་ལ་བཞག ། བྲག་རི་དེ་ཡང་རྒྱང་ནས་བལྟས་ན་བོད་ཀྱི་པོ་ཏ་ལའི་དབྱིབས་དང་མཚུངས། བཤད་སྲོལ་ལྟར་ན་བོད་ཀྱི་ཇོ་བོ་ཡིད་བཞིན་ནོར་བུ་དང་ནུབ་གར་ཞ་འཕགས་པ་གཉིས་ཞལ་རས་ཕྱོགས་གཅིག་ལ་བསྟན་པ་ཡིན་ཟེར། །བྲམ་ཟེ་རྣམས་ཀྱིས་ལྷ་དབང་ཕྱུག་ཏུ་འཛིན་པ་དང་ནང་པ་ཚོས་འཕགས་པ་འཇིག་རྟེན་གསུམ་གྱི་མགོན་པོ་ཞལ་གཅིག་ཕྱག་དྲུག་པ་ཅན་དུ་འཛིན་པ་དང་། གང་ཡིན་ཡང་སོ་སོའི་དད་མོས་ལ་རག་ལས་པ་དང་དགེ་སློང་མ་དཔལ་མོའི་སྒྲུབ་ཐབས་ལས་ཀྱང་འབྱུང་བས་རང་རེ་རྣམས་ལ་འཁྲུལ་བ་མེད་མོད། བྲམ་ཟེ་རྣམས་ཀྱི་མོད་ངོར་ལྷ་ཆེན་དབང་ཕྱུག་ཕྱག་དྲུག་པ་ཅན་ཞིག་ཡོད་ན་གང་ཤེས།
ཁ་སྔོན་ངེད་ཅག་མ་ན་ལི་གཙོས་པའི་གར་ཞ་ཕྱོགས་སུ་སྨན་བསྐོར་ལ་འགྲོ་དུས་དེ་ཁུལ་གྱི་གནས་ཆེན་དང་དགོན་སྡེ་གཞན་ཡང་ཁུ་ནུ་བླ་མའི་གདུང་རྟེན་མཆོད་རྟེན་བཅས་ལ་མཇལ་བ་ཡིན། དཀར་དྭངས་དགོན་པའི་བླ་མ་ཞིག་གི་དེ་གའི་གནས་ཆེན་འགའ་ཞིག་ཕྱོགས་བསྒྲིགས་བྱས་པའི་དེབ་ཆུང་ཞིག་གནང་བྱུང་། དེའི་ནང་གར་ཞ་འཕགས་པ་ལ་རས་འཕགས་ཞེས་བྲིས་འདུག ཅིའི་ཕྱིར་རས་འཕགས་ཞེས་བརྗོད་པ་ཡིན་ནམ་སྙམ་ནས་བླ་མ་ཁོང་དང་གར་ཞ་འཕགས་པའི་དཀོན་གཉེར་བླ་མ་སོགས་ལ་འདྲི་དུས་ལན་གསལ་པོ་ཞིག་མ་འབྱོར། ད་ལྟ་གར་ཞ་འཕགས་པ་བཞུགས་སའི་ཡུལ་ལྗོངས་དེ་རྒྱང་ནས་བལྟས་ན་པོ་ཏ་ལ་དང་གཅིག་མཚུངས་སུ་མངོན། འོ་མ་མཚོ་ནི་གར་ཞ་ཡུལ་ནས་ཆུ་ཚོད་དྲུག་གིས་རྐང་ཐང་དུ་རི་འགོ་འཛེག་ནས་འགྲོ་དགོས་འདུག ད་ལྟའི་གར་ཞ་འཕགས་པའི་སྐུ་རྟེན་གཙོ་བོ་དེ་ཡང་དེ་ནས་དན་དྲངས་པར་གྲགས།
སྔར་རྫི་བོ་ཅིག་གིས་ཕྱུགས་འཚོ་བར་ཕྱིན་ནས་ཉིན་འགའི་ཕྱུགས་རིགས་མོ་རྣམས་ལ་འོ་མ་ཞོས་ཟིན་ནས་འོ་མ་རྐུ་བའི་ཁག་ཐེག་དེ་རྫི་བོར་བཀལ་སྟབས། ཉིན་གཅིག་རྫི་བོས་འོ་མ་མ་བྱུང་སྟངས་སམ་། འོ་མ་སུས་བརྐུས་པ་ཡིན་མིན་ཡིབ་ནས་སོ་ལྟ་བྱེད་དུས། འོ་མཚོ་དཀར་པོ་དེ་ནས་མི་སྤུན་མཆེད་བདུན་སྐམ་སར་ཐོན་ནས། ཕྱུགས་ཀྱི་འོ་མ་རྐུ་བར་ཤེས་སྟབས།
ཁོས་ཉིན་ཅིག ཡང་འོ་མ་རྐུ་དུས་འཛིན་དུ་སོང་བར། གཞན་ཐམས་ཅད་ཆུར་སོང་ཡང་། གཅིག་ཟིན་ནས་གྲོང་གསེབ་པ་ཕྱུགས་བདག་རྣམས་ལ་བརྩིས་འཕྲོད་བྱ་ཕྱིར་རྒྱབ་ལ་འཁུར་ནས་ཡོང་བ་དང་། རྒྱབ་ཀྱི་ལྷ་དེས རྫི་བ་དེ་ལ་ཁྱོད་རང་ཕྱིར་ལོགས་སུ་ནམ་ཡང་མ་ལྟ་ཨང་ཞེས་གདམས་པ་དང་།
དེས་ཀྱང་ལམ་བར་འཁྱེར་སྐབས་སྐབས་སུ་སྐད་ཅོར་རོལ་མོས་སྒྲ་དབྱངས་ཁེངས་པར་འགྱུར་པ་ན། རྫི་བོ་དེ་ཡང་དངས་ཚབ་སྐྱེས་ནས་ཕྱིས་བལྟས་བྱས་པ་དང་། དེ་ནས་གྲོང་དང་ཉེ་བར་སླེབས་སྐབས། ལྷ་དེས། ད་ང་འདིར་ཞོགས། འདི་ནས་ཕར་གྲོང་དུ་མི་འགྲོ ཞེས་གསུངས་པ་ལྟར། དེར་བཞག་དུས་ལྷ་དེ་ཡང་རྡོ་རུ་གྱུར་བས་འཕགས་པ་དེ་རང་བྱོན་ཡིན་སྟངས་དང་།
དེ་མ་ཐག་ལྷ་ཀླུ་འདུས་ནས་རྟེན་ཁང་ཞིག་ཀྱང་བཞེངས་པར་བཤད། སྔར་བཞེངས་པའི་ལྷ་ཁང་ངམ་རང་བྱོན་རང་ཉིད་ཤོང་ཙམ་དེ་ཟུར་དུ་འགྱེལ་ན་བཞག་པ་དེ་ད་ལྟའི་ལྷ་ཁང་ནང་གི་བར་སྐོར་དེ་ལ་འདུག དུས་ལྟ་ནི་གསེར་ཟངས་རྒྱ་ཕིབས་ཡོད་པའི་ལྷ་ཁང་ཆེ་ཆུང་འཚམ་པ་ཅིག་དང་། ནང་སྐོར་དེའི་སྐོར་ལམ་དུ་མ་ཎི་འཁོར་ལོའི་་ཕྲེང་བས་བརྒྱན་པ་དང་། དེའི་འཁྱམས་རར་རྡོ་ལེབ་བསྟིང་པ་དེའི་དཀྱིལ་དུ་བོད་ལུགས་ཀྱི་དར་ཆེན་ཞིག་ཀྱང་བཙུགས་འདུག
གལ་སྲིད་རྫི་བོས་ཕྱི་ལོགས་སུ་མ་བལྟས་ན། སྤྱན་རས་གཟིགས་སྤུན་བདུན་ག་གདན་འདྲེན་ཐུབ་པ་ལ་དེ་མ་བྱུང་བ་དང་། འོ་མཚོ་ཞེས་པ་ནི། དུས་ད་ལྟ་ཡང་ཆུ་བོ་ཞིག་མར་བབ་དུས་དཀར་སེང་སེང་ཡོད་པས་དེས་འོ་མཚོས་མིང་ཐོགས་པར་སྙམ་ལགས།
ངས་ཀྱང་ཉིན་གང་པོར་ཟ་མ་བག་ལེབ་དང་ཆང་བན་ཅིག་འཁྱེར་ནས་མཚོ་སྙིང་དེའི་བར་ཕྱིན་ནས་རང་ཉིད་གཅིག་པུར་མི་མེད་ལུང་སྟོང་དེར་གནས་མཇལ་ཅིག་ཀྱང་འགྲོ་མྱོང་ལགས། །འདི་ནི་ངས་གོ་བའི་ལྷ་སྒྲུང་མདོར་བསྡུས་ཙམ་མོ། །
བཅོས་ལོང་མེད་པས། ཡིག་ནོར་ལ་དགོངས་དག་ཞུའོ། །
མི་རིགས་བོད་པ་དང་མོན་འདྲེས་མར་ཡོད་པའི་གཪ་ཞའི་ཡུལ་ལྗོངས་ཀྱི་ཆོས་འབྱུང་དང་ལོ་རྒྱུས་རྣམས་སུ་སྐུའི་གནས་རྡོ་རྗེ་དྲིལ་བུ་རི་འཁོར་ལོ་སྡོམ་པའི་ཕོ་བྲང་། གསུང་གི་གནས་འཕགས་པ་འཇིག་རྟེན་གསུམ་མགོན་སྤྱན་རས་གཟིགས་ཞལ་གཅིག་ཕྱག་དྲུག་པའི་སྐུ་བརྙན་རྡོ་སྐུ་རང་བྱོན། ཐུགས་ཀྱི་གནས་མ་རུ་སྟེ་རྡོ་རྗེ་ཕག་མོ་ཕྱག་དྲུག་མའི་ཞབས་ཀྱི་མཐེ་བོང་གི་མཚན་མ་རྡོ་རིལ་མོ་འདེགས་དཀའ་བ་དང་། དེའི་བྱང་ཤར་མཚམས་སུ་ཀུ་ལུ་ཏ་གནས་ཆེན་ཉེར་བཞིའི་ནང་ཚན་སྐུའི་འཁོར་ལོའི་ནང་ལུས་ལ་བཀོད་ན་པུས་མོ་ཡིན་པ་ཉེ་བའི་དུས་ཁྲོད་སོགས་ཉམས་དགའ་ཞིང་། དུས་བཞི་ལས་རྩོད་ལྡན་གྱི་དུས་འགོ་བརྩམས་པའི་ཚེ། མི་རྣམས་ཕན་ཚུན་རྩོད་ཅིང་གཅིག་གིས་གཅིག་གསོད་པའི་ལས་བྱེད་པ་འབྱུང་ཞིང་། བསད་པའི་རོ་རྣམས་ཕྱོགས་མཚམས་བརྒྱད་དུ་བསྐྱལ་བས་དུར་ཁྲོད་བརྒྱད་ཆགས་པ་དང་། རོའི་ཁྲག་གི་རླངས་པ་ནམ་མཁར་སོང་ནས་སྤྲིན་བརྒྱད་བྱུང་། ཆུའི་བརླན་གཤེར་ལ་བརྟེན་ནས་ཤིང་བརྒྱད་སྐྱེས། སྤྲིན་ལས་ཆར་རྒྱུན་བབས་པས་ཆུ་བརྒྱད་བྱུང་། ཤིང་བརྒྱད་ལ་ཆོས་སྐྱོང་བརྒྱད་ཀྱི་བརྟེན་གནས་བཅས་པས་གནས་སུམ་ཅུ་རྩ་གཉིས་རྣམས་རིམ་གྱིས་ཆགས། རྒྱུད་སྡེ་འོག་མ་ལ་མེད་པའི་བླ་མེད་ཀྱི་རང་རང་གི་གནས་སུམ་ཅུ་རྩ་གཉིས་མི་འདྲ་བ་ཡོད་པ་དང་། གནས་ཆེན་ཉེར་བཞི་ནང་གི་ཀུ་ལུ་ཏ་ནི་རིགས་ལྡན་ཞེས་པ་སྟེ། གར་ཞའི་རྒྱབ་ཉུང་རའི་ཕུག་ན་རྡོའི་ལངྒ་པུས་མོ་ལྟ་བུས་མཚན་པའི་སྒྲུབ་གནས་ཕུག་ཐུར་དུ་བརྐོས་པའི་རིང་པོ་ཞིག་དེ་ཡིན། ཞེས་གསུངས། འཇིགས་བྱེད་ཉེར་བཞིའི་གནས་ཉེར་བཞི་ཡོད་པ་དེ་དག་ལ་འཁོར་ལོ་སྡོམ་པའི་གནས་ཉེར་བཞི་བཀོད་པ་སྔོན་བྱུང་གི་གསང་ཆེན་རྒྱུད་ཀྱི་རྒྱལ་པོ་རྣམས་ཀྱི་དགོངས་པ་ཡིན། འབྲི་གུང་སྐྱོབ་པ་འཇིག་རྟན་མགོན་པོ་ནི། སྤྱི་ལོ་༡༡༤༣་ལོར་སྐུ་འཁྲུངས་ཤིང་མགོན་པོ་ཀླུ་སྒྲུབ་ཀྱི་སྤྲུལ་བ་ཡིན་པར་གྲགས། འགྲོ་བའི་མགོན་པོ་རྗེ་ཕག་མོ་གྲུབ་པ་སོགས་བླ་མ་མང་པོར་བརྟེན་ནས་འབྲི་གུང་བཀའ་བརྒྱུད་ཀྱི་རིང་ལུགས་དར་ཞིང་རྒྱས་པར་མཛད། ཁོང་གིས་མཛད་པའི་གནས་ཡིག་ལས།
ཨེ་མ།
གནས་ཁྱད་དུ་འཕགས་པ་གར་ཞ་མཁའ་འགྲོའི་གླིང་།།
རྡོ་རྗེ་གདན་མཚུངས་རི་བོ་གན་དྷོ་ལ།།
ཡ་མཚན་རྨད་བྱུང་དཔལ་གྱི་དྲིལ་བུ་རི།།
སངས་རྒྱས་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས།།
མདོ་རྒྱུད་རྣམས་ནས་ལུང་དུ་བསྟན་པའི་གནས།།
དབུས་ནི་བླ་མ་ཁྲི་ལ་བཞུགས་པ་འདྲ།།
རྒྱབ་རི་བཀའ་བརྒྱུད་ཕོ་ཁྲོམ་ཚོགས་པ་འདྲ།།
གཡས་རི་ཐམས་ཅད་ཁྲོ་བོ་འགྱིང་བ་འདྲ།།
གཡོན་རི་ཐམས་ཅད་ཁྲོ་མོ་འགྱིང་བ་འདྲ།།
མདུན་རི་ཐམས་ཅད་ཕྱག་རྒྱ་བསྣོལ་བ་འདྲ།།
རི་མགོ་ཐམས་ཐམས་ཅད་གངས་དཀར་ཏི་སེ་འདྲ།།
རི་གསུམ་འདུས་པ་ལ་ཕྱི་གངས་དང་འདྲ།།
ཆུ་གསུམ་འདུས་པ་དཔལ་གྱི་ཆུ་བར་འདྲ།།
ཐམས་ཅད་ཚང་བ་ཙ་རི་རྩེ་གོང་འདྲ།།
བྲག་རི་རྩེ་མཐོ་གནམ་ལ་སྙེག་པ་འདྲ།།
བྲག་འཕྲང་དམ་པོ་སྒོ་མོ་བཅད་པ་འདྲ།།
རྫ་རི་སྨུག་པོ་དམག་དཔུང་འཕྱོས་པ་འདྲ།།
རྩི་ཤིང་ནགས་ཚལ་མཚོན་ཆ་ཐོགས་པ་འདྲ།།
ཆུ་འབེབས་དྲག་པོ་ང་རོ་སྒྲོག་པ་འདྲ།།
གཡའ་སྤང་དར་གྱི་ཡོལ་བ་འཐེན་པ་འདྲ།།
གོས་དང་ན་བུན་གོས་སུ་གྱོན་པ་འདྲ།།
གནམ་ལ་བལྟས་ན་འཁོར་ལོ་རྩིབས་བརྒྱད་འདྲ།།
ས་ལ་བལྟས་ན་པདྨ་འདབ་བརྒྱད་འདྲ།།
ལོགས་ལ་བལྟས་ན་བཀྲ་ཤིས་རྟགས་བརྒྱད་འདྲ།།
ཞེས་གནས་རི་དང་ས་དབྱིབས་ཆགས་སྟངས་གསུངས་ནས་གནས་ཀྱི་ཁྱད་པར་མཚོན་རྟགས་འོག་ཏུ་གསལ་བར་གསུངས་པའི་མཐར། འདི་ལ་བསྐོར་བ་ལན་ཅིག་བསྐོར་བ་ན།།ས་མཆོག་དང་པོ་གནོན་པ་ཐེ་ཚོམ་མེད།།འདི་ལ་ཞེན་པ་མེད་པར་བཤགས་གྱུར་ན།།མཚམས་མེད་ལྔ་ཡང་སྐད་ཅིག་ཉིད་ལ་དག།།དེ་ལྟར་ཡིད་ལ་ཞོག་ལ་མོས་གུས་མཛོད།།ཅེས་གནས་ཀྱི་ཕན་ཡོན་གསུངས་སོ། །དེ་ལྟར་འབྲི་གུང་འཇིག་རྟེན་མགོན་པོ་དང་རྒྱལ་བ་རྒོད་ཚང་བ། སྟག་ཚང་ངག་དབང་རྒྱ་མཚོ། ཨུ་རྒྱན་རིན་ཆེན་དཔལ། རྗེ་བཙུན་རང་རིག་པ། མཁས་དབང་དགེ་འདུན་ཆོས་འཕེལ། རྒྱལ་དབངབསྟན་འཛིན་རྒྱ་མཚོ་སོགས་རིམ་པས་ཞབས་ཐང་གིས་ཕེབས་ནས་གར་ཞ་མཁའ་འགྲོ་གླིང་གི་གནས་ཀྱི་ཁྱད་པར་གསལ་འདོན་མཛད་ཡོད།
གནས་ཁྱད་དུ་འཕགས་པ་གར་ཞྭ་མཁའ་འགྲོའི་གླིང་ལ་རི་བོ་གན་དྷོ་ལ། དྲིལ་བུ་རི། རས་འཕགས་སྤྱན་རས་གཟིགས་རང་བྱོན། རྒྱལ་བ་རྒོད་ཚང་པའི་ཞབས་གཉིས་ཀྱི་སྤུས་མོའི་རྗེས་དང་བར་དུ་ལིངྒའི་རྗེས་ཀྱངས་ཡོད། ད་དུང་དུར་ཁྲོད་ངོ་མཚར་ཅན་དང་ནོར་བུ་རང་བྱོན་སོགས་ཡོད་པར་ཡིད་ཆེས་བྱེད་བཞིན་འདུག །
མཁས་དབང་ལ་བློ་འཇམ་དཔལ་ལགས་སུ་ཞུ་བ། གལ་ཏེ་སྒྲོག་ལ་ཡང་འཇུག་ཟུར་ཆག་པ་དང་། ལགས་ལ་འགྲེང་བུ་ཟུར་ཆག་ཅེས་པ་ནི་ཧ་ཅང་མོལ་ཐལ་བ་ཡིན་སྙམ། དཔེར་ན་དུས་གསུམ་གྱི་རྣམ་བཤད་ལས། བསྒྲོག་བྱ་སྒྲོག་བྱེད་བསྒྲོགས་སྒྲོགས་ཤིག །ལགས་ལ་འགྲེང་བུ་ཟུར་མ་ཆག་སྟེ། བརྒྱད་སྟོང་པའི་ལེའུ་དང་དང་པོ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་སྤྱོད་པ་ལས། གལ་ཏེ་གཟུགས་ལ་གནས་ན་གཟུགས་མངོན་པར་དུ་བྱེད་པ་ལ་སྤྱོད་ཀྱི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ལགས་སོ། །མངོན་པར་དུ་བྱེད་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་འཛིན་པ་མ་ལགས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བགྱིད་པ་ཡང་མ་ལགས་ ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་རྫོགས་པར་བགྱིད་པ་ཡང་མ་ལགས་སོ། །ཞེས་གསུངས་པ་དང་། དེ་བཞིན་ཤེས་རབ་སྙིང་པོ་ལས། ལེགས་སོ་ཞེས་བྱ་བ་བྱིན་ནས། ལེགས་སོ་ལེགས་སོ་རིགས་ཀྱི་བུ་དེ་དེ་བཞིན་ནོ། །ཞེས་གསུངས་པ་རྣམས་ཐུགས་ལ་བོར་ནས་ཐག་ཆོད་དགོས་པ་ལས་དྲན་ཚད་བཅོས་ན་མི་འགྲིག་སྙམ། ཡོད་ཡིན་འདུག་སོགས་ལ་ལགས་དང་། ལེགས་ཞེས་པ་ནི་བཟང་བ་མཆོག་པ་བཅས་ལ་འཇུག་སྙམ།
མཁའ་འགྲོའི་གླིང་ཟེར་དོན་ཅི་ཡིན་ནམ། མཛེས་མ་མང་ངམ། ཡང་ན་ཕྲ་མེན་མ་མང་།
སྤྱིར་བཏང་མི་ཕལ་མོ་ཆེའི་ཁ་རྒྱུན་དུ་རྩེད་མོའི་ཚུལ་དུ། གར་ཞ་མཁའ་འགྲོའི་གླིང་་། །ཤི་ན་དམྱལ་བའི་གླིང་ཟེར་སྲོལ་ཞིག་སྔོན་ནས་ཡོད་པ་འདྲ། རྩེད་མོ་ཞུ། ཡིན་ཀྱང་གར་ཞ་ཞེས་པ་དེའི་འབྲི་སྟངས་དེ་ཕལ་ཆེར་དོན་མི་སྙན་པ་ཞིག་ཏུ་ཚོར་བ་འབྱུང་། འདོགས་མེད་ཀྱི་ཞ་དེ་ནི་མི་ཞ་བོ་ལ་གོ་ཞིང་། ཞ་བོའི་གར་ལབ་ན་མི་མཛེས། ངས་བརྟག་ན་དཀར་ཁྲི་ནག་སྟོང་གི་དཀར་དེ་མིན་ནམ་སྙམ། གང་ལ་ཟེར་ན། དེ་ཕྱོགས་སུ་ལུག་གི་མཐོན་སྐྱེད་ཧ་ཅང་མང་བས་ཆ་ནས་དཀར་ཆ་ཞེས་མིང་ཐོགས་པ་ཡིན་བརྗོད་པ་ཡང་དཀའ། དེ་བཞིན་མིན་ཟེར་བ་ཡང་དཀའ། དཀར་ཁྲི་ནག་སྟོང་གཉིས་ལས་དཀར་ཕྱོགས་དེ་མང་བ་ནི་མིག་མཐོང་ལག་འཛིན་དུ་གནས་པས་ཞུས་ཡིན། དེ་མིན་རྣམ་པ་ཚོས་མཁྱེན། ལགས་ལེགས་སོ། །་་་་་་་་་་་་
མཁའ་འགྲོ་མ་དང་། ཕྲ་མེན་མ་གཉིས་ཀྱི་ཁྱད་པར་གང་གིས་འབྱེད་ཐུབ་བམ། ཀླུ་སྨྱོན་སོགས་ལགས་ལ་དྲིའོ།།