འཇིགས་མེད་བློ་གྲོས།
བར་སྐབས་ཐར་པ་བྱང་ཆུབ་ཀྱི་ལམ་ལ་བགྲོད་པའི་འདུན་པས་མིན་པར་རེ་ཞིག་སེམས་ངལ་གསོ་བའི་དོན་དུ་ལྷོ་ཕྱོགས་བེ་ཏའི་ཡུལ་ན་ཁག་བསྙེན་མཚམས་ལ་དཀྲིས་ཤིང་། དོན་འཕྱི་བ་དགུན་ཉལ་གྱི་བརྟུལ་ཞུགས་ལ་གནས་བཞིན་པའི་སྐབས་ཤིག་རྐྱེན་གློ་བུར་བ་ཞིག་གིས་དགུན་ཉལ་གཉིད་མཐུག་གི་མལ་ལས་ཧར་འདོན་བྱེད་དགོས་པ་བྱུང་སྟེ། ཉིན་མཚན་ཤད་རྩོལ་གྱིས་བཞུགས་སྒར་ཆོས་ཀྱི་མགྲོན་སར་བཅར། སྐྱབས་ཀུན་ངོ་བོ་དྲིན་ཅན་བླ་མའི་བཞིན་རས་མཇལ། གསང་སྔགས་གསར་རྙིང་གི་རྒྱུད་སྡེ་རྒྱ་མཚོ་རྣམ་དཔྱོད་གྲུ་ཆེན་གྱིས་བརྒལ་བ་ལ་གངས་ལྗོངས་ཀྱི་སྔགས་འཆང་རལ་པའི་ཁུར་འཛིན་སུས་ཀྱང་འགྲན་པར་མི་ནུས་པ་ཟ་ཧོར་གྱི་རྒྱུད་ལས་ཕེབས་པའི་རིག་པ་འཛིན་པའི་སྔགས་པ་རྒན་པོ་ཟིལ་གནོན་བཞད་པ་རྩལ་ལམ་གང་ཤར་རང་གྲོལ་གྱི་གསུང་གི་བཅུད་ཐིག་མྱོང་བའི་སྐལ་བ་སྦོམ་པོའང་ཐོབ།
༢༠༢༣ ཕྱི་ཟླ་ ༥ ཚེས་ ༡ ཉིན་བསོད་རྒན་རིན་པོ་ཆེ་པདྨ་བློ་གྲོས་དང་། གྲོགས་རྣམ་རྒྱལ་ཚེ་དབང་། ཁོ་བོ་གསུམ་སྔ་དྲོ་རྡ་ས་ནས་ཐོན། དགོང་དྲོ་གར་ཞ་མཁའ་འགྲོའི་གླིང་དུ་འབྱོར། དུས་ཕྱིས་དཔལ་འབྲུག་པའི་སྙན་བརྒྱུད་ཀྱི་བསྟན་པ་སླར་གསོ་དར་སྤེལ་ལ་མཛད་འཕྲིན་ཆེ་བ་རྟོགས་ལྡན་ཤཱཀྱ་ཤྲཱིའི་ཞལ་སློབ་གར་ཞ་བ་ནོར་བུ་རིན་པོ་ཆེས་ཕྱག་བཏབ་པའི་དཀར་དྭངས་རི་ཁྲོད་ན་ཞག་མལ་བྱས། གར་ཞ་སྐྱིད་ལུང་ན་འབྲུག་པ་དཀར་བརྒྱུད་པའི་རི་ཁྲོད་དགོན་པ་མང་། དཀར་དྭངས་དང་ཤ་ཤུར་རི་ཁྲོད་གཉིས་སྐྱིད་ལུང་གི་རི་འགོ་ཕར་ཚུར་ན་ཆགས། ད་ལྟའི་བརྟན་པ་མེད་པའི་གནམ་གཤིས་འགྱུར་ལྡོག་གིས་དེང་སྐབས་དཔྱིད་དུས་སུའང་དབྱར་དགུན་གྱི་གནམ་ངོ་ལྟར་ཀླུང་ལ་ཆར་པ་དང་རི་འགོར་ཁ་བ་འབབ་བཞིན་འདུག་པས་གནམ་གྲང་།
ཕྱི་ལོ་ ༡༩༧༥ ཕྱི་ཟླ་ ༨ ཚེས་ ༢༣ གྱི་མཚན་མོ་གར་ཞའི་སྐྱིད་ལུང་གི་བཞུགས་འཚེར་ནས་༧གོང་ས་༧སྐྱབས་མགོན་ཆེན་པོས་རྒོད་ཚང་པ་མགོན་པོ་རྡོ་རྗེ་མཚན་ལམ་ནས་གཟིགས་ཤིང་། དེའི་བུ་ཆེན་དུ་སྐུ་སྐྱེ་བཞེས་པ་ཐུགས་དྲན་གསོས་ཚུལ་གྱི་རྣམ་ཐར་བཞུགས་མོད། བཞུགས་འཚེར་བྱིན་ཅན་དེ་གང་དུ་ཡོད་པའི་ངོས་འཛིན་ནི་མ་བྱུང།
ཟླ་ ༥ ཚེས་ ༢ ཀྱི་སྔ་དྲོ་དཀར་དྭངས་རི་ཁྲོད་ཀྱི་ལྟག་རྒྱབ་ནས་སྐྱིད་ལུང་གི་ཕྱོགས་སུ་རྒྱང་ལྟ་བྱས་ཏེ། ༧གོང་ས་ཐམས་ཅད་མཁྱེན་པས་རྒོད་ཚང་པའི་ཞལ་གཟིགས་བྱུང་བའི་གནས་དེ་ཕ་གི་ན་ཡིན་ཨང་སྙམ་དུ་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་གི་ཀློང་ནས། ཁ་དྲིལ་བུ་རིར་ཕྱོགས་ཏེ་རྒྱུན་གྱི་ཁ་ཁྲལ་དག་པ་གསུམ་གྱི་རྣལ་འབྱོར་བཏོན། ༧གོང་ས་ཐམས་ཅད་མཁྱེན་པའི་དྲུང་ནས་ལཱུ་ནག་དྲིལ་གསུམ་གྱི་དབང་ཐོབ་སྟེ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་བཙན་ཐབས་སུ་བཙུད་པའི་སྐལ་བ་བྱུང་མོད། བླ་མའི་དྲིན་གྱིས་ བདེ་མཆོག་ཡབ་ཡུམ་ལ་དད་པ་ནི་བག་ཙམ་མངའ་ཡང་ཞལ་འདྲིས་ནི་ད་ལྟའང་མེད། ལོ་ཙཱ་བ་ཆུང་ཚེ་རིང་ནས་ས་སྐྱིད་པོ་གང་མཐོང་ཕ་ཡུལ་དྲན་པའི་རྐྱེན་དུ་འགྲོ་ཚུལ་ཞིག་གསུངས་འདུག་པ་ལྟར། ཁོ་བོ་ནི་སྣང་གྲགས་ཕལ་ཆེར་དྲིན་ཅན་བླ་མ་འདི་ཉིད་དྲན་པའི་རྐྱེན་དུ་འགྲོ་བ་ཞིག་འདུག་སྟེ། འདི་ནི་འདུལ་བ་ནས་བཤད་པའི་གནས་ཀྱི་བླ་མ་བསྟེན་ཚུལ་དང་། མདོ་སྡེའི་ལུགས་ཀྱི་བཤེས་གཉེན་བསྟེན་ཚུལ། སྔགས་ལུགས་རིགས་བདག་བླ་མ་སྙིང་ཞུགས་རང་སེམས་དབྱེར་མེད་དུ་བལྟ་བའི་རྣལ་འབྱོར་རམ། སྣང་གྲགས་རིག་གསུམ་བླ་མའི་སྐུ་གསུང་ཐུགས་ཀྱི་རོལ་པར་བལྟ་བའི་ཉམས་ལེན་སྐྱོང་ཤེས་པས་མིན་པར། ཚེ་འདིར་བོད་མི་རྩམ་གཟན་ཞིག་ཏུ་སྐྱེ་བ་བླངས་པའི་ཤ་དང་རུས་པའི་བརྩེ་ཞེན་བྱེད་སྟངས་ཤིག་ནི་ངེས་པར་ཡིན་ངེས།
སྔར་ཆུང་དུས་སུ་ཡང་ཡང་འདོན་མྱོང་ཡང་། བར་སྐབས་ནས་འདོན་རྒྱུ་གཏིང་བརྗེད་དུ་སོང་བའི་བདེ་མཆོག་སྙན་བརྒྱུད་རྡོ་རྗེའི་ཚིག་རྐང་ཡང་འབྲུ་དག་པར་བཏོན། ཕྱག་ནི་གཉིས་མེད་ཡེ་ཤེས་ངོ་ཡིས་ཟིན། །རྒྱ་ནི་འཁོར་བའི་མདུད་པ་གྲོལ་བ་སྟེ། །ཆེན་པོ་ཟུང་འཇུག་སྒྲོན་མེ་བལྟམས་པ་ལས། །གཞན་གྱིས་མ་ཡིན་རང་གྲོལ་ཆོས་སྐུའོ། །ཞེས་པའི་ཚིག་མཚམས་སུ། ཆུང་དུས་ཅིག་ཅར་རྡོར་འཛིན་དབུ་མཛད་ཤེས་རབ་རྒྱ་མཚོའི་དྲུང་ནས་ཕྱག་ཆེན་སྔོན་འགྲོའི་ཁྲིད་ཡིག་ཁྲལ་ཆོས་སུ་ཉན་སྐབས་ཚིག་འདི་ཡང་ཡང་ལུང་འདྲེན་མཛད་མྱོང་བའི་རྣམ་པའང་ཡིད་ལ་དྲན།
བཀའ་དྲིན་མཚུངས་མེད་དྲིན་ཅན་བཤེས་གཉེན་ཞིག་གིས། སྤྱི་ཚོགས་ནང་རིག་གཞུང་སྲུང་འཛིན་ལ་བསྙད་པའི་བྱ་བ་བསྒྲུབ་རྒྱུ་གལ་ཆེ་ཡང་། འཇིག་རྟེན་པ་དང་གཤིབ་ཡུན་རིང་ན་ནམ་ཕུགས་འཆོལ་བས་སྤྱིར་གསང་སྔགས་ཀྱི་གཞུང་དང་། ལྷག་པར་ཁྱོད་རང་གི་ཁུངས་བཀའ་བརྒྱུུད་པ་ཡིན་པས་བདེ་མཆོག་གི་ཆོས་སྐོར་ལ་རྒྱུས་ཡོད་ཅིག་བྱེད་ནུས་པ་བྱུང་ན་ལེགས་ཚོགས་ཆེ་ཚུལ་གསུངས་པའང་དྲན་ལམ་དུ་འཁོར་ཏེ། དག་པ་གསུམ་གྱི་རྣལ་འབྱོར་གྱི་མཇུག་ཏུ་རྒྱུུན་འདོན་མཛད་སྲོལ། རྗེ་བཙུན་ཙོང་ཁ་པའི་གསུང་། རྣལ་འབྱོར་དབང་ཕྱུག་བྱེ་བས་བགྲོད་གྱུར་པ། །བདེ་མཆོག་བཤད་སྒྲུབ་ཤིན་ཏུ་ཉམས་པ་འདི། །ཆེས་ཆེར་རྒྱས་ཤིང་ཐར་འདོད་འཇུག་ངོགས་སུ། །ནམ་ཡང་མི་ནུབ་རིང་དུ་གནས་གྱུར་ཅིག །གསུངས་པ་ཚིག་ཙམ་མིན་པར་བཏོན་མོད། སེམས་རྒྱུད་ཆོས་དང་མ་འདྲེས་པ་དང་གཅིག །འཚོ་གོས་གནས་མལ་དགོས་སྣང་གི་ཞེན་ཆགས་ཆེ་བ་དང་གཉིས། མི་ཚེ་གཞན་དབང་གིས་འཚོ་དགོས་པ་དང་གསུམ་སོགས་རྒྱུ་མཚན་ལྟར་སྣང་སྣ་ཚོགས་ཀྱིས་ཆོས་སྐོར་འདི་དག་ལ་ཐོས་བསམ་འཆད་ཉན་བྱེད་པའི་ངང་ནས་ཚེའི་དུས་འདའ་བ་ཞིག་མི་འོང་རྒྱུ་ནི་ཐག་ཆོད་ནས་སྣང་།
སྔ་དྲོ་དཀར་དྭངས་དགོན་པས་གསོལ་ཇ་གནང་བ་ཞུས་མཚམས། ཚོགས་མཆོད་ཀྱི་འབྲེལ་པ་སྟོང་མིན་ཙམ་ཕུལ་ཏེ་གར་ཞ་བྱེས་པར་ Jispa སོང་། ༧གོང་ས་ཐམས་ཅད་མཁྱེན་པས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་དང་། འཁོར་ལོ་བདེ་མཆོག་གི་བཀའ་དབང་སོགས་བཀའ་ཆོས་མང་དག་གནང་ཡུལ་བྱེས་པའི་དུས་འཁོར་ལྷ་ཁང་མཇལ། དུས་འཁོར་ལྷ་ཁང་ནང་༧གོང་ས་ཆེན་པོས་ཕྱི་ལོ་ ༢༠༡༠ ལོར་གནང་བའི་གསུང་རྟེན་བསྟན་འགྱུར་པོད་ ༢༡༣ དང་། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ། དར་ཐང་རིན་པོ་ཆེས་ཆོས་སྦྱིན་གནང་བའི་བཀའ་བསྟན། ༧གོང་ས་ཆེན་པོས་ཉེ་འཁྲིས་ཞིང་ས་ནས་བཞེས་པའི་དམ་ཅན་རྡོར་ལེགས་ཀྱི་བླ་རྡོ་སོགས་བཞུགས་པ་རྣམས་མཇལ། ༧གོང་ས་ཆེན་པོ་དཔལ་དུས་ཀྱི་འཁོར་ལོར་བཞེངས་ཏེ་དབང་ཆེན་སྩོལ་སྐབས་དུས་འཁོར་གྱི་རྟེན་དང་བརྟེན་པའི་སྣོད་བཅུད་དཀྱིལ་འཁོར་གསོན་པ་ལྟ་བུའི་ཉམས་སྣང་སྟེར་བའི་ལྷ་ཁང་རྟེན་བཅས་ལོ་ངོ་རེ་ཟུང་རྗེས་འབྲེལ་ཡོད་ནས་བདག་ཉར་ཚད་ལྡན་མ་བྱུང་བར་ཞིག་རལ་གོག་པོར་འགྱུར་འགྲོ་བའི་རྣམ་པ་ནི་འདིར་ཡང་མངོན་སུམ་ཚད་གྲུབ་ཏུ་སྣང་མོད། ཡུལ་དུས་ལ་དཔག་པའི་སྒོ་ལ་སྒོ་ལྕགས་རྒྱག་མཁན་དང་། ཏིང་ལ་འཕྱིས་བདར་བྱེད་མཁན་ཙམ་འདུག་པའང་ལེགས་པའི་ཕྱོགས་སུ་བརྩི་རུང་། བསོད་རྒན་རིན་པོ་ཆེ་དང་ལྷན་རྡོར་ལེགས་ཀྱི་བླ་རྡོའི་མདུན་༧གོང་ས་ལྔ་པ་ཆེན་པོས་འབྲུམ་རྩེར་མཛད་པའི་རྡོར་ལེགས་ཀྱི་འཕྲིན་བསྐུལ་མཐུ་སྟོབས་ནུས་དཔུང་དང་། ༧གོང་ས་བཅུ་བཞི་པ་ཆེན་པོས་མཛད་པའི་བོད་སྐྱོང་ལྷ་སྲུང་འཕྲིན་བསྐུལ་བཏོན། ཐོག་ཁའི་གཟིམ་ཆུང་མཇལ།
བྱེས་པ་ནས་སྐྱིད་ལུང་དུ་ཕྱིར་ལོག་གིས་སྐྱིད་ལུང་གི་རི་རྩེར་གར་ཞ་བ་བླ་མ་རྒྱལ་བ་རྒྱ་མཚོས་ཕྱག་བཏབ་པའི་ཤ་ཤུར་རི་ཁྲོད་དུ་སོང་སྟེ། ༧གོང་ས་༧སྐྱབས་མགོན་ཆེན་པོས་སྙིགས་དུས་ཀྱི་ཞི་བ་ལྷ་གཉིས་པར་བསྔགས་པ་ཁུ་ནུ་བླ་མ་རིན་པོ་ཆེ་བསྟན་འཛིན་རྒྱལ་མཚན་དྭགས་པོའི་ཐར་རྒྱན་གསུང་འཕྲོ་ལུས་མུར་དགོངས་པ་མྱ་ངན་ལས་འདའ་སའི་བཞུགས་ཁང་གོག་པོ་དང། གདུང་རྟེན་བཅས་མཇལ། རྨད་བྱུང་ཕྱག་རྫོགས་དབུ་མ་ལམ་འབྲས་དང་། །ཞི་བྱེད་དུས་འཁོར་ལ་སོགས་གདམས་པའི་བཅུད། །རྟག་སྦྱོར་གུས་པས་བློ་གྲོས་ཡོལ་གོར་འཁྱིལ། །བསྟན་འཛིན་རྒྱལ་མཚན་ཞབས་ལ་གསོལ་བ་འདེབས། །གསུངས་པའི་གསོལ་འདེབས་བྱིན་ཅན་ཁ་བསྒྱུར་གྱིས། བསྟན་འཛིན་རྒྱལ་མཚན་ཁྱོད་དང་མཚུངས་པར་ཤོག །ཅེས་པའི་སྨོན་ལམ་ལན་འགའ་བཏབ། འོན་ཀྱང་ཁོ་བོ་ཅག་ལྟ་བུ་ཕྱི་ཆོས་པའི་གཟུགས་སུ་སྣང་བ་ལ། ནང་འཇིག་རྟེན་ཕ་རྒན་གྱི་རང་གཤིས་གྲུང་པོ་གྲྭ་ཟུར་མ་ཉམས་པར་སྐྱོང་མཁན་ཞིག་གིས། བསྟན་འཛིན་རྒྱལ་མཚན་ཁྱོད་དང་མཚུངས་པར་ཤོག །ཟེར་བ་ཧམ་པ་ཁོ་ན་ཡིན་འདུག་སྙམ་དུ་ཞེ་ཁྲེལ་ཞིང་བློ་མི་བདེ་བ་ལྟ་བུ་ཞིག་ཀྱང་བྱུང་། འདི་ལ་བརྟེན་ནས་རྒྱུན་གཏན། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །ཞེས་སོགས་བཏོན་ཏེ། རྫོགས་པའི་སངས་རྒྱས་ཁོ་ན་དང་མཚུངས་པ་ཞིག་ཏུ་འགྱུར་བར་ཤོག་ཅིག་པའི་སྨོན་ལམ་བྱེད་པའི་ཚེ་རང་གིས་རང་ལ་ཧམ་པ་ལ་ཨང་སྙམ་པ་བློའི་ཟུར་ཙམ་ལའང་མ་བྱུང་བ་ནི། ནེ་ཙོའི་འདོན་པ་ཁོ་ནར་སོང་བའི་རྟགས་སུ་སྣང་ངོ་། །
ཕྱི་དྲོའི་ཆར་གར་ཞ་འཕགས་པར་འབྱོར། ཕྱི་རོལ་མུ་སྟེགས་པ་རྣམས་ཀྱིས་དབང་ཕྱུག་ཆེན་པོར་འདོད་ཅིང་། རང་རེས་འཕགས་མཆོག་སྤྱན་རས་གཟིགས་སུ་འདོད་པའི་འཇིག་རྟེན་གསུམ་མགོན་དུ་གྲགས་པའི་སྐུ་བརྙན་བྱིན་ཅན་མཇལ། བསོད་རྒན་རིན་པོ་ཆེ་དང་ལྷན་བྱང་སྡོམ་ལེན་པའི་ཁུལ་བྱས། ༧གོང་ས་ཐམས་ཅད་མཁྱེན་པས་ལན་མང་ཞབས་ཀྱིས་བཅགས་ཤིང་། རབ་གནས་དགེ་ལེགས་ཆར་འབེབས་ཤིན་ཏུ་རྒྱས་པའི་ལམ་ནས་དམ་ཡེ་དབྱེར་མེད་དུ་བསྟིམས་པའི་མཛད་པ་བསྐྱངས་པ་ཁོ་ནར་བསམས་ཀྱང་གནས་འདི་ཤིན་ཏུ་བྱིན་རླབས་ཆེ་བ་སྨོས་མེད་ཀྱང་། ཁོ་བོ་ཅག་ལྟ་བུ། དབུ་ལ་གཙུག་ཏོར་དང་ཞབས་ལ་འཁོར་ལོའི་མཚན་དཔེ་འཁྲུལ་མེད་དུ་མངའ་བའི་དེ་བཞིན་གཤེགས་པ་དངོས་སུ་ཕེབས་ཀྱང་ལེགས་སྐར་དང་ལྷས་བྱིན་གྱི་བརྟུལ་ཞུགས་སྐྱོང་བ་ལ་ཐེ་ཚོམ་མི་དགོས་པ་ཞིག་ལ། འཕགས་པའི་སྣང་བརྙན་བྱིན་ཅན་མཇལ་སྐབས་ལུས་ཀྱི་བ་སྤུ་ལྡང་བ་དང་མིག་ནས་མཆི་མ་འཁྲུགས་པའི་དད་པ་ལྟ་ཞོག །མཛའ་གྲོགས་རྙིང་པ་ཞིག་ཕྲད་དུས་ཀྱི་དགའ་སྣང་ལྟ་བུ་ཞིག་ཀྱང་མི་འོང་བར་འདུག་པ་ནི། རང་ཉིད། རིགས་ཆད་རིགས་དང་མ་ངེས་རིགས། །ཉན་ཐོས་རིགས་དང་རང་རྒྱལ་རིགས། །ཐེག་པ་ཆེན་པོའི་རིགས་ཅན་ཏེ། །ལྔས་ནི་སངས་རྒྱས་རིགས་ཅན་བསྡུས། །གསུངས་པའི་རིགས་དང་པོ་དེ་ཡིན་པའི་རྟགས་ཡང་དག་ཏུ་ངེས་པ་རྙེད་དོ། །
འཕགས་པ་ལྷ་ཁང་གི་ཉེ་སར་ཞག་མལ་བྱས། འཕགས་པའི་དཀོར་གཉེར་ཁོ་བོ་དང་དགེ་རྒན་གཅིག་པ་ཡིན་པའི་གྲོགས་ཆོས་དབྱིངས་ཡེ་ཤེས་ནས་སྣེ་ལེན་གཟབ། གནས་བྱིན་ཅན་དུ་རྨི་ལམ་ལེགས་པ་ཞིག་ཀྱང་མི་འོང་བ་ནི་བསོད་ཟད་ཁོ་བོ་ཅག་ལྟ་བུའི་གནས་སྐོར་བ་རྣམས་ཀྱི་ལས་བསོད་ཡིན།
ཚེས་ ༣ སྔ་དྲོ་འཕགས་པའི་སྣང་བརྙན་མདུན་སྨོན་ལམ་བཏབ། ཉེ་ཁྲིས་ཨུ་དྷེ་པུར་ Udaipur ན་ཆགས་ཤིང་ནང་པ་དང་ཧིན་དཱུ་གཉིས་ཀའི་མཆོད་ཡུལ་འཕགས་མོ་ལྷ་ཁང་དུ་གྲགས་པར་སོང་། གར་ཞ་བའི་ཡུལ་མི་ངོ་འདྲ་གང་ཡིན་དབྱེ་འབྱེད་མི་ཤེས་མཁན་ཞིག་གིས་འཕགས་མོ་ངོ་འདྲ་གང་ཡིན་ནི་ག་ལ་ཤེས་མོད། ལྷ་ཁང་ནི་ཤིན་ཏུ་རྙིང་སོང་ཞིག་དང་། སྐུ་བརྙན་ཡང་ཧ་ཅང་རྙིང་སོང་ཞིག་ཡིན་འདུག་པས་ཟོག་རྫུ་བ་རེ་འགས་རྡོ་འཇོང་ལ་རྡོ་རྗེ་དང་། ལུགས་སྐུ་ལ་རང་བྱོན་དུ་སྒྲོ་བཏགས་པ་ལྟ་བུ་ཞིག་ནི་མིན་འདུག་པས། རྐང་བརྒྱད་དང་རྣལ་འབྱོར་མའི་གཟུངས་སྔགས་ཨོཾ་གསུམ་མ་ལན་འགའ་བཏོན།
ཁ་ཆར་འདྲེས་མ་བར་མེད་དུ་གཏོང་བཞིན་འདུག་པས་གནམ་ངོ་གྲང་། བྲག་རིའམ་བྱེ་རི་ལྟ་བུའི་རི་གཟར་དཔངས་མཐོ་ཞིང་རྔམ་ཟིལ་ཆེ། ཆར་ཆུ་རྒྱུག་ཤུལ་ནས་འདྲིལ་འོང་བའི་རྦབ་རྡོ་ལུག་རོ་ཙམ་པ་རེ་འགའང་ལམ་སྟེང་དུ་ཐོན་འདུག་པས། མགོ་བོའི་ཀླད་ཁྲག་གཏོར་བའི་རྦབ་རྡོ་ཞིག་གང་ནས་ལྷུང་འོང་སྙམ་པའི་འཇིགས་སྣང་དང་བྲེད་ཤའི་ངང་རོ་ཐང་ལ་རྩར་འབྱོར། ལའི་ཕུག་ལམ་བརྒྱུད་མ་ན་ལིར་ཐོན།
རྒྱ་གཏིང་ནས་ལ་དྭགས་སུ་བགྲོད་སའི་གཞུང་ལམ་རྒྱ་ཆེ་ལ་ཁོད་ཡངས། མ་ན་ལིའི་ལུང་གཤོང་ནི་ཀུ་ཤུའི་སྡོང་པོ་སོགས་འབྲས་བུ་ཅན་ཡིན་མིན་གྱི་ལྗོན་ཤིང་སྣ་ཚོགས་ཀྱིས་ཁེངས་པའི་སྐྱེད་ཚལ་ཤིན་ཏུ་ཡིད་དུ་འོང་བ་ཞིག་སྟེ། དེའི་དབང་གིས་ཕྱོགས་མཐའི་སྤྲོ་འཁྱམ་པ་མང་། བོད་མི་བཙན་བྱོལ་བ་རྣམས་ཀྱིས་ཕྱི་ལོ་དྲུག་ཅུ་རེ་གྲངས་ནང་དཀའ་སྤྱད་སྡུག་རུས་ཆེན་པོས་བསྐྲུན་པའི་ཀུ་ལུའི་སྨད་ཀྱི་བྲག་ཁྲོད་བགྲོད་ལམ་དང་། པན་ཌོ་ཆུ་མཛོད་ Pandoh Dam སོགས་མཐོང་སྐབས། ༧གོང་ས་ཆེན་པོ་དུས་སྐབས་དེའི་གཡས་གཡོན་དུ་མ་ན་ལིར་ཆབ་བཞེས་ལ་ཕེབས་སྐབས་བོད་མི་ལམ་བཟོ་བ་རྣམས་ཀྱིས་ཕེབས་བསུ་དང་། ཆོས་འབྲེལ། སྙིང་སྟོབས་ཞུམ་མེད་དགོས་པའི་བཀའ་སློབ་གནང་ལམ་སོགས་མཛད་རྣམ་དུ་འཁོད་པའི་འདས་སོང་ལོ་རྒྱུས་རྣམས་ཀྱང་མིག་ལམ་དུ་ཤར།
ཕྱི་དྲོ་གནས་མཆོག་མཚོ་པདྨར་འབྱོར། མཚོ་སྐོར་ལན་གཅིག་བརྒྱབ། དེང་སྐབས། རྒྱ་གར་པཎ་ཆེན་འབྲུག་ལ་བཀའ་དྲིན་ཆེ། །ཟེར་བ་སོགས་གནའ་དུས་ཀྱི་རྡོ་རྗེའི་ཚིག་རྣམས་ལ་དགོས་མེད་དགོས་དབང་གིས་བཟོ་བཅོས་བསྲེ་བསླད་སྣ་ཚོགས་བྱས་ཏེ་ལུང་རྒྱུན་ཁྲིད་རྒྱུན་གཉིས་དགོས་དུས་རྡོ་རྗེ་དང་མི་དགོས་དུས་རྡོ་འཇོང་བྱེད་མཁན་མང་དུ་འགྲོ་བཞིན་པའི་དུས་འདིར། བོད་རྒྱ་ལག་ཏུ་ཤོར་ནས་བོད་ཀྱི་ཆོས་སྲིད་མངའ་ཐང་ཉམས་རྒུད་དུ་གྱུར་ཟིན་ཀྱང་། རྒྱ་གར་པཎ་ཆེན་བོད་ལ་བཀའ་དྲིན་ཆེ་བའི་སྔོན་གྱི་བྱུང་བ་དེབ་ཐེར་ནས་བསུབ་པར་མི་ནུས་པས། སློབ་དཔོན་ཐུགས་རྗེ་ཅན་གྱི་སྣང་བརྙན་ཐད་ཀར་མཇལ་ས་འབྲི་གུང་བཀའ་བརྒྱུད་དགོན་པའི་ཇ་ཁང་ནས་ཇ་ཕུད་དང་པོ། རྒྱ་གར་པཎ་ཆེན་བོད་ལ་བཀའ་དྲིན་ཆེ། །ཞེས་པའི་ཇ་མཆོད་དང་བཅས་སློབ་དཔོན་རིན་པོ་ཆེར་ཕུལ།
ཚེས་ ༤ སྔ་དྲོ་རི་རྩེའི་གུ་རུའི་སྒྲུབ་ཕུག་ཏུ་སོང་། བསོད་རྒན་རིན་པོ་ཆེ་དང་ལྷན་ཚིག་བདུན་གསོལ་འདེབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་ལ་བརྟེན་པའི་ཚོགས་མཆོད་ཕུལ། དེ་སྔོན་སྐྱབས་རྗེ་སོག་རྩེ་རིན་པོ་ཆེར་ཚིག་བདུན་གསོལ་འདེབས་ཀྱི་ལྗགས་ལུང་ཙམ་ཞིག་ཞུས་པར་རིན་པོ་ཆེས་གསོལ་འདེབས་དེ་དང་འབྲེལ་བའི་བླ་སྒྲུབ་འདི་ཉིད་ཤིན་ཏུ་གལ་ཆེ་ཡིན་གསུངས་ཏེ། དངོས་གཞི་མི་ཕམ་རིན་པོ་ཆེས་མཛད་པ་ལ། བླ་བརྒྱུད་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས་མཛད་ཅིང་། སྐྱབས་འགྲོ་སེམས་བསྐྱེད་དང་མཇུག་གི་བསྡུ་རིམ་སོགས་གྲུབ་དབང་ཤཱཀྱ་ཤྲཱིས་མཛད་པའི་བླ་སྒྲུབ་བྱིན་རླབས་ཆར་འབེབས་ཀྱི་ཁྲིད་ལུང་སྩལ་ནོད་བཀའ་དྲིན་ཆེ་བ་ལས། ད་ཐེངས་སྐྱབས་འགྲོ། བླ་མ་བདེ་གཤེགས་འདུས་པའི་སྐུ། །ཞེས་སོགས་ཅུང་ཟད་ཐ་དད་ལ། དངོས་གཞི་མི་ཕམ་རིན་པོ་ཆེས་མཛད་པའི་ཆོ་ག་གཅིག་གྱུར་ཡིན་པ་འདི་ཉིད་གནས་མཆོག་མཚོ་པདྨའི་གུ་རུའི་སྣང་བརྙན་མདུན་ཆེས་ཐོག་མར་ཚོགས་མཆོད་དང་འབྲེལ་ནས་འདོན་རྒྱུ་བྱུང་བ་ནི་ཤིན་ཏུ་སྐལ་བཟང་དུ་ཚོར་རོ། །
འཇིག་རྟེན་གྱི་བྱ་གཞག་ཐམས་ཅད་ཀྱི་བདག་དབང་དང་། ཆེ་མཐོང་། མིང་གྲགས་སོགས་སྐྱོ་མ་སྔ་བཙན་གྱི་དཔེ་ལྟར། ཁ་གང་སྔ་དང་ལག་གང་མགྱོགས་ཀྱིས་འཕྲོག་ཅིང་རྩོད་ལ། ཆོས་དང་རིག་གཞུང་སྲུང་སྐྱོབ་ལ་མིང་བཏགས་པའི་བྱ་གཞག་རྣམས་ཀྱང་སྒེར་དོན་མིང་གྲགས་གོ་ཐོབ་བསྒྲུབ་པའི་ཆ་རྐྱེན་དུ་ཁྱེར་བའི་སྒྱུ་མ་མཁན་གྱིས་ས་གཞི་ཁེངས་པའི་དུས་ངན་འདི་འདྲར་རེ་ཞིག་སྨྲ་བརྗོད་ཀྱི་མགྲིན་ལམ་བཀག་སྟེ་དགུན་ཁའི་ཁུ་བྱུག་ཅིག་བྱེད་འདོད་ཀྱི་འདུན་པ་ལྷན་སྐྱེས་སུ་འཆར་མོད། ཐག་ཉེ་རིང་གི་ངོ་ཤེས་བརྩེ་སེམས་ཅན་འགའ་ཞིག་གིས་དེང་སང་གང་ན་ཡོད། ཅི་བྱེད་ཀྱི་དྲི་བ་སླེབ་བཞིན་པར་བརྒྱ་གོ་གཅིག་ཆོད་ཀྱི་ཚུལ་དུ་ཉིན་ཤས་རིང་སྤྲང་འཁྱམ་ལ་ཕྱིན་པའི་གནས་ཚུལ་འགའ་ཞིག་ཆུ་ཡོས་ནག་པ་ཟླ་བའི་ཚེས་ ༡༥། ཕྱི་ལོ་ ༢༠༢༣ ཟླ་ ༥ ཚེས་ ༥ གནས་བརྟན་པའི་ལུགས་ཀྱི་སྟོན་པའི་འཁྲུངས་ཚེས་དུས་བཟང་ཉིན་ཡི་གེར་འགོད་པ་པོ་ནི་མི་དགེ་བའི་བཤེས་གཉེན་ལ་དགེ་བཤེས་ཀྱི་མིང་བཏགས་པ་འཇིགས་མེད་བློ་གྲོས་སོ། །