རྨ་མགུར་སངས་རྒྱམ་གྱིས་བྲིས།
དེའང་། ལྷོ་ཡུལ་གྱི་གར་ཞཱ་འཕགས་པ་འདི་ནི་རྒྱ་གར་ཧི་མ་ཅལ་མངའ་སྡེའི་གར་ཞཱའི་ཡུལ་དུ་བཞུགས་ཤིང་། ཕྱི་ལོ་དུས་རབས་བརྒྱད་པའི་དཀྱིལ་ཙམ་ལ་བཞེངས་པར་འདོད་པ་དང་། སྐུ་འདྲ་འདིའི་ངོས་འཛིན་བྱེད་ཚུལ་ལ་བཞེད་པ་སྣ་མང་ཡོད་དེ། སྔོན་ནས་ད་བར་དུ་ས་གནས་འདིའི་ནང་བའི་ཆོས་ལུགས་པ་དག་གིས་འཕགས་པ་སྤྱན་རས་གཟིགས་ཕྱག་དྲུག་པ་དབུས་སུ་འོད་དཔག་མེད་བཞུགས་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། སྐབས་ཤིག་ལ་དགོས་དབང་གིས་ཧིན་དུའི་ཆོས་ལུགས་པ་དག་གིས་ལྷ་དབང་ཕྱུག་ཡིན་པར་བཤད་ཀྱི་ཡོད། ཡིན་ནའང་། ཕྱོགས་གཉིས་ཀས་སྐུ་འདྲ་འདི་ནི་ཐོག་མར་གུ་རུ་པད་མ་སམ་བྷ་ཝས་བཞེངས་པར་འདོད་ཀྱི་ཡོད། དེ་ཡང་དུས་རབས་མང་པོའི་རྒྱུད་རིམ་གྱི་ཉམས་རྒུད་ཁྲོད་དུ་བསྐྱར་བཅོས་སྣ་མང་བྱས་ཀྱང་ཉེ་དུས་ཀྱི་བསྐྱར་གསོ་ནི་ཕྱི་ལོ་༡༩༨༠་ནང་དུ་རྩ་བའི་རྨང་གཞི་ལ་བརྟེན་ནས་བཞེངས་པར་བཤད།
དེའང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྒྱ་གར་གྱི་གནས་ཡིག་ལས། ཀུ་ལུའི་བྱང་དུ་རོ་ཐང་ལ་བརྒལ་ན་བོད་ཀྱི་ཡུལ་གར་ཞྭ་མཁའ་འགྲོའི་གླིང་ཞེས་འབྲི་གུང་སྐྱོབ་པས་བསྔགས་པ་དེར་བསླེབས། དེར་དྲིལ་བུ་རི་དང་། ལུང་སྨད་དུ་འཕགས་པ་འཇིག་རྟེན་གསུམ་མགོན་བྱ་བའི་སྤྱན་རས་གཟིགས་ཀྱི་སྣང་བརྙན་ངོ་མཚར་ཅན་དེ་བཞུགས། ཞེས་དང་། གཞན་ཡང་། གཏམ་རྒྱུད་གསེར་གྱི་ཐང་མ་ལས། བྱང་ཀུ་ལུ་ཏའི་ཡུལ་ནས་ཉིན་དྲུག་གི་ལམ་ན་གར་ཞཱ་བྱ་བའི་ལུང་ཆུང་གི་སྡེ་བོད་རིགས་སུ་གཏོགས་པ་ཞིག་ཡོད། ཅེས་གསུངས་པས། དགེ་ཆོས་རང་ཉིད་ཀྱང་ཡུལ་དེར་དངོས་སུ་ཕེབས་མྱོང་ཡོད་པ་ཞིག་ཡིན་པ་འདྲ།
དེའང་། ཕྱི་ལོ་༦༣༥་ལོར་རྒྱ་ནག་གི་བཙུན་པ་ཤྱན་ཙང་ཀུ་ལུ་རུ་ཕེབས་སྐབས་སུ། ལ་ཧོ་ལ་ཞེས་མིང་འབོད་གནང་སྟེ་ཀུ་ལུ་ནས་ལྷོ་ཡུལ་ཏེ་ལ་ཧོ་ལའམ་གར་ཞཱའི་ཡུལ་བར་དུ་ཀི་ལོ་མི་ཏྲར་ལྔ་བརྒྱ་ལྷག་ཡོད་པར་གསུངས་པ་ནི་ལྷོ་ཡུལ་དང་ལི་ཡུལ་གཉིས་ནོར་བ་མིན་ནམ་སྙམ་ཞེས་མཁས་པ་ཁག་ཅིག་གིས་བརྗོད་དོ། །
དེའང་། ཀ་ཟ་ཁུ་རྒྱལ་ཡོངས་སློབ་གྲྭ་ཆེན་མོའི་(Kazakh National University)་ལོ་རྒྱུས་མཁས་དབང་ལའོ་ར་ཡེ་རེ་ཀེ་ཤེ་ཝ་ལགས་ཀྱི་གསུངས་དོན་དུ། མཁས་པ་དག་གིས་གར་ཞཱའི་ཡུལ་འདིར་ཕལ་ཆེར་ཕྱི་ལོའི་དུས་རབས་གཉིས་པའི་ནང་དུ་དཔལ་མགོན་ཀླུ་སྒྲུབ་རང་ཉིད་ཀྱིས་བཞེངས་པའི་རྒྱ་གར་གྱི་གནའ་བོའི་ནང་ཆོས་ཀྱི་དགོན་པ་ཞིག་ཡོད་པར་བཤད་པ་དང་། ད་ལྟའི་དུས་སུ་དགོན་གནས་དེར་གནའ་བོའི་ཤུལ་རྫས་གང་ཡང་ལྷག་མེད་པར་འདོད་ཀྱི་ཡོད། སྤྱིར་བཏང་དུས་ཡུན་མང་པོའི་རྒྱུད་རིམ་ནང་དུ་གར་ཞཱའི་ཡུལ་འདི་ལ་ཉེ་འཁོར་གྱི་རྒྱལ་ཕྲན་ཁ་ཤས་ཀྱི་དབང་འོག་ཏུ་བཅུག་ཡོད་པའི་ཁྲོད་དུ་དེ་དང་ས་འབྲེལ་ཡིན་པའི་ཅམ་རྦ་ཞེས་པའི་ཡུལ་གྱི་རྒྱལ་པོ་ཧིན་དུའི་ཆོས་ལུགས་ལ་འགྱུར་བ་དང་སྐབས་ཤིག་ཏུ་གར་ཞཱའི་ཡུལ་འདི་ལ་དབང་སྒྱུར་ཅུང་ཟད་བྱས་པའི་རིང་དུ་གར་ཞཱའི་ས་གནས་ཁ་ཤས་ཀྱི་མིང་བསྒྱུར་པ་དང་འཕགས་པའི་གནས་མཆོག་ལ་བསྐྱར་གསོ་གནང་བ་སོགས་པ་ལ་བརྟེན་ནས་ནང་བའི་ཆོས་ལུགས་པ་དང་ཧིན་དུའི་རྗེས་འབྲངས་པ་གཉིས་ཀྱིས་གར་ཞཱ་འཕགས་པ་ལ་དད་གུས་བྱེད་པའི་ཡུལ་ཞིག་ཏུ་གྱུར་ཡོད་པར་སྙམ་པ་དང་། གང་ལྟར་ཡང་། ལྷ་ཁང་དེ་ཉིད་ཕྱི་ལོའི་དུས་རབས་དགུ་བའི་མཇུག་དང་བཅུ་བའི་འགོ་སྟོད་ཙམ་ལ་བཞེངས་པའི་ནང་བའི་གནས་ཤིག་ཡིན་པར་འདོད་ཀྱི་ཡོད་པ་དང་། དེ་ཡང་། ཨིན་ཇིའི་དབང་འོག་རྒྱ་གར་ཡུལ་མིའི་ཞབས་ཞུའི་ལས་བྱེད་ལ་སོགས་པའི་གཞན་དག་གིས་རང་ཉིད་ཀྱིས་གང་ཞིག་མཐོང་བ་དང་ཐོས་པ་ལ་གཞིགས་ཏེ་བཤད་དོན་དུ། གར་ཞཱ་འཕགས་པའི་གནས་མཆོག་འདི་ནི་དགོས་དབང་གིས་ཧིན་དུའི་ཆོས་ལུགས་ཀྱི་ལྷ་དབང་ཕྱུག་གི་གནས་ཡིན་པར་བཤད་པ་ལས། མ་གཞི་དོན་དངོས་སུ་སྐུ་བརྙན་འདི་ནི་ནང་བའི་གྲྭ་བ་དག་གིས་དད་མོས་བྱེད་པའི་སྐུ་འདྲ་ཞིག་ཡིན་པ་ལ་ཐེ་ཚོམ་གང་ཡང་མེད་པར་གསུངས་པ་སོགས་བཀོད་ཡོད།
དེའང་། དམངས་ཁྲོད་ཀྱི་བཤད་རྒྱུན་ཞིག་ལ། སྔོན་ཀུ་ལུའི་རྒྱལ་པོ་གནས་འདིར་བསླེབས་ཏེ་འཕགས་པའི་སྐུ་བརྙན་འདི་ཀུ་ལུའི་ཡུལ་དུ་གདན་འདྲེན་བྱེད་རྩིས་བྱས་ཀྱང་སྐུ་བརྙན་དེ་ལྗིད་ཚད་ཇེ་ཆེར་གྱུར་ཏེ་གདན་འདྲེན་ཞུ་ཐུབ་མེད་པ་སོགས་ཀྱི་བཤད་སྲོལ་ཡོད་པ་དང་། རྡོ་ཀ་མ་རུ་ལས་གྲུབ་པའི་འཕགས་པའི་སྐུ་བརྙན་འདིའི་བརླ་གཡས་པའི་ངོས་སུ་སྐབས་དེའི་ཀུ་ལུའི་རྒྱལ་པོའི་དམག་མི་ཞིག་གིས་གྲི་བཙུགས་པའི་རྨ་ཤུལ་ཞིག་ཀྱང་ཡོད་པར་བཤད་དོ། །
དེ་ཡང་། ཡུལ་འདིའི་མིང་གི་འབྱུང་ཁུངས་ནི། ཡུལ་འདི་ལ་མིང་ཁ་ཤས་ཡོད་པ་སྟེ། ལྷོ་ཡུལ་དང་། གར་ཞཱ། ཨིན་ཇི་དང་ཧིན་དིའི་སྐད་དུ་Lahaul ་དང་ Garsha་ཞེས་འབོད་ཀྱི་ཡོད། Lahaul་ནི་བོད་སྐད་ཀྱི་ལྷོ་ཡུལ་ཞེས་པ་ལས་ཟུར་ཆག་པ་དང་། དེ་ནི་བླ་དྭགས་ཀྱི་ལྷོ་ཕྱོགས་སུ་ཡོད་པས་བླ་དྭགས་པ་དང་བོད་རྣམས་ཀྱིས་དེ་ལ་ལྷོ་ཡུལ་ཞེས་འབོད། རྗེས་སུ་ཀུ་ལུའི་ཡུལ་གྱི་མི་མང་དང་དེང་སང་རྒྱ་གར་གྱི་ཡུལ་མི་ཀུན་གྱིས་ཀྱང་Lahaul ་ཞེས་འབོད་ཀྱི་ཡོད། Garsha ་ནི་བོད་སྐད་ཀྱི་གར་ཞཱ་ཞེས་པ་ལས་སྒྲ་བསྒྱུར་པ་དང་གནའ་བོའི་ནང་ཆོས་ཀྱི་གསུང་རབ་སོགས་སུ་བླ་དྭགས་དང་ཟངས་དཀར་ཀྱི་ལྷོ་ཕྱོགས་སུ་ཁ་ས་དང་ཧ་ཞཱ་ཞེས་པའི་མི་རིགས་དང་ཡུལ་ཞིག་ཡོད་པའི་མིང་བྱུང་བས། གར་ཞཱ་ནི་ཁ་ས་དང་ཧ་ཞཱ་ལས་ཟུར་ཆག་པར་འདོད་པ་དང་། བོད་དང་། བླ་དྭགས། སྤི་ཏི། གར་ཞཱ། ཁུ་ནུ་སོགས་ཀྱིས་ཀྱང་གར་ཞཱ་ཞེས་འབོད་ཀྱི་ཡོད། ལྷོ་ཡུལ་ལམ་གར་ཞཱ་ནི་སྐབས་འགར་སྟོད་མངའ་རིས་ཀྱི་གུ་གེ་རྒྱལ་རབས་དང་བླ་དྭགས་ཀྱི་རྒྱལ་པོའི་ཁོངས་སུ་གཏོགས་པ་དང་། གུ་གེའི་རྒྱལ་པོའི་དབང་སྒྱུར་གྱི་རིང་ལ་ལྷོ་ཡུལ་ལམ་གར་ཞཱའི་ཡུལ་དུ་རིམ་གྱིས་ནང་བ་སངས་རྒྱས་པའི་ཆོས་ལུགས་དར་བར་བྱུང་ཡོད། དེ་ནས། སྐབས་རེར་གར་ཞཱ་ནི་རྒྱ་གར་གྱི་ཅམ་པ་དང་ཀུ་ལུའི་རྒྱལ་པོ་སོགས་ཀྱི་མངའ་ཁོངས་སུ་ཚུད་པ་སོགས་བྱུང་ཡོད། དེར་བརྟེན། ཡུལ་འདི་ནི་མངའ་རིས་དང་། བླ་དྭགས། སོག་པོ། ཅམ་པ། ཀུ་ལུ་སོགས་ཀྱི་བཙན་དབང་གི་འོག་ཏུ་རིམ་པར་གནས་པ་རེད། ཕྱི་ལོ་༡༦༧༡་ལོར་སོག་པོའི་དམག་མིས་གར་ཞཱའི་ཡུལ་ལ་དཔུང་འཇུག་བྱས་ཏེ་བོད་ཀྱི་རྒྱལ་ཁམས་ཀྱི་འོག་ཏུ་གཏོགས་པར་བྱས་པ་དང་། ཕྱི་ལོ་༡༨༤༠་ལོར་སིག་དམག་དཔུང་གིས་ཀུ་ལུའི་ཡུལ་དུ་དཔུང་འཇུག་བྱས་ཏེ་རིམ་གྱིས་གར་ཞཱའི་ཡུལ་དུ་བསླེབས་པ་རེད། ཕྱི་ལོ་དུས་རབས་བཅུ་བདུན་པའི་ནང་དུ་གར་ཞཱའམ་ལྷོ་ཡུལ་འདི་སྐབས་རེར་བླ་དྭགས་ཀྱི་རྒྱལ་པོ་དང་ཀུ་ལུའི་རྒྱལ་པོ་གཉིས་ཀྱི་རེས་མོས་ལྟར་དབང་སྒྱུར་བྱས་ཡོད། མཐར་ཕྱི་ལོ་༡༨༤༦་ལོ་ནས་༡༩༤༠་ལོའི་བར་དུ་ཨིན་ཇིའི་གཞུང་གིས་སིག་ཕམ་ཉེས་བཏང་སྟེ་གར་ཞཱའི་ཡུལ་འདི་ཨིན་ཇིའི་གཞུང་གི་དབང་འོག་ཏུ་གྱུར་པ་རེད་དོ། །
འབྲེལ་ཡོད་དྲྭ་ཐག
གར་ཞ་འཕགས་པའི་ལོ་རྒྱུས་གསལ་སྟོན་གནང་བ་བཀའ་དྲིན་ཆེ་དེ་མིན་དེང་སང་ལྷ་ངོ་མ་ཤེས་ནས་ཕྱི་རོལ་མུ་ཏིག་གི་ལྷ་ཡང་ནང་པའི་ལྷ་སྐུ་རྟེན་ལ་ངོས་འཛིན་བྱེད་མཁན་ཡང་མི་ཡོང་བའི་ངེས་པ་མེད་ན་ཐུགས་རྗེ་ཆེ་བཀའ་དྲིན་ཆེ་།