ད་ལོ་རྡོར་གདན་དུ་༸གོང་ས་མཆོག་གིས་དུས་དབང་སྩལ་སྐབས་རང་རང་གི་རྣམ་དཔྱོད་ཀྱི་རྩལ་ལ་ཐོན་པའི་དཔེ་དེབ་རིགས་འདྲ་མིན་ཐོན་འདུག་པས་དེ་རིགས་ནི་བོད་ཀྱི་སྐད་ཡིག་ལ་དུང་ཞེན་ཡོད་པའི་རྟགས་མཚན་ཞིག་ཏུ་ངོས་འཛིན་བཞིན་ཡོད། ཁོ་བོས་བལྟས་སྐབས་དེབ་རིགས་ཉོ་མཁན་མང་ཆེ་བ་ནི་གྲྭ་བཙུན་ཁག་རེད་འདུག གཅིག་བྱས་ན། རྒྱུན་དུ་ནང་ཆོས་ཀྱི་དཔེ་ཚོགས་རིགས་བོད་ཡིག་ཐོག་ལ་ཡོད་པར་སོང་བོད་ཡིག་དཔེ་དེབ་རིགས་ལ་ཀློག་སྙིང་དྲོ་བ་ཡོང་བ་ཞིག་ཡིན་ངེས། གང་ལྟར་གང་ཡིན་རུང་། བོད་ཡིག་དཔེ་དེབ་རིགས་ལ་ཀློག་མཁན་ཇི་ཙམ་གྲངས་མང་བ་ཡོང་བའི་ཚོད་ཀྱིས་རང་མི་རིགས་འདི་སའི་གོ་ལ་འདིའི་སྟེང་དུ་གསོན་གནས་ཡུན་རིང་ཐུབ་པ་ལ་ཡང་ཕན་ཐོགས་རྒྱ་ཆེན་ཡོང་རྒྱུ་ཡིན་པ་ནི་སྨོས་མེད་རེད།
གུས་རང་གིས་ཕྱི་ལོ་ ༢༠༡༡ གི་ལོ་མཇུག་ལ་རྟེན་འབྲེལ་བསྟོད་པའི་འགྲེལ་པ་ཕྱོགས་བསྒྲིགས་ཞེས་མིང་བྱང་དུ་འཁོད་པའི་དཔེ་དེབ་ཞིག་ཀློག་པ་པོའི་སྤྱན་སྔར་འགྲེམས་སྤེལ་ཞུས་ཐུབ་པ་བྱུང་། སྤྱིར་རང་གིས་དེབ་དེའི་སྔོན་གླེང་དུ་བཀོད་ཟིན་པ་བཞིན། ཐོག་མའི་འཆར་གཞི་ནི་ངོས་རང་གིས་ཟིན་བྲིས་བྱས་པ་ཁག་གསུམ་སྟེ་༸གོང་ས་མཆོག་གི་གསུང་༸རྗེའི་རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་དང་དེ་བཞིན་དུ་ཅོ་ནེ་བླ་མས་མཛད་པའི་སྤེལ་མར་བསྟོད་པའི་སྟེང་ནས་བཀའ་ཁྲིད་མཛད་པ་དང་། དེ་བཞིན་དུ་སེར་བྱེས་མཁན་ཟུར་རིན་པོ་ཆེ་བློ་བཟང་ཚེ་རིང་གིས་གསུངས་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་བཅས་སྒྲ་སྡེར་ནང་ཡོད་པ་རྣམས་ཕབ་བཤུས་བགྱིས་པ་ཁག་གསུམ་ཁོ་ན་དཔར་བསྐྲུན་བྱ་འདུན་ཡོད་ཀྱང་རང་དང་ཉེ་བའི་གྲོགས་འགས་རྟེན་འབྲེལ་བསྟོད་པའི་འགྲེལ་པ་གྲགས་ཆེ་གཞན་དང་ལྷན་དུ་སྒྲིག་ཐུབ་ན་དགེ་མཚན་དང་ཕན་ཐོགས་ཆེ་བ་ཡོད་ལུགས་གསུངས་པས་དེ་ལྟར་དུ་མཐོང་ནས་དཔེ་དེབ་འདི་དཔར་བསྐྲུན་ཞུས་པ་ལགས།
མདོར་ན། ཕྱོགས་བསྒྲིགས་དེབ་ཕྲེང་འདིའི་ནང་དུ། ༡༽ ༸རྗེ་ཙོང་ཁ་པའི་རྟེན་འབྲེལ་བསྟོད་པའི་རྩ་བ་དང་། ༢༽ རྒྱལ་མཆོག་སྐུ་ཕྲེང་གཉིས་པ་ཐམས་ཅད་མཁྱེན་པ་རྒྱ་མཚོས་མཛད་པའི་རྟེན་འབྲེལ་བསྟོད་པའི་ཊཱིཀྐ་བླ་ན་མེད་པའི་འཇུག་ངོགས་ཞེས་བྱ་བ་དང་། ༣༽ རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱ་མཚོའི་བཀའ་ཁྲིད་ཁག་གཉིས་སྟེ། རྟེན་འབྲེལ་བསྟོད་པའི་རྩ་བའི་སྟེང་ནས་མཛད་པ་གཅིག་དང་། ཡང་སྤེལ་མར་བསྟོད་པའི་སྟེང་ནས་མཛད་པ་བཅས་ཁག་གཉིས་དང་། ༤༽ ཕུར་ལྕོག་ངག་དབང་བྱམས་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་ཊཱིཀྐ་འོད་དཀར་འཕྲེང་བ་ཞེས་བྱ་བ་དང་། ༥༽ སེར་བྱེས་མཁན་ཟུར་རིན་པོ་ཆེ་བློ་བཟང་ཚེ་རིང་གིས་གསུངས་པའི་རྟེན་འབྲེལ་བསྟོད་པའི་བཀའ་ཁྲིད་དང་། ༦༽ ཅོ་ནེ་བླ་མ་རིན་པོ་ཆེ་བློ་བཟང་རྒྱ་མཚོའི་སྤྲིན་གྱིས་མཛད་པའི་འགྲེལ་པ་སྤེལ་མར་བསྟོད་པ་ཞེས་བྱ་བ་དང་། ༧༽ ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་འགྲེལ་པ་ལེགས་བཤད་ནོར་བུའི་བང་མཛོད་ཅེས་བྱ་བ་དང་། ༨༽ བློ་གླིང་རྒན་ལམ་རིམ་པས་བརྩམས་པའི་འགྲེལ་པ་མཐར་འཛིན་མུན་སེལ་ཞེས་བྱ་བ་དང་། ༩༽ དངུལ་ཆུ་དྷརྨ་བྷ་ཌས་མཛད་པའི་འགྲེལ་པ་ཟབ་དོན་ལྟ་བའི་འདྲེན་བྱེད་ཅེས་བྱ་བ་དང་། ༡༠༽ ཨ་ལག་ཤ་ངག་དབང་བསྟན་དར་གྱིས་མཛད་པའི་དོན་འགྲེལ་རིན་ཆེན་ཕྲེང་བ་ཞེས་བྱ་བ་བཅས་བཞུགས་ཡོད་པས་གྲགས་ཆེ་བའི་འགྲེལ་བྱེད་རྣམས་དེབ་ཕྲེང་འདིའི་ནང་དུ་ཚུད་ཐུབ་པ་བྱུང་སྙམ། དཔེ་དེབ་འདི་འཁོ་དགོས་ཡོད་ཚེ་སེར་སྨད་དཔེ་ཚོང་ཁང་དུ་འབྲེལ་བ་གནང་རོགས། རིང་མིན་མོན་གྷོ་རུ་དཔེ་དེབ་འདི་དཔེ་ཚོང་ཁང་ནང་དུ་གང་མགྱོགས་འགྲེམས་སྤེལ་ཞུ་རྒྱུ་ཡིན། དེ་མིན་གུས་རང་ལ་ཐད་ཀར་འབྲེལ་བ་གནང་འདོད་ཡོད་ཚེ་ཁྱེད་ཀྱི་གློག་འཕྲིན་ཁ་བྱང་འདིར་འཇོག་རོགས།
ཁོ་བོས་ ༢༠༡༡ ལོ་འགོར་དཔར་བསྐྲུན་ཟིན་པའི་ཚན་རིག་གི་དེབ་པར་རིས་ཚོན་མདངས་ཅན་སྣ་མང་དང་དེ་འབྲེལ་གྱི་ལོ་རྒྱུས་ལྡན་པའི་ཚན་རིག་གི་ཤེས་བྱ་ཀུན་བཏུས་ཞེས་པའི་ངོ་སྤྲོད་གཅིག་དེ་སྔོན་ཁ་བརྡ་དྲ་རྒྱ་ནང་དུ་བཀོད་པའི་སྐབས་སུ་མཆན་འདེབས་པ་མང་པོ་ཞིག་གིས་རྩོམ་པ་པོའི་ངོ་སྤྲོད་ལོ་རྒྱུས་བཀོད་རོགས་ཟེར་ནས་བྲིས་འདུག་མོད། གང་ཟག་ལ་མི་རྟོན་ཆོས་ལ་རྟོན་ཟེར་བ་བཞིན་དུ་གཙོ་བོ་རྩོམ་པ་པོ་སུ་ཡིན་མིན་དེ་གལ་ཆེན་དེ་ཙམ་དུ་མ་མཐོང་ནས་ད་ལན་ཡང་འགོད་ཐུབ་མ་སོང་།
སེར་ལྡན་བྱམས་པ་ཆོས་དབང་གིས་ཕྱི་ལོ་ ༢༠༡༢ ཟླ་ ༠༡ ཚེས་ ༢༦ རྒྱ་གར་དམངས་གཙོའི་དུས་ཆེན་ཉིན་ལ་སྤེལ།
ང་ལ་དེབ་འདི་གཅིག་དགོས་སོང་། ང་འཆི་ཁར་ཡང་། གང་གང་རྐྱེན་ལ་རག་ལས་པ། །དེ་དེ་རང་བཞིན་གྱིས་སྟོང་། །ཞེས་པའི་ཚིག་འདི་སྐྱོར་ཐུབ་ན་འགྱོད་པ་སྤུ་ཙམ་མེད།
༼ ༢༽ རྒྱལ་མཆོག་སྐུ་ཕྲེང་གཉིས་པ་ཐམས་ཅད་མཁྱེན་པ་རྒྱ་མཚོས་མཛད་པའི་༽ཞེས་པ་འདི་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་ཚང་རེད་དམ། ཡང་ན་གཞན་ཞིག་ཡིན་ལགས།
ཡོངས་འཛིན་ཕུར་ལྕོག་ངག་དབང་བྱམས་པས་མཛད་པའི་རྟེན་འབྲེལ་བསྟོད་པའི་ཊཱིཀྐ་འོད་དཀར་འཕྲེང་བ་ཞེས་བྱ་བ་དེར་ལན་གཉིས་ཙམ་མཇལ་མྱོང་། རང་གི་ཚོད་ཀྱིས་ཕན་པོ་བྱུང་། གཞན་དག་རྣམས་ལ་མཇལ་མ་མྱོང་བས་དེབ་དེ་གང་མགྱོགས་མཇལ་ཐབས་བྱ་དགོས་སོ།།
རང་གི་ལོ་རྒྱུས་་ལ་གསང་བ་དམ་དྲག་དེ་འདྲ་ག་རེ་ཡིན་ན། ཡང་ན་དེབ་འགྲོ་བ་ལ་དགག་བྱ་ཨེ་ཡོད།
༡༽ ༸རྒྱལ་དབང་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ་མཆོག
༢༽ ་་་་གཉིས་པ་དགེ་འདུན་རྒྱ་མཚོ་མཆོག
༣༽ པ་བསོད་ནམས་རྒྱ་མཚོ།
༤༽ ཡུན་ཏན་རྒྱ་མཚོ།
༥༽ བློ་བཟང་རྒྱ་མཚོ།
༦༽ ཚངས་དབྱངས་རྒྱ་མཚོ།
༧༽ སྐལ་བཟང་རྒྱ་མཚོ།
༨༽ འཇམ་དཔལ་རྒྱ་མཚོ།
༩༽ ལུང་རྟོགས་རྒྱ་མཚོ།
༡༠༽ ཚུལ་ཁྲིམས་རྒྱ་མཚོ།
༡༡༽ མཁས་གྲུབ་རྒྱ་མཚོ།
༡༢༽ འཕྲིན་ལས་རྒྱ་མཚོ།
༡༣༽ ༸སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོ་མཆོག
༡༤༽ ༸རྒྱལ་མཆོག་༸སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་བསྟན་འཛིན་རྒྱ་མཚོ། །
འཁྲུངས་འདས་སྐོར་དགོས་ན་ཡང་རྗེས་སུ་འབུལ་ཆོག་པ་ཞུ་ལགས། །དགེའོ། །
རྟེན་འབྱུང་སྟོང་པའི་རྟེན་འབྲེལ།
དེ་ཡི་ ཕྱིར་དུ་ ཁྱོད་ཀྱིས་ ནི། །
ལ་ལར་ སྐུ་དང་ གཞན་དུ་ སྲོག །
སྡུག་པའི་ གཉེན་དང་ ལོངས་སྤྱོད་ ཚོགས། །
གྲངས་མེད་ བསྐལ་པར་ ཡང་ཡང་ བཏང་། །
ཨེ་མའོ་སྟོན་པ་ཨེ་མའོ་སྐྱབས། །
ཨེ་མའོ་སྨྲ་མཆོག་ཨེ་མའོ་མགོན། །
རྟེན་ཅིང་འབྲེལ་འབྱུང་ལེགས་གསུངས་པའི། །
སྟོན་པ་དེ་ལ་བདག་ཕྱག་འཚལ། །
དེབ་འདི་འདྲ་ཞིག་བཙལ་ནས་གནའ་ཞིག་ཡིན། ཁོ་བོ་ཡང་དེབ་འདིར་གང་མགྱོགས་མཇལ་བར་སྨོན། ད་དུང་གྲུབ་མཐའ་གཞན་གྱི་མཁས་གྲུབ་དག་གི་རྟེན་འབྲེལ་བསྟོད་པར་འགྲེལ་རྩོམ་དེ་འདྲ་ཡོད་ནའང་ཕྱོགས་བསྡུ་བྱེད་ཐུབ་ན་སྨན་བསམ། རྩོམ་སྒྲིག་པ་ཁྱེད་སུ་ཡིན་ན་ཁ་དྲོ།
བཀའ་དྲིན་ཆེ་ང་ལ་གཅིག་དགོས
འཇིག་རྟེན་རྒུད་པ་ཇི་སྙེད་པ།།
དེ་ཡི་རྩ་བ་མ་རིག་སྟེ།
འཁོར་བའི་རྩ་བ་ཆོས་ཅན། སེམས་བྱུང་ཡིན་པར་ཐལ། མ་རིག་པ་ཡིན་པའི་ཕྱིར། ཟེར་ན་དེའི་དོན་ཇི་ལྟར་འགྲེལ།
ཀློང་རྡོལ་བླ་མ་རིན་པོ་ཆེས་ལམ་རིམ་གསུང་བཤད་སྐབས་སུ། བདེན་འཛིན་ཆོས་ཅན། སེམས་བྱུང་ཡིན་པར་ཐལ། མ་རིག་པ་ཡིན་པའི་ཕྱིར་ཞེས་པའི་རིགས་པ་རྗེ་རིན་པོ་ཆེས་མི་ཤེས་པ་མིན་དེ་ལ་གོ་རྒྱུ་ཞིག་ཡོད་ཅེས་གསུངས་སོ།།
དེ་ལྟར་བཤད་པའི་གོ་རྒྱུ་ནི། རྩ་ཤེའི་རྣམ་བཤད་རིགས་པའི་རྒྱ་མཚོ་ལས། དེ་ཁོ་ཉིད་ཀྱི་དོན་རིག་མ་རིག་གཉིས་ཀྱི་དབང་གིས་འཁོར་འདས་གཉིས་སུ་འགྱུར་རོ།།ཞེས་གསུངས་པ་ལྟར་སྟོང་བ་ཉིད་ཀྱི་དོན་རིག་ན་འཁོར་བ་ལས་གྲོལ་ཞིང་། མ་རིག་ན་འཁོར་བར་འཇུག་པ་ཤེས་པའི་ཆེད་དུ་དེ་ལྟར་གསུངས། རྣམ་འགྲེལ་ལས། མི་ཤེས་སྲིད་པའི་རྒྱུ་ཡིན་ཡང་།།ཞེས་གསུངས་པ་ལྟར་བདག་འཛིན་དང་བདེན་འཛིན་སོགས་ཀྱི་མིང་གིས་མ་སྨོས་བར་མི་ཤེས་པ་དང་མ་རིག་པའི་མིང་གིས་སྨོས་པ་ཡིན་པས། གྲོགས་མ་རིག་པའི་སྟོབས་ཀྱིས་རྨོངས་ཚུལ་ཤེས་པའི་ཆེད་དུ་རེད། སྟོང་ཉིད་བདུན་ཅུ་བ་ལས་ཀྱང་། རྒྱུ་དང་རྐྱེན་ལས་སྐྱེ་དངོས་རྣམས།།ཡང་དག་པར་ནི་རྟོག་པ་གང་།།དེ་ནི་སྟོན་པས་མ་རིག་གསུངས།།ཞེས་གསུངས་པའི་ཕྱིར། དེ་ལྟར་གསུངས་པའི་དགོས་པ་ནི། སྟོན་པ་འཇིག་རྟེན་དུ་བྱོན་པའི་དགོས་པ་འཇིག་རྟེན་གྱི་རྒུད་པ་སེལ་བའི་ཆེད་ཡིན་ལ། རྒུད་པ་དེའི་རྩ་བ་ཉོན་མོངས་ཡིན་ཞིང་ཉོན་མོངས་བའི་རྩ་བ་མ་རིག་པ་སྟེ་གཏི་མིག་ལ་ཐུག་པ་ཡིན། དེའི་ཕྱིར་འདིར་གནད་འགག་ཆེ་ས་ཞིག་ནས་དགག་ན་འགོག་སླ་བ་ལ་དགོངས་ནས་མ་རིག་པའི་ཞེན་ཡུལ་དགག་བྱའི་རྩ་བ་ཡིན་པར་ཤེས་པའི་ཆེད་དུ་རེད། དེ་ལྟ་བུའི་མ་རིག་པའི་གཉེན་པོ་སྟོབས་ལྡན་ནི་ཟབ་མོ་རྟེན་འབྱུང་རྟོགས་པའི་ཤེས་རབ་ཡིན། མཛོད་ཀྱི་སྒོ་ལྕགས་འབྱེད་པའི་གནད་ལྡེ་མིག་ལ་ཐུག་པ་བཞིན་དུ་བསྟན་པའི་སྙིང་པོ་སྟོང་བ་ཉིད་རྣམ་པར་འབྱེད་པའི་ཐབས་རྟེན་འབྲེལ་ལ་ཐུག་པ་ཡིན་སྟབས་རྟེན་འབྲེལ་བསྟོད་པ་ཟེར་བ་དང་ལེགས་བཤད་སྙིང་པོ་ཆུང་བ་ཡང་ཟེར།
མ་རིག་པ་ལ་དེ་ཁོ་ཉིད་ལ་རྨོངས་པའི་མ་རིག་པ། ལས་འབྲས་ལ་རྨོངས་པའི་མ་རིག་པ། བདེན་བཞིའི་བླང་དོར་ལ་རྨོངས་པའི་མ་རིག་པ་སོགས་དུ་མ་ཡོད།
གང་གང་རྐྱེན་ལ་རག་ལས་པ། །དེ་དེ་རང་བཞིན་གྱིས་སྟོང་ཞིང་། །
ཞེས་པའི་ཚིག་འདི་ཉིད་ཀྱི་སྒོ་ནས་བསྟོད་པ་དེར་ངོ་མ་གོ་རྒྱུ་ཡོད།
མ་རིག་པ་ཡིན་ན་སེམས་བྱུང་ཡིན་པས་མ་ཁྱབ་བམ་མ་ངེས་སྨྲས་ན། རྟགས་བསལ་དེ་ནམ་མཁར་འཇའ་ལྟར་དེངས་འགྲོ་བ་མ་མཁྱེན་པ་ཨི་ཡིན་ནམ
རྟེན་འབྲེལ་སྨྲ་བར་མང་ན་ཡང་། །ལྟོས་གྲུབ་འཇོག་པ་དཀའ་ཚད་སྣང་། །ཡོད་པ་མེད་པར་ལྟོས་མོད་ཀྱང་། །བདེན་གྲུབ་བདེན་མེད་མ་ལྟོས་མཚར་། །ལྟོས་ན་བདེན་གྲུབ་ཇི་བཞིན་དུ། །བདེན་མེད་དོན་ལ་མ་གྲུབ་བམ། །ཕྱོགས་ཞེན་ངན་པས་མ་སླད་པར། །ཡངས་པའི་རྣམ་དཔྱོད་ལྡན་པ་ཞིག གང་ན་བཞུགས་ཀྱང་ལན་ཞིག་གནང།
མ་ནི་བུ་མོར་ལྟོས་ནས་མ།།
ཕ་ཡང་བུ་ལ་ལྟོས་ནས་ཕ།།
དེ་བཞིན་ཕ་རི་ལ་ལྟོས་ནས།།
ཚུ་རི་འཇོག་པ་ཤེས་གྱུར་ན།།
ལྟོས་ནས་གྲུབ་པ་མ་གཏོགས་པའི།།
ཆོས་འགའ་མེད་པར་ཤེས་པར་འགྱུར།།
དེའི་དོན་བསམ་ན་ཆོས་འཕེལ་ནས།།
ལྟོས་གྲུབ་གོ་དོན་ཕྲལ་ཏུ་མཁྱེན།། །།
རྟེན་འབྲེལ་བསྟོད་པའི་འགྲེལ་ཕྱོགས་བཏུས་གནང་བར་ལེགས་སོ། ཨ་ལགས་ཤ་བསྟན་དར་གྱིས་རི་བོ་དགེ་ལྡན་པའི་སྐྱེ་ཆེན་དམ་པ་ཞིག་ཡིན་པ་དང་ཁོང་གིས་འཇིགས་མེད་གླིང་པའི་ཡོན་ཏན་མཛོད་ལ་འགྲེལ་བ་གནང་ཡོད་ང་རང་རྱལ་བ་ཀློང་ཆེན་པ་དང་ཆོས་རཇེ་ཙོང་ཁ་པའི་གསུངས་རབ་ལ་ཡང་ཡང་ཞལ་མཇལ་དགའ་བཞིན་ཡོད། ད་ལན་དེབ་དེ་ལ་རིན་པ་ག་ཚོད་སྒོར་༡༥༠ དེབ་གཅིག་རག་གི་ཡོད་ངས་ཉི་འདོོད་བྱུང་། ཁྱེད་གསུངས་པ་དེབ་བསྒྲིགས་གནང་པོ་མཛད་པ་ལ་ཡི རང་ཡོད་ཀྱང་ཁྱེད་ལོ་རྒྱུས་ལ འདིར་བྲིས་དངོས་པ་དབེན་།
རང་ནི་སྔ་འགྱུར་རྙིང་མའི་ཚོགས་གྲལ་གྱི་བན་ཆུང་ཞིག་ཡིན། ཆོས་རྗེ་ཙོང་ཁ་པ་ཆེན་པོ་ལ་སྙིང་ནས་འདུད་དོ། སྐྱབས་སུ་མཆིའོ།
དེའི་གསུང་རབ་ལ་དང་མོས་དང་ཡང་ཡང་མཇལ་བའི་སྐལ་བཟང་གི་ཉི་མའི་དྲོད་ཕོག་པའི་བན་ཧྲུལ་ཡིན་ཞིག་ཀྱང་ཡིན་ཁེང་སྤོབས་དང་། ད་ལན་གསུང་རབ་བྱིན་ཅན་དེ་འདྲ་ཞིག་ཕྱོགས་བཏུས་གནང་བར་ཡི་རང་གི་སྤྲོ་བརྟས་ཕེལ། ཨ་ལགས་ཤ་བསྟན་དར་ལྷ་རམ་གྱིས་གཏེར་སྟོན་འཇིགས་མེད་གླིང་པའི་གསུང་ཡོན་ཏན་མཛོད་ཀྱི་འགྲེལ་བ་པོད་ཅིག་གནང་ཡོད་རྙིང་མའི་སྐྱེས་ཆེན་རྣམས་ཀྱིས་ཁོང་གི་སྐོར་ཡང་ཡང་གསུངས་གནང་གིས་རེད།
ད་དུང་ང་ཚོས་བླ་མས་བོད་ཟླ་ཚེས༢༥་ཉིན་ལ་སྤྱིར་མཁའ འགྲོའི ཚོགས་གསུངས་བ་དང་ཆོས་རྗེ་ཙོང་ཁ་པའི་ཞིང་གཞན་དུ་གཤེགས་པའི་དུས་བཟང་ལ་རྩ་ཆེན་གནང་ནས་དམིགས་བརྩེ་ལྔ་སྐོར་མ་ཡང་གསུངས་ཀྱིས་འདུག མ་ཟད་ཁོང་གིས་དེང་སང་དགེ་ལྡན་དམིགས་བརྩེ་བཞི་སྐོར་མ་མ་གཏོགས་། བདུད་དཔུང་མ་ལུས་འཇིམས་གསང་བའི་བདག་ཅེས་ཚིག་རྐང་འདི་མི་གསུངས་འདུག་་་་ཅི་ཡིན་མི་ཤེས་གསུངས་ནས་་ཐུགས་ལ་མ་བབས་པའི་རྣམ་པའི་ཚུལ ཞིག་སྣང་། ཁོང་ཉིད་ཀྱིས་རིག་གསུམ་ཀུན་འདུས་ཀྱི་ངོ་བོ་མཚོན་དོན་ལྔ་སྐོར་གསུངས་བ་རེད།
ཡིད་ཤེས་ཁོ་ན་འཁྲུལ་བའི་དབང་གིས་སྣང་བ་ཡིད་ལ་བྱ་དགོས་པའི་སྒྱུ་མའི་དཔེ།
བཀའ་གདམས་གསུང་གྲོས་ཕ་ཆོས་ཞུས་ལན་ནོར་བུའི་ཕྲེང་བའི་ལེའུ་བཅོ་ལྔ་པ་ལས། ཇོ་བོ། སྒྱུ་མའི་དཔེ་གཅིག་གསུང་མཛོད་དང་།།འབྲོམ། མཉན་ཡོད་བྱ་བའི་གྲོང་ཁྱེར་ན།།སྒྱུ་མ་མཁས་པ་ཤེས་པ་ཡི།།ཟླ་བཟང་བྱ་བའི་མི་གཅིག་ཡོད།།དེ་ལ་གྲོགས་པོ་དཔལ་ཞེས་པ།།བཟའ་མི་གསུམ་ཙམ་བྱས་པ་ཡོད།།དེ་ནས་ཟླ་བ་བཟང་པོ་ཡིས།།ཁྱིམ་བདག་དཔལ་ལ་སྒྱུ་མ་སློབས།ཕྱིན་ཆད་དགོས་པ་ཡོད་པ་ཡིན།།ཟླ་བ་བཟང་པོ་དེས་ཅི་བྱེད།།དེ་བས་རྟ་གཅིག་དགའ་བ་ཡིན།།ཟླ་བ་བཟང་པོས་མ་རིགས་ནས།།ལན་ཅིག་བསླུས་ལ་བཞག་གིས་སྙམ།།རེ་ཞིག་དཔལ་བ་བཟའ་མི་གསུམ།།ནང་པར་སྔ་མོར་ལྟོ་ཟོས་ནས།།དཔལ་གྱི་སྒོ་རྩར་སྐུད་པ་བསྒྲིམས།།ཆུང་མས་ནང་དུ་བཀྲུ་བཤལ་བྱས།།དེ་ནས་སྒྱུ་མ་མཁན་པོ་ཡིས།།སྒྱུ་མའི་རྟ་གཅིག་ཞོན་ནས་འོངས།།དཔལ་ལ་རྟ་འདི་ཉོས་བྱས་པས།།ང་ལ་རིན་མེད་མི་ཉོ་ཟེར།།སླ་ཡིས་སྐུད་པ་བཅོལ་བྱས་པས།།རྟ་རིན་སྐུད་པ་འདོད་པས་ཆོག།འདི་ནི་མགོ་སྐོར་ཐུབ་པར་འདུག།སྙམ་ནས་ཉོ་བར་ཁས་བླངས་པས།།འོ་ན་ཁྱོད་རང་འགྲོས་ལྟོས་ཟེར།།དེ་ནས་དཔལ་གྱིས་ཞོན་པ་དང་།།རྟ་དེས་དབང་མེད་ཉིད་དུ་ཁྱེར།།དེ་ནས་ཉི་མ་ནུབ་པ་དང་།།རྒྱུས་མེད་ལུང་སྟོང་གཅིག་ཏུ་བསླེབས།།སྡུག་རྟ་འདི་ཡིས་བསླུས་སོ་སྙམ།།ཕར་ཆེར་ཚུར་ཆེར་བལྟས་ཙ་ན།།དུ་བ་འཕྱུར་བའི་ཁང་པ་མཐོང་།།དེ་ཡི་སྒོ་རྩར་མགྱོགས་པར་ཕྱིན།།སྒོ་ལ་བརྡུང་ཞིང་བོས་ཙ་ན།།ནང་ནས་བུད་མེད་རྒན་མོ་བྱུང་།།ལེགས་ས་མི་གཅིག་འདུག་གོ་སྙམ།།མ་ལེགས་མི་མ་ཡིན་པར་འདུག།དོ་ནུབ་འདི་ཡིས་ཨེ་བསླུས་ཡིན།།བསླུས་ཀྱང་བྱ་རྒྱུ་ཅི་ཡང་མེད།།གཞན་ན་འགྲོ་ས་ཡེ་མི་འདུག།སྟག་དང་སྤྱང་ཁྱིས་ཟོས་པ་སྲིད།།དེ་བས་འདི་ལ་བརྟེན་པ་དྲག།སྙམ་སྟེ་གནས་མལ་ཐོང་བྱས་པས།།ཅིས་ཀྱང་ནང་དུ་བྱོན་ཟེར་སྐད།།ནང་དུ་ཕྱིན་ནས་བལྟས་ཙ་ན།།མོ་ལ་བུ་མོ་གསུམ་ཙམ་འདུག།ཁོ་ལ་བཟའ་བཏུང་ཞིམ་པོ་བྱིན།།མི་ཁྱོད་འདི་རུ་སུས་བསྐྱལ་ཟེར།།སྔར་གྱི་བྱུང་ཚུལ་བཤད་ཙ་ན།།ད་མི་ཁྱོད་ལ་འགྲོ་ས་མེད།།འདི་ནི་གླིང་ཕྲན་བདག་མེད་ཡིན།།ངེད་ཀྱི་སྐྱེས་པའང་གུམ་ནས་མེད།།བུ་མོ་གཅིག་དང་ཁྱིམ་བྱས་ལ།།ཁྱིམ་འདིའི་བདག་ཀྱང་ཁྱོད་ཀྱིས་གྱིས།།ཕྱིན་ཆད་གར་ཡང་མི་སླེབ་ཟེར།།ཁོ་སྙམ་དེ་ལས་འོས་མེད་སྙམ།།བུ་མོ་གཅིག་དང་ཁྱིམ་བྱས་ནས།།བསྡད་པས་ལོ་ཡང་མང་པོ་སོང་།།བུ་ཚའང་མིང་སྲིང་གཉིས་གསུམ་བྱུང་།།ཉིན་གཅིག་མ་དེ་ཤིང་ལ་སོང་།།ཕ་སྤད་བཞི་པོ་ཆུ་འགྲམ་དུ།།རྩེད་མོ་རྩེད་ཞིང་བསྡད་པ་ན།།ཆུ་ཡི་ནང་དུ་ཟླ་བ་ཤར།།བུ་ཚ་གཅིག་གིས་ལེན་དུ་ཕྱིན།།དེ་བས་བྱིས་པ་ཆུ་ཡིས་ཁྱེར།།ཕས་ཀྱང་ར་མདའ་བརྒྱུགས་ཙ་ན།།ཕྱི་ལའང་བུ་གཅིག་ཁྱར་ནས་བྱུང་།།དེ་ནས་ཐེ་ཚོམ་དུ་མ་ལངས།།ཕྱི་མ་བཟུང་བས་སྔ་མ་ཤོར།།བར་དུ་གཉིས་ཀ་མ་ཟིན་པར།།འགྲམ་ནས་བུ་མོ་སྟག་གིས་ཁྱེར།།རེས་འགའ་སྟག་ལ་ཀུ་ཅོས་འདེབས།།གསུམ་ག་མ་ཟིན་ཁོ་རང་འགྱེལ།།ཤི་ལ་ཁད་པས་སྐམ་ལ་ཐོན།།སྡུག་ནས་འགྱེལ་ཏེ་བསྡད་ཙ་ན།།ཆུང་མས་དེ་རུ་བསླེབས་ནས་བྱུང་།།ཅི་བྱུང་ཟེར་ནས་བྱུང་ལུགས་བཤད།།ཆུང་མའང་སྐྲག་ནས་ཆུ་ལ་ལྕེབས།།མ་བུ་ཐམས་ཅད་ཤི་བ་མཐོང་།།ཁོ་བོ་འདྲ་བའི་ཚོགས་མ་བསགས།།ལ་ལ་དག་དང་གསོན་བྲལ་བྱས།།ཕྱི་མ་བཞི་དང་ཤི་བྲལ་བྱས།།ང་ཡང་འདི་རུ་ཤི་ན་བདེ།།སྙམ་ནས་སྐྲ་སྤུ་འབལ་ཙ་ན།།མགོ་ཡང་དཀར་པོར་སོང་ནས་འདུག།སྙིང་རླུང་ལངས་ཏེ་བྲོས་ཙན།།ཇི་ཞིག་ཙམ་ནས་ཡུལ་དུ་བསླེབས།།ཁྱིམ་དུ་ཕྱིན་ནས་བལྟོས་ཙ་ན།།སྔར་གྱི་ཆུང་མ་གླུ་ལེན་ཞིང་།།ཅི་བྱེད་ད་དུང་ཉི་མ་འདི།།ཁོ་མོས་འཁྲུད་པ་མ་ཟིན་ཟེར།།ཁོ་ནི་དད་པ་གཏིང་ནས་ལོག།ཁོ་བོས་ཅི་འདྲའི་སྡུག་བསྔལ་མྱོང་།།དེ་ཙམ་ཞིག་ཏུ་སྟོར་བ་ལ།།ཐ་མའང་མྱ་ངན་མི་བྱེད་པར།།ཁྱོད་ཀྱི་གླུ་རྐྱང་རེ་སྙམ་ཨ།།བྱུང་བས་དགའ་སེམས་མི་བྱེད་པར།།ཉི་མ་འདེ་བའི་བསླབ་བྱ་དང་།།ཟེར་ནས་སྔངས་པ་ཆུང་མས་ཐོས།།ཆུང་མས་བསམས་པ་སྐྱེས་པ་འདི།།འཁྲུལ་ལམ་སྨྱོ་བའམ་སྒྱུ་མས་བསླུས།།འདི་ལ་ཅི་ཞིག་བྱུང་ནས་འདུག།ཁོ་དེ་ཁྱོད་ལ་ཅི་བྱུང་བ།།མོ་དེ་ཡུན་རིང་དེ་ཙམ་བྲལ།།ཁྱོད་ལ་ད་དུང་རྒྱུས་མེད་ཨ།།ཁོ་དེ་དེ་འདྲ་ཅི་ལ་ཟེར།།ད་ལྟ་རང་དུ་ལྟོ་ཟོས་ནས།།ད་དུང་འཁྲུད་མའང་མ་ཟིན་པ།།འདི་ལ་ལྟོས་དང་ཟེར་ནས་བསྟན།།ཅི་ཁྱོད་གྲོགས་པོས་བསླུས་པར་འོང་།།ད་དུང་སྐུད་པའི་འཁལ་འཕྲོ་ལྟོས།།ཕྱིན་ཉི་ག་གི་ཡོད་ངོས་ཤེས།།དེ་ནས་དཔལ་གྱི་བསམ་པ་ལ།།མོ་ཡི་ཟེར་ལུགས་འདྲ་ན་རང་།།དེ་ཀུན་ང་རང་འཁྲུལ་འཁྲུལ་འདྲ།།འོན་ཀྱང་ལོ་མང་འཁྲུལ་མི་སྲིད།།བུ་ཚ་མིང་སྲིང་གསུམ་ཙམ་སྐྱེས།།ཤི་ཚད་རིམ་པ་དེ་ཙམ་མཐོང་།།ལོ་གཅིག་ཟླ་བ་བཅུ་གཉིས་ཡིན།།ཞག་པོ་སུམ་བརྒྱ་དྲུག་མཆིས།།ཉིན་ཞག་གཅིག་གི་སྡུག་བསྔལ་ལ།།དེ་ཙམ་འཁྱམས་ན་ཆུང་མ་འདིས།།ང་ལ་བསླུ་བྲིད་གཏོང་བར་འདུག།སྐུད་པ་བལྟ་རུ་ཕྱིན་ཙ་ན།།ད་དུང་སྒོ་དྲུང་དེ་ན་འདུག།ད་གཟོད་བསམ་པས་སྒྲོ་འདོགས་ཆོད།།དེ་ནས་ཞག་ཤས་ལོན་པ་ན།།གྲོགས་པོ་སྒྱུ་མ་མཁན་པོ་བྱུང་།།ཁྱོད་དང་ལོ་མང་མ་འཕྲད་པས།།སྐྱོ་བས་དེ་རིང་ཕྲད་དུ་འོངས།།ཁྱོད་ཀྱིས་གང་དུ་ཕྱིན་པ་ལགས།།དཔལ་གྱིས་སྔར་གྱི་བྱུང་ཚུལ་བཤད།།སྒྱུ་མ་མཁན་པོ་ན་རེ་ཡའི།།ཆོས་རྣམས་སྒྱུ་མའི་སླུ་བྲིད་ལགས།།བདེན་པར་གྱུར་བ་ཅི་ཡང་མེད།།བུ་གསུམ་མ་ནི་མཐོང་བ་མེད།།ལུས་ཀྱི་སྦྱོར་བ་ག་ལ་སྲིད།།གོམ་གང་ཙམ་ཡང་ཕྱིན་པ་མེད།།ཐག་རིང་སླེབ་པ་གང་ནས་འོངས།།ཡུད་ཙམ་ཞིག་ཀྱང་སོང་བ་མེད།།ལོ་མང་སྡུག་པོ་ག་ན་མཆིས།།ཇི་ལྟར་འཁོར་བར་སྡུག་བསྔལ་ཡང་།།བདེན་བདེན་འདྲ་སྟེ་ཁྱོད་དང་མཚུངས།།ཡུན་རིང་བསྐལ་བར་འཁྱམས་གྱུར་ཀྱང་།།ཁྱོད་ཀྱི་ལོ་ལྟར་འཁྱམས་པ་ཡིན།།རྒས་པ་ཁྱོད་ཀྱི་མགོ་དང་འདྲ།།གཞོན་པ་ཤི་བའི་བུ་ཚ་བཞིན།།དགྲ་བོ་ཆུ་ངན་དེ་དང་འདྲ།།གཉེན་ཚན་རྒན་མོ་མ་སྨད་བཞིན།།ཕ་ཡུལ་གླིང་ཕྲན་དེ་དང་འདྲ།།ཉི་མའི་འཆར་ནུབ་སླེབ་དུས་བཞིན།།བདེན་མེད་བདེན་འཛིན་དེ་འདྲ་ཡིན།།བརྟག་དཔྱད་མི་གཏོང་ཁྱིམ་བདག་དཔལ།།ཡེ་ནས་སྟོང་བའི་གནས་ལུགས་དེ།།ཆུང་མའི་ཚིག་ལས་ཐོས་པས་གོ།སྐུད་པ་མཐོང་བས་བསམས་པས་གོ།།ད་གཟོད་གཏིང་ཚུགས་གོམས་པས་གོ།ད་ནི་མཉན་ཡོད་ལ་སོགས་པའི།།ཡུལ་དང་ཡུལ་ཅན་མ་ལུས་པ།།འདི་དང་འདྲ་འོ་དེ་ལ་དཔྱོད།།ཡང་ཡང་སོམས་དང་ཤེས་བར་འགྱུར།།གོམས་པའི་དབང་གིས་དོན་མཐོང་འགྱུར།།སྔོན་ཆད་འཁོར་ལ་ཡིད་མི་ཆེས།།བཙལ་ན་མཚན་དངོས་ག་ལ་རྙེད།།ཁྱོད་ཀྱིས་དེ་ཙམ་འཁོར་གྱུར་ཀྱང་།།ད་གཟོད་གཏད་མེད་ཤེས་པ་བཞིན།།སྒྱུ་མ་མཁན་པོས་དེ་སྨྲས་པས།།དཔལ་གྱིས་སྒྱུ་མས་བསླུས་བར་གོ།།ཆོས་རྣམས་དེ་བཞིན་ཤེས་པར་གྱུར།།ཞེས་དེ་ལྟར་སྒྱུ་མ་མཁན་གྱིས་རྟ་གཅིག་བསྟན་ནས་འདི་ཉོས་བྱས་པ་ན། རྒད་པོ་དཔལ་གྱིས་སྒྱུ་མའི་རྟ་མིག་གིས་ཀྱང་མ་མཐོང་ལ་རྟ་ཉོས་ཞེས་པའི་ཚིག་རྣ་པས་ཀྱང་མ་ཐོས་མོད་སེམས་ཁོ་ན་འཁྲུལ་བའི་དབང་གིས་དེ་དང་དེ་སྣང་བ་ཙམ་ཡིན་པ་བཞིན་དུ་རང་ཚོ་ལ་སྣང་བའི་བདག་དང་གཞན་གྱི་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་མཐའ་དག་དང་འཇིག་རྟེན་གྱི་སྣང་བ་ཐམས་ཅད་དེ་དང་འདྲ་བར་ཡེ་ནས་དག་ཀྱང་བསྙོན་མེད་དུ་སྣང་བ་ཡིན་པར་ཤེས་པར་གྱིས་ཤིག །
རུམ་སྟིག་དང་རྒྱུད་སྟོད་ལ་སུ་བསྡད་ཡོད་ཤོད་ཅིག ཁྱོད་ཀཉིས་ཡ་དཀྲུགས་མདའ་དཀྲུགས་སྒེར་དོན་ཅང་ཅང་ཡིན་པས་གུ་ཚོ་ཧ་གོ་ཡོད། སྐལ་ཉི་ཁྱོད་སྔོན་ལོ་ཏོ་རན་ཏོ་ནས་སྐད་ཆ་རྫུན་གཏམ་གང་འདྲ་བཤད་ཡོད་དྲན་ཨི་འདུག་་དོན་མེད་སྒེར་དོན་དག་འདིའི་དྲ་ནང་མཆན་བཀོད་མ་ཡོང་། ངས་མང་པོ་ཞིག་འབྲི་རྒྱུ་ཡོད་ཐུགས་བསམ་ཡག་པོ་བྱས་ན་དགའ། ཆོས་སྡེ་གཞན་པའི་དགེ་བཤེས་མཁན་སྤྲུལ་ཚོས་གང་འདྲ་གནང་གིས་འདུག་དེ་འདྲ་བྱས་མ་ཐུབ་ནའང་ཚང་མ་མར་ཞབས་རུ་མ་འཐེན་རོག་སྐུ་མཁྱེན། ། ད་མང་བོ་མི་ལབ་།
རྗེ་རིན་པོ་ཆེའི་གསང་རྣམ་ལས། རྒྱལ་སྲས་ཀླུ་སྒྲུབ་ཡབ་སྲས་གཙོ་འཁོར་ལྔ་། །ཟབ་མོ་རྟེན་འབྱུང་གཏམ་གྱིས་བགྲོ་བ་མཛད། །དེ་ཡི་ནང་ནས་དཔལ་ལྡན་སངས་རྒྱས་བསྐྱངས། །རྒྱ་དཔེ་བྱིན་རླབས་འཕགས་པའི་དགོངས་པ་འཁྲུངས། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། ཞེས་གསུངས་པ་ལྟར། དེ་ཡང་སྐབས་གཅིག་རྗེ་ཉིད་འོལ་ཁ་ཆོས་གླིང་ལ་བྱ་བྲལ་ལ་བཞུགས་པའི་སྐབས་ནུབ་གཅིག་གི་མནལ་ལམ་ལ་རྒྱལ་སྲས་ཀླུ་སྒྲུབ་ཡབ་སྲས་གཙོ་འཁོར་ལྔ་ཆོས་ཀྱི་བགྲོ་གླེང་གནང་བ་གཟིགས་ནས་དམིགས་བསལ་དུ་དཔལ་ལྡན་སངས་རྒྱས་བསྐྱངས་ཀྱིས་རྒྱ་དཔེ་ཞིག་ཁོང་གི་དབུ་ཐོག་ཏུ་འཇོག་པར་རྨིས། མནལ་སད་པ་ན་འགྲེལ་པ་བུདྡྷ་པ་ལི་ཏ་གཟིགས་པའི་རྐྱེན་བྱས་ནས་དབུ་མའི་ལྟ་བའི་དཔྱད་པ་ཡོངས་སུ་རྫོགས་པ་འཁྲུངས་པ་ན་རྟེན་འབྲེལ་བསྟོད་པ་འདི་བརྩམས་པར་མཛད། རྒྱལ་སྲས་ཀླུ་སྒྲུབ་ཡབ་སྲས་གཙོ་འཁོར་ལྔ། །ཞེས་པའི་ལྔ་པ་དེ་སློབ་དཔོན་ལེགས་ལྡན་འབྱེད་ལ་འཇོག་དགོས་སྙམ། འགའ་ཞིག་གིས་དེ་ཀླུ་བྱང་རེད་ཟེར།
བསྟན་དར་ལྷ་རམས་པས།
ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་།
དེ་རྒྱུ་དེ་བཞིན་གཤེགས་པས་གསུངས།
དེ་ལ་འགོག་པ་གང་ཡིན་པ།
དགེ་སྦྱོང་ཆེན་པོས་དེ་སྐད་གསུངས།།
ཞེས་པའི་ཚིག་འདི་ནི་རྟེན་འབྲེལ་སྙིང་པོ་བོད་སྐད་དུ་བསྒྱུར་པ་ཡིན་པར་གྲགས་ཤིང་། ཡང་འདི་དང་ཆ་འདྲ་བ།
ཆོས་རྣམས་གང་དག་རྒྱུ་ལས་བྱུང་བ་དང་།
དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པའང་།
དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་སྩལ་ཏེ།
དེ་སྐད་གསུངས་པའི་དགེ་སྦྱོང་ཚུལ་ཅན་ནོ།།
ཞེས་རྟ་ཐུལ་གྱིས་ཉེ་རྒྱལ་དང་། པང་ན་སྐྱེས་གཉིས་འདུལ་བའི་སྐབས་སུ་བྱུང་བ་འདི་དང་ཆ་འདྲ་བར་སྣང་ངོ་།། ཞེས་གསུངས་ནས་ཚིགས་བཅད་དེ་ལ་འགྲེལ་པ་བྲིས་སོ།།
ཉེ་རྒྱལ་དང་པང་ན་སྐྱེས་གཉིས་ཀྱིས་ཐར་ལམ་འཚོལ་བཞིན་བཞུགས་པའི་སྐབས་སུ་རྟ་ཐུལ་གྱིས་ཚིགས་བཅད་འདི་ཐོས་ནས། དེ་ཐག་ཏུ་འདི་ཉིད་ཀྱི་དོན་རྟོགས། འདི་ཁོ་ན་ཐར་པའི་ལམ་ཡིན་པར་མཁྱེན། རང་གི་དམ་བཅའ་བཞིན་དུ། པང་ན་སྐྱེས་ལ་གསུང་བར་བྱོན་ཏེ། གསུངས་པ་ན། པང་ན་སྐྱེས། ཐོས་སྒྲོགས་བྱེད་པོ་རང་ཉིད་ལས་རིག་པ་ཅུང་བརྟུལ་བས་ལན་གཉིས་སྐྱོར་དགོས་པར་གྲགས། དེས་ན། སློབ་དཔོན་ཀླུ་སྒྲུབ་ལ་སོགས་པས་སྟོན་པ་ལ་་རྟེན་འབྱུང་གསུངས་པ་རྒྱུ་མཚན་གྱིས་བསྟོད་ཕྱག་མཛད། ཀླུ་སྒྲུབ་ཀྱི་རྟེན་འབྱུང་གསུངས་པའི་སྒོ་ནས་སྟོན་པ་སངས་རྒྱས་ལ་ཕྱག་མཛད་པའི་ཚིགས་བཅད་དེ། ཀློག་པ་པོ་ཕལ་ཆེ་བའི་ཐུགས་ལ་མངའ་བས་འདིར་མ་བྲིས་ལ། སློབ་དཔོན་ཞི་བ་འཚོས་འདི་ལྟར་བྲིས་ཏེ།
རྟེན་ཅིང་འབྲེལ་པར་འབྱུང་བ་ནི།
གང་གིས་གསུངས་པ་སྨྲ་བའི་མཆོག
ཀུན་མཁྱེན་དེ་ལ་ཕྱག་འཚལ་ནས།
དེ་ཉིད་རྣམས་ནི་བསྡུ་བར་བྱ།། ༦ །། དེ་ཁོ་ན་ཉིད་བསྡུས་པ།
རྗེ་བདག་ཉིད་ཆེན་པོའི་རྟེན་འབྲེལ་བསྟོད་པ་དེ། ཀླུ་སྒྲུབ་ཀྱིས་རྟེན་འབྱུང་གསུང་བའི་སྒོ་ནས་སངས་རྒྱས་ལ་བསྟོད་ཕྱག་མཛད་པའི་ཚིགས་སུ་བ་ཅད་པ་དེའི་འགྲེལ་པ་ལྟ་བུར་བཞུགས་པར་སེམས་སོ།།
རྒྱ་གར་དུ་མཆོད་རྟེན་སོགས་ཀྱི་གཟུངས་ལ་གོང་གསལ་རྟེན་འབྲེལ་སྙིང་པའི་མདོའི་ཚིགས་བཅད་དེ་བཞུགས་སུ་གསོལ་བར་ཐོས། ཉེ་རྒྱལ་དང་པང་ན་སྐྱེས། མཆོག་ཟུང་གཉིས་པོ་རྟེན་འབྱུང་གསུངས་པ་རྒྱུ་མཚན་དུ་བྱས་ནས། སངས་རྒྱས་ཀྱི་སློབ་མར་གྱུར་པ་བཞིན་དུ། ཉེ་དུས་ཀྱི་ཚན་རིག་པ་ཆེན་པོ། ཨ་ཡེན་སྟ་ཨན། ཞེས་པས་ཀྱང་། ང་ལ་ནང་རིག་པའི་ཆོས་ལུགས་ཤིག་མེད། གལ་ཏེ་ང་ལ་དེ་འདྲ་ཞིག་ཡོད་དགོས་ན། སངས་རྒྱས་པའི་ཆོས་ལུགས་དེ་འདམ་མོ། ཞེས་སྨས་པ་ཐོས། དེ་ཡང་སངས་རྒྱས་པའི་གྲུབ་མཐའའི་གཙོ་བོ་རྟེན་འབྱུང་ཡིན་པའི་རྒྱུ་མཚན་གྱིས་སོ།།དེ་ཡང་ཚན་རིག་པས་འཇིག་རྟེན་གྱི་གནམ་གྱི་སྐར་མ་མིག་ལ་སྣང་བ་དག་མེད་ན། རང་ཅག་ཀྱང་འདིར་མེད་པར་བཤད་དོ།།
གུས་པས་གཞུང་ཆེན་ལ་ལྟ་མ་མྱོང་། ཡིན་ནའང། ཁྱེད་རྣམ་པའི་མཆན་འདི་དག་ཚང་མ་ཀློག་པ་ཡིན་པས། དེས་ང་ལ་དཔེ་ཆ་ལྟ་འདོད་ཀྱི་འདུན་པ་ཞིག་སླེབ་སོང་བས། གུས་པར་ཚིག་རྐང་འདི་གཉིས་ལ་འབྲེལ་བ་ཞིག་སྐྱོན་རོག་གནང་།་་་་་་་་་་་་་་་་་ ཀླུ་སྨྱོན་ལགས། །གང་གང་རྐྱེན་ལ་རག་ལས་པ། །དེ་དེ་རང་བཞིན་གྱིས་སྟོང་ཞིང་།།
་གསུང་འདི་གང་ནས་་་་་་་་་་་རེད་ འདི་ལ་ཤོ་ལེ་ཁ་གཅིག་ཡོད་རེད་དམ་་་་་་་་་་་
ངས་གོ་ཚོས་བྱས་ན། རྒྱུ་གང་ལས་རྐྱེན། གང་གི་རྟེན་ཅིང་འབྲེལ་བ་ཐམས་བཅད་རྐྱེན་ལ་རག་ལས་པ་དང་། རྒྱུ་རྐྱེན་རྟེན་འབྲེལ་ལ་མ་སྟོད་པའི་ཆོས་ཞིག་མེད། དེ་ཐམས་བཅད་འདོད་མ་ཉིད་ནས་སྟོང་པའི་རང་བཞིན་ཡིན་པ་སྙམ། སླབ་སྟོན་གནང་རོག་གནང་།
གུས་པ་ཆེན་པོས།།
རྟེན་འབྲེལ་ལ་མ་ལྟོས་པ། ལྟོས། ནོར་བཅོས། སློབ
ཆོས་གང་དང་གང་ཡིན་ཡང་རང་རང་གི་རྐྱེན་ནམ་རྒྱུ་ལས་བྱུང་བ་ཞིག་ཡིན་ཕྱིན་ཆད། རང་ཉིད་རང་ངོས་ནས་གྲུབ་པའམ་རང་བཞིན་གྱིས་གྲུབ་པ་མེད་པ་ཡིན། སངས་རྒྱས་པའི་གྲུབ་མཐའ་འགའ་ཞིག་གིས། འདུས་བྱས་ཀྱི་ཆོས་རྣམས་རང་བཞིན་གྱིས་གྲུབ་པ་ཡིན་པའི་རྒྱུ་མཚན་དུ་རང་ཉིད་རྒྱུ་ལས་སྐྱེ་བ་ཡིན་པ་བཀོད་ཀྱང་། གྲུབ་མཐའི་ཡང་རྩེ་དཔལ་ལྡན་དབུ་མ་ཐལ་འགྱུར་བས། འདུས་བྱས་མ་བྱས་ཀྱི་ཆོས་ཀུན་ནི་རང་གི་སྡོད་ལུགས་ནི་རྟོག་པས་བཏགས་ཙམ་ལ་མ་ལྟོས་པར་རང་ངོས་ནས་གྲུབ་པ་མ་ཡིན་ཏེ། རང་རང་གི་རྒྱུ་དང་གདགས་གཞི་གང་རུང་ལ་བརྟེན་ནས་བྱུང་བ་ཡིན་པའི་ཕྱིར། ཞེས་བཀོད། རིགས་པའི་གཞུང་ལུགས་དང་མཐུན་པའི་གསུངས་འདི་ལྟ་བུ་ནི་ཐོག་མར་མཉམ་མེད་ཐུབ་པའི་དབང་པོས་གསུངས་པས་ན། རྗེ་ཙོང་ཁ་པས། རྒྱུ་མཚན་དེའི་སྒོ་ནས་སྟོན་པ་ལ་བསྟོད་པའི་གཞུང་རྟེན་འབྲེལ་བསྟོད་པ་ཞེས་པ་འདི་བརྩམས་སོ། །
འཕན་པོ་བསྟན་དར་ལགས་སུ། གང་གང་རྐྱེན་ལ་རག་ལས་པ། །དེ་དེ་རང་བཞིན་གྱིས་སྟོང་ཞེས། །ཞེས་པའི་མཇུག་ཏུ། གསུངས་པ་འདི་ལས་ཡ་མཚན་པའི། །ལེགས་འདོམས་ཚུལ་ནི་ཅི་ཞིག་ཡོད། །ཅེས་པ་འདི་ཡིན།
རྗེ་བཙུན་ཙོང་ཁ་པས་མཛད་པའི་རྟེན་འབྲེལ་བསྟོད་པ་ལས།
གང་གང་རྐྱེན་ལ་རག་ལས་པ།།
དེ་དེ་རང་བཞིན་གྱིས་སྟོང་ཞེས།།
གསུང་པ་འདི་ལས་ཡ་མཚན་པའི།།
ལེགས་འདོམས་ཚུལ་ནི་ཅི་ཞིག་ཡོད།།
གོ་དོན་ནི།ཆོས་གང་དང་གང་ཞིག་རྐྱེན་ལ་རག་ལས་པ་དེ་དང་དེ་ནི་རང་གི་མཚན་ཉིད་ཀྱི་གྲུབ་པས་སྟོང་ཞེས། སྟོན་པ་སངས་རྒྱས་ཀྱིས་གསུང་པ་འདི་ལས་ཡ་མཚན་པའི་ལེགས་འདོམས་ཀྱི་ཚུལ་ནི་ཅི་ཡོད་དེ་མེད་པའི་ཕྱིར་ཞེས་གོ་དགོས་སྙམ་མོ།། །།
ཅི་ཞིག་ཡོད་དེ་མེད་པའི་ཕྱིར་གསུངས་རོགས།།
དེ་རིང་གི་ཉི་མ་རྒྱ་གར་གྱི་དམངས་གཙོའི་དུས་དྲན་ཞིག་ཡིནལགས། ང་ནི་ཆོས་ཀྱི་ཚལ་ཆེན་ལ་མངར་མོའི་འབྲས་ཆུང་བསྡུ་བའི་ལས་སྐལ་འཇམ་པོ་ལ་མྱུལ་བའི་དགས་བརྒྱུད་པའི་ལ་ཞེན་དེ་བས་ཀྱང་ལུས་ཡོད། འོན་ཀྱང་ཆཻས་ཕམ་པའི་ཛ་དྲག་གི་ཚེར་མ་རྣོན་པོས་དུས་རྐྱེན་ལས་ཉིན་དང་མཚན་དུའང་མ་དལ་ཅིང་། མ་རང་བས་གུས་རྒྱུད་སྟོད་དང་རུམ་ཏེག་ལ་སྐྱོ་གར་གྱུ་འཁང་ར་ཞིག་དུས་འདས་དགོས་ཤིག་ཐལ་ཏེ་སངས་རྒྱས་བདེན་པར་སྨྲ་བས་འདུས་བྱས་ནི་མི་རྟག་པ་ཞེས་རིན་ཐང་ཐང་ཅན་ཚིང་ཐུང་ངུ་ཅན་རྒྱུན་པར་ངག་ནས་སླ་མོས་ཐོལ་ཐོལ་དུ་འདྲེན་ཐོབ་མོད་ཀྱང་དོན་ལ་ངེས་འདྲོང་ལ་དཀའ་། དེང་འུ་་བུ་ཚོས་འདས་ཟིན་པའི་ཚོར་བ་། ལོ་འཁོར་གཅིག་ལ་ཡལ་ཅིང་ངོ་མ་མི་རྟག་པ་ཟེར་རྒྱུ་འང་བློ་ལ་འཆར། ད་ནི་གང་དུ་བཞུད་དགོས་ན་དངུལ་འབོར་ཆེན་པོ་གཟབ་ནན་དང་ཁྲིམས་མཐུན་དང་། དྲང་པོ་དང་བདེན་པ་ལུས་དང་མི འབྲལ་ཡིད་ལ་འཆང་བ་དགོས་། ཞོར་འཕྲོས་སུ་ལོ་འཁོར་གཅིག་དྲན་རྟེན་ལ་
སངས་རྒྱས་གྲངས་མེ་ད་ཐམས་ཅད་དང་། །
ཁྱད་པར་སྨྲ་བ་ཟླ་མེད་ཤཀ་ཐུབ་སོགས། །
༸གོང་ས་མཆོག་ལ་གུས་བཏུད་ནས།
རྒྱ་བོད་རྟེན་་འབྱུང་ཚིགས་བརྒྱད་འབྲི། །
གང་གང་རྒྱ་ནག་ཡོད་པས་ན། །
དེ་དེར་བོད་ཡང་ཡོད་གྱུར་ལ། །
གང་གང་དགྲ་ལ་གནོད་འགྱུར་པ། །
དེ་དེར་རང་ལའང་གནོད་པར་འགྱུར། །
དེ་ཕྱིར་རང་སྲོག་མ་གཏོང་ལ། །
གཞན་སྲོག་བཅད་ནའང་ག་ལ་སྒྲིག །
དེ་ཕྱིེར་དབུས་ལམ་བདམས་ནས་བཟུང་། །
རྒྱ་བོད་གཉིས་སྨན་ལས་ལ་འབུངས། །
རྩོམ་སྒྲིག་པ་ལགས། དཔེ་དེབ་དེ་དྷ་སའི་དཔེ་ཚོང་ཁང་གང་ཞིག་ཏུ་འཚོང་རྒྱུ་ཡོད་དམ། ཅི་སྟེ་མེད་ཚེ་ཁྱེད་ཉིད་ཀྱི་གློག་འཕྲིན་གྱི་ཁ་བྱང་གནང་རོགས་ཞུ་རྒྱུ་ཡིན།
ངས་ནང་ཆོས་ཀྱི་གཞུང་ལ་སློབ་སྦྱོང་བྱེད་མ་མྱོང་ཡང། བོད་ཡིག་ཐ་རེ་ཐོ་རེ་ཞིག་ཤེས་ཀྱི་ཡོད་པས་ནང་ཆོས་ཀྱི་དཔེ་དེབ་འགའ་ཀློག་རྒྱུར་དགའ་པོ་ཡོད། ལྷག་པར་རྗེ་རིན་པོ་ཆེའི་རྟེན་འབྲེལ་གྱི་བསྟོད་པ་ཞེས་པ་དེ་ནི་ངོ་མ་བྲིས་རྩོམ་ལེགས་ཤིང། ནང་དོན་ཟབ་པ་ཞིག་ཡིན་པ་སྔོན་མ་ནས་གོ་མྱོང་ལ། ད་ལན་རྩ་བ་དང་འགྲེལ་པ་ཟུང་དུ་འབྲེལ་ནས་བལྟ་ཀློག་ཤིག་བྱེད་ཐུབ་ན་བསམ་སོང། དེར་བརྟེན་དཔེ་དེབ་དེ་ཉོ་རྒྱུ་ཡིན།
སྔོན་མ་རྟེན་འབྲེལ་བསྟོད་པ་ཟེར་བ་ཐོས་སྐབས། དཔེ་ཆ་དེ་ཆང་ས་རྒྱབ་སྐབས་ཀློག་ཡས་ཤིག་རེད་སྙམས། རྒྱུ་མཚན་ནི་དབུས་གཙང་ཁུལ་ལ། བག་སྟོན་ནམ། ཆང་སའི་སྟོན་མོ་ལ་རྟེན་འབྲེལ་བྱེད་ཟེར་སྲོལ་ཡོད།
རྗེས་མ་རྟེན་འབྲེལ་བསྟོད་པ་བཀླགས་སྐབས། ངོ་མ་ཚན་རིག་གི་བཤད་སྲོལ་དང་འགལ་བ་རྩ་བ་ནས་མེད་པའི་ཕྱི་དངོས་པོའི་གནས་ལུགས་ཇི་ལྟ་བ་བཞིན་འཚོལ་བའི་རིགས་པ་ཕྲ་མོ་ཅན་གྱི་དཔེ་ཆ་ཞིག་རེད།
དགེ་ཆོས་ཀྱི་ཁ་འཆེམས་ནང་ལ་ཡང་། ཁོང་ཤི་ཁར་བརྟེན་འབྲེལ་བསྟོད་པ་དང་བདེ་སྨོན་འདོན་དགོས་པའི་རེ་བ་བཏོན་མྱོང་ཡོད། དེ་བཞིན་པན་ཆེན་སྐུ་འཕྲེང་བཅུ་པ་མཆོག་ལྷ་སར་སྨོན་ལམ་ལ་ཞབས་བཅག་སྐབས། ཁོང་བཙོན་ལ་ལོ་མང་པོ་ཞུགས་དགོས་བྱུང་ནས། ཕྱག་དཔེ་མང་པོ་ཐུགས་ལ་ཟིན་པ་མེད་ཀྱང་། བརྟེན་འབྲེལ་བསྟོད་པ་འདོན་སྐབས། གསུང་ཤུགས་ཆེན་པོས་ཐུགས་ནས་བསྐྱོར་རྒྱུ་ཡོད་པ་བརྙན་འཕྲིན་ནང་ནས་མཇལ་ཐུབ།
དེ་བཞིན་སྟག་ཚང་ལོ་ཙ་བའི་གསུང་འབུམ་ནང་ལ་རྗེ་རིན་པོ་ཆེར་འགག་པ་མང་པོ་ཞིག་ཡོད་པ་དང་། རྗེས་སུ་བརྟེན་འབྲེལ་བསྟོད་པ་གཟིགས་ནས། ནོངས་པ་བཤགས་ནས་རྗེ་རིན་པོ་ཆེར་བསྟོད་པ་ཞིག་ཀྱང་མཛད་ཡོད་གསུང་བ་གོ་མྱོང་། ཡིན་ནའང་། དཔེ་ཆ་དེ་མཇལ་མ་མྱོང་སྟབས། བདེན་པ་ཡིན་མིན་མ་ཤེས།
ཐོག་མར་སྐུ་ཞབས་བཙན་བྱོལ་བ་ལགསུ། སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།། བོད་དགའ་ལགས་ནས་ཀྱང་། གསུང་འདི་རྟེན་འབྲེལ་བསྟོད་པའི་ནང་ནས་ཡིན་པའི་ལུང་འདྲེན་གནང་འདུག་པ་ཐུགས་རྗེ་ཆེ། གང་གང་རྐྱེན་ལ་རག་ལས་པ།།
དེ་དེ་རང་བཞིན་གྱིས་སྟོང་ཞེས།།
གསུང་པ་འདི་ལས་ཡ་མཚན་པའི།།
ལེགས་འདོམས་ཚུལ་ནི་ཅི་ཞིག་ཡོད།། རང་ཉིད་ཀྱི་གོ་ཚོས་ལ། ལེགས་འདོམས་ཞེས་པ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། དེ་ཉིད་སྟོང་པ་ཉིད་དུ་བཤད། གསུང་བ་བཞིན། རྟེན་འབྲེལ་སྟོང་པར་འཆར་ཐུབ་པ་ཞིག་དགོས་པ་ཡིན་ནམ་་་་ ་གང་དྲན་པ་དེ་མུར་བྲི་གི་ཡོད་པས་ནོར་བཅོས་སློབ་སྟོན་གནང་རོག་གནང་།།
རང་ཉིད་ཀྱི་གོ་མཐོས་ལ། རྟེན་འབྲེལ་བསྟོད་པས་བསྟོད་སོང། རྐུབ་ལ་རྟ་ལྕག་བསྟོད་སོང་། དབུ་མ་མཇུག་པས་བྱུག་སོང་གྲ་ས་པས་ཀོག་ལ་བྱུག་སོང་། ཟེར་བ་གོ་མྱོང་། ནང་དོན་གོ་ཁག་པོ་ཡོད་པ་མིན་ནམ་་་་་་་་་་་་་་་་་གསུང་དང་། ཧཧ གུས་པ་ཆེན་པོས།།
རྩོམ་སྒྲིགས་པ་སྐུ་ཞབས་སེར་ལྡན་བྱམས་པ་ཆོས་དབང་ལགས། དཔེ་དེབ་དེ་གླུ་ཡོན་ཞུ་འདོད་ཡོད་པས་ལམ་སྟོན་ཞིག་གནང་རོག་གནང་།། མཐའ་ཁོབ་བྲེལ་ཟིང་ཡུལ་ནས།
གུས་པའི་མྱུར་འཕྲིན་དྲ་རྒྱའི་ཁ་བྱང་འདི་ཡིན། phenpotendhar@gmail.com
༣༢༽ འཕན་པོ་བསྟན་དར་ལགས།
མངོན་རྟོགས་རྒྱན་གྱིས་བརྒྱན་སོང་། ཤག་དང་་སཽ་༼ཀྲོ་མ༽མས་བརྒྱན་སོང་། །
དབུ་མ་འཇུག་པས་འཇུག་སོང་། རྐུབ་ལ་རྟ་ལྕག་འཇུག་སོང་ཟེར།
ད་དགའ་འམ། གཏམ་དཔེ་འདི་ལ། ཧ་ཧ། འཕན་དར་ཁྱོད་མི་སྣང་བ་སྐྱིད་་པོ་ཅིག་ཡིན་བཟོ་འདུག་པས་འདིར་བྲིས་པ་ཡིན་ལགས།
ཤག་འདི་ཤིག་ལ་བཅོས།
སཽོ་འདི་ཡང་སྲོ་མར་བཅོས། ཨ་ཁ་དགོངས་དག་མ་དག་པ་ལ།
མཆན་རྒྱབ་ས་གཞི་མེད་ན་མཆན་མེད་པ་དང་། མཆན་ལ་བརྟེན་ནས་རྐྱེན་དང་ཡོན་ཏན་སྣ་ཚོགས་མཐོང་བ་དེ་རྟེན་འབྱུང་ཡིན་པ་རྟོག་པ་བརྟེན་ནས་རང་རྒྱུད་ཀྱིས་མ་རིག་པ་མང་པོ་ཡོད་པའི་ཕྲན་བུ་གསལ་ཐུབ་པ་བྱུང་། ཡིན་ཡང་ རང་ནི་གནས་ལུགས་རྨོངས་པའི་མ་རིག་པ་བངའ་བ་བས་ན་སྡུག་བསྔལ་རྒྱན་མི་མཆོད་། ངེས་ཅག་རྣམས་སྡུག་བསྔལ་གསལ་དགོས་པ་དང་སྡུག་བསྔལ་གསལ་བ་དེ་ཡང་ནད་པ་ནད་ཀྱི་སྡུག་བསྔལ་གསལ་བ་དེ་ནད་ངོ་ཤེས་པ་ལ་བརྟེན་པ་ལྟར་ཡིན་་ཕྱིར་དེ་ལྟ་བུ་དེབ་མང་དུ་དགོས་མཐོང་སོ།།།།།།།
བརྟེན་ནས་རྟེན་དེ་བྱུང་བ་འམ།།རྟེན་དེ་བརྟེན་ཏེ་འབྱུང་བ་ཡིན། །བྱ་ལས་སྒོ་ལོ་བྱུང་བའམ། །སྒོ་ལོ་ལས་བྱ་འབྱུང་བ་ཡིན། །གང་གིས་དེ་དོན་བྱིན་ནུས་ན། །དེ་ནི་བདག་གི་བཤེས་སུ་ལེགས། །ཕྱག་དཔེ་རྩ་ཆེན་འདི་གློག་འཕྲིན་དཔེ་མཛོད་ནས་ཐད་ཀར་ཕབས་ལེན་བྱ་ཐུབ་བམ།
བྱ་ལས་སྒོ་ལོ་བྱུང་བའམ། །ཞེས་པའི་སྒོ་ལོ་འདི་སྒོ་ང་ལ་ཟེར་རམ། ཡིན་ན། སྒོ་ལོ་འདི་ལུང་པ་གང་གི་ཡུལ་སྐད་ཡིན་ནམ། ལགས། ༣༨༽ལ་དྭགས་ངག་དབང་རྒྱ་མཚོ་ལགས།
ཀརྡོ་ཉེར་ཕྱག་ལགས། སྒོ་ལོ་ཞེས་པ་ནི་ལ་དྭགས་སྟོད་ཕྱོགས་ཀྱི་ཁ་སྐད་དུ་གྲགས། བོད་སྐད་དུ་སྒོ་ང་ཟེར། ཡིན་ཀྱང་ལ་དྭགས་ཀྱི་ཡུལ་མང་ཙམ་ཞིག་ནང་དུ་སྒོ་ལོ་ལ་ཕྲུལ་ཡང་ཟེར། ཕྲུལ་ཞེས་པ་ནི་ཀཤྨིར་གྱི་ཡུལ་སྐདུ་གྲགས། ལ་དྭགས་ཀྱི་ལོ་ན་རྒན་པོ་སུ་ཞིག་ལ་སྒོ་ལོ་ཞེས་པ་གང་ཡིན་ཞེས་འདྲི་ན་ཕྲུལ་ཡིན་ཞེས་ལན་དོགས་པ་མེད་པར་བརྙེད་ཐུབ།
གསལ་བཤད་ལ་ཐུགས་རྗེ་ཆེ་ཞེས་ཞུའོ། ༤༠༽ལ་དྭགས་ངག་དབང་རྒྱ་མཚོ་ལགས།
ཡང་ངས། ཨུ་ཡོན་ལྷ་ཁང་ཞེས་པའི་ཨུ་ཡོན་གྱི་དོན་གང་ཡིན་ནམ། གཅིག་གིས་པྲ་ཚག་ཟེར་བ་ཞིག་ཀྱང་བྲིས་འདུག་ཀྱང་དེའི་དོན་ཤེས་མ་སོང་བས། དྲ་གཽགས་ཅིག་གིས་གསལ་བཤད་ཡོང་བར་མཁྱེན།
ཨུ་ཡོན་ཟེར་ན་རྒྱ་སྐད་བོད་ཡིག་ལ་བྲིས་པ་ཞིག་ཡིན་པ་འདྲ། དོན་ནི་འཐུས་མི་ཟེར་བ་དང་གཅིག་པ་ཡིན་པ་འདྲ་འདུག ཕྲུལ་ཞེས་པ་བོད་སྐད་ལ་རླངས་བཙོས་ལ་བཤད་ཀྱི་ཡོད་པ་འདྲ་འདུག རྣམ་འགྲེལ་རྩ་བ་ན། ཕྲུལ་བའི་འབྲས་ནི་ཚོས་པ་བཞིན།། ཟེར་བ་ཞིག་ཡོད། དེའི་དོན་ནི་རླངས་བཙོས་བྱེད་སའི་ཕྲུལ་དེའི་ནང་གི་འབྲས་ཕྱེད་ཚོས་ལ་ཕྱེད་མ་ཚོས་པ་སྐབས་རེར་ཡོང་གི་ཡོད་པ་རེད། རྒྱུ་མཚན་ནི། ཡུལ་ལ་སོགས་པའི་ཁྱད་པར་ལས།། རྫས་ལ་ནུས་པ་ཐ་དད་སྣང་།། པའི་ཕྱིར་ཟེར་གི་ཡོད་ས་རེད། ཕྲུལ་བའི་ནང་དུ་བཙོས་བའི་གྲོ་ཕྱེས་ལ་ཕྲུལ་མོག་ཟེར། ཨ་མདོ་བ་ཚོས་ཅོན་ལྡོག་ཡང་ཟེར།
ཨུ་ཡོན་ཟེར་ན་རྒྱ་སྐད་བོད་ཡིག་ལ་བྲིས་པ་ཞིག་ཡིན་པ་དང་། དོན་ནི་འཐུས་མི་ཟེར་བ་དང་གཅིག་པ་ཡིན་པར་འགྲེལ་བཤད་གནང་བར་བཀའ་དྲིན་ཆེའོ།། ༤༣༽གཞོན་ནུ་ཟླ་མེད་ལགས།
གཞོན་ནུ་ཟླ་མེད་མཆོག་ལ་བཀའ་དྲིན་ཆེ། རླངས་བཙོས་ཀྱི་ཟངས་བུ་ལ་ཁྲོལ་སྣོད་ཟེར་ཞིང་། ཕྲུལ་སྣོད་མིན། ལ་དྭགས་པ་ཚོས་མོག་མོག་བཙོ་བྱའི་སྣོད་ལ་མོག་ཁྲོལ་ཟེར་མོག་ཕྲུལ་མི་ཟེར། རླངས་ལས་བཙོ་བྱའི་ཟངས་བུ་རྣམས་ལ་ཚགས་མ་ཡོད་པས་ཁྲོལ་ཟེར། མོག་མོག་ལ་ཡང་སྣ་ཁ་གཉིས་ཏེ། ཆུ་མོག་དང་ཁྲོལ་མོག ཆུའི་ནང་དུ་བཙོས་པ་ལ་ཆུ་མོག ཁྲོལ་ནང་ནང་དུ་བཙོས་པ་ལ་ཁྲོལ་མོག
མོག་མོག་བཙོ་སའི་སྣོད་ལ། མོག་ཕྲུ་དག་པ་རེད་དམ། མོག་ཁྲོལ་དག་པ་རེད། ལགས།
ཀརྡོ་ལགས། མོག་ཁྲོལ་དག་པ་ཡིན་སྙམ། མོག་ཕྲུ་ཕལ་ཆེར་ནོར་བ་འདྲ། གང་ལ་ཟེར་ན། ཕྲུ་ནི་ཕྲུ་གུའི་འབྲི་ཚུལ་གཞན་ཞིག་གོ ། ད་ལྟ་ཡང་ལ་དྭགས་གཤམ་ཕྱོགས་བལ་ཏི་བ་རྣམས་ཀྱིས་མོལ་འདུག བརྗོད་སྟངས་ནི། फुरू phuru ཡི་གདངས་སུ་ཡོད། མོག་ཁྲོལ་ཞེས་པ་ནི་རྗེས་གྲུབ་བཏགས་མིང་དུ་འདོད།
ཁྲོལ་མའི་དོན་ལ་ཚགས་མ་ཟེར་སྟངས་ལ་བལྟས་ན། མོག་ཁྲོལ་རང་དག་པར་མཐོང་ཡང་། ཚིག་འདི་ལ་བདག་གཅེས་བྱེད་མཁན་དཀོན་པོ་འོངས་ཀྱང་སྲིད་དོ།། ང་ལ་ནི་མོག་ཕྲུག་མ་གཏོགས་མི་ཤེས་མཁན་ཅིག་ལ་མོག་ཁྲོལ་འདི་ནི་བློ་བསྐྱེད་གསར་པ་ཅིག་རེད་འདུག་པས། འབྲེལ་ཡོད་ཀུན་ལ་ཐུགས་རྗེ་ཆེ་ཞེས་ཞུའོ།།
མེད་ན་མི་འགྲིག་ཡོད་དགོས་པ། །
ཡོད་ལ་ཡོད་ཚུལ་སྣ་ཁ་གཉིས། །
མདེན་པ་དང་ནི་རྫུན་པ་དག །
ཡོད་པའི་རྣམ་པ་གཉིས་སུ་བཤད།།
མེད་དང་ཡོད་པའི་བར་མཚམས་ན། །
ངེས་པར་དགོས་པའི་ཆོས་ཉིད་ཅིག །
དེ་ཉིད་རབ་ཏུ་ལེགས་ངེས་ཚེ། །
དེ་ནི་རྟེན་འབྲེལ་ཉིང་པོར་བཤད། །
ཡོད་དང་མེད་པར་འཁྲུལ་བའི་བློས།
ཐོབ་དང་ཤོར་གྱི་འཐབ་ལ་ཞུགས།
རྟེན་ཅིང་འབྲེལ་བ་ཤེས་པའི་བློས།
རང་བཞིན་མེད་པ་སླ་བོར་རྟོགས།
རང་བཞིན་མེད་པ་རྟོགས་པའི་བློས།
ཆགས་སེམས་ཆེ་བར་མ་བྱུང་ཞིང་།
ཐོབ་ཤོར་ལས་ལ་བཏང་སྙོམས་ཀྱིས།
ཡིད་བདེ་འབའ་ཞིག་གཙོ་བོར་བརྟེན།
དེ་ལྟར་སྟོན་པའི་གཞུང་དེ་ལ།
མ་དད་མ་རངས་ཆེས་ཉུང་ལ།
གུས་དང་རྟག་བརྩོན་མང་གྱུར་ནས།
སྐྱེ་བོ་གྲངས་མེད་སྡུག་བསྔལ་འགྲོལ།
དེ་ལ་བསམ་ནས་སྟོན་པ་དང་།
ཀླུ་གྲུབ་བློ་བཟང་གྲགས་པ་སོགས།
བསྟན་དང་འགྲོ་ལ་རྩ་ཆེ་བས།
བཀའ་དྲིན་གཞལ་བའི་འབད་པ་སྐྱེས།
ང་ནི་ཡོད་ཀྱང་ང་དེ་མིན། །
ང་དེ་མིན་ན་ང་ཡོད་གང་། །
ང་ཡོད་ང་མིན་ང་མེད་ན། །
ང་ལ་ང་རང་གང་གིས་བརྡ། །
ཁྱེད་ཀྱི་རྒྱུ་ནི་ང་ཡིན་ལྟར། །
ང་ཡང་ཁྱེད་ཀྱི་རྒྱུར་འགྱུར་ཏེ། །
ནམ་ཞིག་ཁྱོད་ཅེས་སྟོངས་འགྱུར་ན། །
དེ་ཚེ་ང་ཡང་སྟོང་དུ་ངེས། །