མཁྱེན་དཔྱོད་དང་ལྷག་བསམ་ཟུང་གིས་རབ་ཏུ་ཕྱུག་པའི་བོད་ཀྱི་རྩོམ་པ་བོ་རྒན་གཞོན་ཕོ་མོ་ཡོངས་ཀྱི་སྙན་ལམ་དུ།
ཆེད་དུ་ཞུ་སྙིང་།
རང་རེ་བོད་མི་རིགས་ཀྱི་རྒྱལ་གཅེས་སྙིང་སྟོབས་ཀྱིས་རབ་ཏུ་ཕྱུག་པའི་རླབས་ཆེན་དཔའ་བོ་དཔའ་མོ་གང་མང་ཞིག་གིས་འདི་ལྟར་འགྲོ་བ་མིའི་རིགས་སྤྱི་ལ་ཐུན་མོང་དུ་དབང་བའི་རང་དབང་དང་ཐོབ་ཐང་འཐབ་རྩོད་སླད་དུ། རང་ཉིད་ཀྱི་གཅེས་བའི་མི་ལུས་རིན་པོ་ཆེའང་ཕངས་སེམས་མེད་པར་སྙིང་སྟོབས་ཀྱི་མེ་རུ་བསྒྲོན་དང་སྒྲོན་བཞིན་ཡོད། གནད་དོན་འདི་ནི་འཛམ་གླིང་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་ཁྲོད་དུ་གཟི་འོད་འཚེར་བའི་རླབས་ཆེན་གྱི་ཞབས་རྗེས་རེ་རེ་ཡིན་ཨང་། དེའི་ཕྱིར། ང་ཚོ་གཞོན་སྐྱེས་ཁ་ཤས་ཀྱིས་མཉམ་འབྲེལ་གྱིས་མི་རིང་བར་༼འབར་གྱིན་པའི་བོད་༽ཅེས་པའི་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དམིགས་བསལ་ཆེད་དེབ་ཅིག་འདོན་སྤེལ་བྱེད་རྒྱུ་ཡིན་ལ། ཆེད་དེབ་དེའི་འདིའི་དམིགས་ཡུལ་གཙོ་བོ་འཛམ་གླིང་འཐབ་རྩོད་ལོ་རྒྱུས་ཁྲོད་ཀྱི་རང་ལུས་མཆོད་འབུལ་གྱི་འཐབ་རྩོད་སྤྱི་དང་། བྱེ་བྲག་རང་རེ་བོད་ཀྱི་སྤུན་ཟླ་མང་བོ་ཞིག་གིས་རླབས་ཆེན་འཐབ་རྩོད་འདི་ལག་ལེན་དུ་བསྟར་བའི་གནད་དོན་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་འཚོལ་ཞིབ་བྱས་པའི་དཔྱད་རྩོམ་སྤུས་ལེགས་གང་མང་ཕྱོགས་བསྒྲིགས་བྱེད་རྒྱུ་དེ་ཡིན།
དཔྱད་རྩོམ་འདི་དག་མ་འོངས་པར་རླབས་ཆེན་འཐབ་རྩོད་འདི་ལ་བསྐྱར་དུ་ཞིབ་འཇུག་དང་ལོ་རྒྱུས་འཚོལ་བསྡུ་བྱེད་མཁན་དག་གི་ཁུངས་འཕེར་ཚད་ལྡན་དཔྱད་གཞིའི་ཡིག་རིགས་ཤིག་ཆགས་ཐུབ་པ་བྱེད་རྒྱུ་དེ་ཡིན།
མི་རབས་སྔོན་མའི་འཐབ་རྩོད་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁག་མི་རབས་ཕྱི་མར་རྩིས་སྤྲོད་དང་ཉར་ཚགས་བྱེད་རྒྱུ་ནི་མི་རིགས་འཐབ་རྩོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་གཏན་ནས་འདོར་ཐབས་མེད་པའི་གནད་དོན་གལ་ཆེན་ཞིག་ཡིན་པ་བཞིན། མཆོག་ཉིད་ཀྱིས་ཀྱང་ཕུགས་རྒྱང་རིང་བོའི་དགོས་མཁོ་དང་གལ་གནད་ལ་དམིགས་ནས་གོང་གསལ་གནད་དོན་དེ་དག་གི་ཐོག་རྣམ་དཔྱོད་ཀྱིས་ཞུན་མར་བརྡར་བའི་ཕྱག་རྩོམ་སྤུས་ལེགས་ཞིག་འབུལ་གནང་ཡོངས་པའི་གསོལ་འདེབས་སྐྱབས་འཇུག་གྲངས་མེད་ཞུ་བ་ལགས།
( ཕྱི་ལོ་༢༠༡༢/ ༠༢ / ༥ ཉིན་བར་རྩོམ་བསྡུའི་དུས་ཚོད་ཐ་མ་ཡིན།)
ཕྱག་རྩོམ་བསྐུར་ཡུལ།
གཙོ་སྒྲིག་པ: གངས་རིའི་ཉི་མ།
གློག་འཕྲིན། tibetmartyrs1112@yahoo.com
ཁ་པར། ༠༨༧༤༥༩༤༧༥༡༦
གངས་རིའི་ཉི་མ་ལགས། ལས་འཆར་བཟང་པོར་བཀྲ་ཤིས་བདེ་ལེགས་ཡོད། ངས་བལྟས་ན་གོང་གི་གསལ་བཤད་དེའི་ནང་འདོན་འཆར་ཡོད་པའི་དཔེ་དེབ་ཀྱི་རྒྱུ་ཆ་གང་དགོས་གསལ་ཁ་ཞིག་གནང་ཐུབ་ན་ཕན་ཐོགས་ཆེ་འདོད། གང་ཞེ་ན། ཁྱོད་ཚོའི་དམིགས་འབེན་བཞིན་མ་འོངས་པའི་ལོ་རྒྱུས་མཁན་ཚོའི་དཔྱད་གཞིའི་ཆེད་དུ་ཡིན་ན་དངོས་ཡོད་ཀྱི་ཕྱོགས་སོ་སོའི་ཡིག་ཆ་དང་དེ་འབྲེལ་གྱི་གནས་ཚུལ་མཁོ་སྒྲུབ་བྱ་རྒྱུ་གལ་ཆེན་པོ་རེད། དེ་མིན་བཙན་བྱོལ་གྱི་རྩོམ་པ་པོ་ཚོའི་ཕྱག་རྩོམ་གནང་རོགས་ཟེར་ན་འདས་པའི་བླ་ཆེན་མི་ཆེན་འདས་གྲོངས་རྗེས་སུ་རྗེས་དྲན་དཔེ་དེབ་འདོན་སྲོལ་ཡོད་པ་བཞིན། རྩོམ་པ་པོ་རང་རང་གི་ཚོར་བ་སོགས་དང་འབྲེལ་བའི་སྙན་ངག་སོགས་འབྲི་སྲིད། གལ་སྲིད། དེ་འདྲའི་ཚོར་བ་དང་འབྲེལ་བའི་སྙན་ངག་སོགས་ཀྱི་རྩོམ་ཡིག་སྤེལ་ན་ཁྱོད་ཚོའི་དམིགས་འབེན་བཞིན་མ་འོངས་པར་ལོ་རྒྱུས་མཁན་ཚོའི་དཔྱད་གཞི་ཚད་ལྡན་ཡོང་རྒྱུར་དགེ་མཚན་དེ་ཙམ་མི་ལྡན་པའི་བསམ་ཚུལ་དུ་སྨོན་ཚིག་བཅས་ཕུལ།
གོང་དུ་དཔྱད་རྩོམ་ཕྱོགས་བསྒྲིགས་བྱེད་རྒྱུ་ཡིན་ཞེས་བཀོད་མི་འདུག་གམ། དཔྱད་རྩོམ་དགོས་ཚེ་སྙན་རྩོམ་ཞིག་ཡོང་ས་གང་ན་ཡོད།
རྩོམ་བསྡུའི་གསལ་བརྡ་དང་ཞིབ་འཇུག་གི་རྣམ་པའི་རྩོམ་དེབ་འདོན་རྩིས་དེ་ལེགས་པོར་མཐོར་སོང་། ཡིན་ནའང་། རྩོམ་སྒྲིག་བྱེད་པོའི་མིང་དེ་སྨྱུག་མིང་འདྲ་ཞིག་འདུག་སྟབས། འདི་འདྲའི་སྐབས་སུ་སྨྱུག་མིང་མ་ཡིན་པར་དངོས་མིང་དང་སྡོད་གནས་སོགས་མངོན་གསལ་དོད་པོ་གནང་བ་ཡིན་ན། རྩོམ་ཡིག་བསྡུ་བར་ཁྱད་པར་ཡོང་གི་རེད། དེ་མིན་འབོད་སྐུལ་ཙམ་གྱིས་རྩོམ་ཡིག་འདོད་པ་ཁེངས་པ་ཞིག་བསྡུ་རུབ་ཐུབ་ཨེ་ཡོང་སྙམ། དུས་ཚོད་དེ་ཐུང་དྲགས་འདུག གང་ཡིན་ཟེར་ན། དཔྱད་རྩོམ་གྱི་རྣམ་པས་འབྲི་མཁན་ཞིག་ལ་མཚོན་ན། ད་རེས་ཀྱི་བརྗོད་གཞི་འདི་ནི། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཤིག་དགོས་པ་ཆགས་ཀྱི་རེད། ད་དུང་རྒྱ་ནག་གཞུང་གི་སྲིད་བྱུས་དང་ལག་ལེན་གྱི་བར་ཐག་གླེང་དགོས་ཀྱི་རེད། བོད་མི་རིགས་ཀྱི་མངོན་འདོད་དང་གོ་རྟོགས་གླེང་དགོས་ཀྱི་རེད། བོད་མི་རིགས་ཀྱིས་ད་བར་སྤེལ་བའི་ལས་འགུལ་རིམ་སྤེལ་གྱི་ཁ་ཕྱོགས་དང་གྲུབ་འབྲས་གླེང་དགོས་ཀྱི་རེད། དེ་ཚོ་གླེང་བའི་རྗེས་ལ། གཞི་ནས་རང་ལུས་མེར་སྲེག་གི་ལས་འགུལ་གྱི་འབྱུང་རྐྱེན་གླེང་དགོས་ཀྱི་རེད། དཔའ་བོ་དཔའ་མོ་དག་གི་སྐད་འབོད་དང་ཞལ་ཆེམས་གླེང་དགོས་ཀྱི་རེད། ནང་སྒོས་སུ། གསར་འགྱུར་བརྒྱུད་ལམ་ཁག་གིས་གླེང་སྟངས་ལ་ཁྱད་པར་ཡོད་པ་དེ་གླེང་དགོས་ཀྱི་རེད། དཔེར་ན། རྒྱ་ནག་གཞུང་གི་གླེང་སྟངས་དེར་ངེསཔར་ལན་ཐེབས་པ་ཞིག་གླེང་དགོས་ཀྱི་རེད། འདི་འདྲའི་གླེང་དགོས་པ་མང་པོ་ཞིག་བསྡུར་ཞིང་དཔྱད་དགོས་པ་ཡིན་དུས། དུས་ཚོད་ཐུང་ངུ་འདིའི་ནང་ལ་དཔྱད་རྩོམ་གྱི་རྣམ་པས་འབྲི་དགོས་དུས་དུས་ཚོད་ཀྱི་ལྡེང་གི་མ་རེད་བསམ་བསམ་ཞིག་འདུག ང་ལྟ་བུ་ཡིན་ན། དུས་ཚོད་ཐིང་ངུ་ཉིན་བཅུ་གྲངས་འདིའི་ནང་ལ་བོད་ཡིག་གི་བརྒྱུད་ལམ་བསྔོགས་པ་དང་དཔྱད་བསྡུར་བྱེད་པར་ཡང་དུས་ཚོད་ཀྱིས་འདང་ས་མ་རེད། མ་གཞི་འདིའི་སྐོར་གྱི་རྒྱུ་ཆ་གསོག་སྒྲུབ་དང་གནས་ཚུལ་ཐོ་འགོད་བྱེད་བཞིན་ཡོད། འདི་ཡི་གེ་བ་རེ་རེར་འགན་ཡོད་པར་བསམ་ནས་བྱེད་ཀྱི་ཡོད། རྩོམ་དེབ་འདི་ལོ་རྒྱུས་རྒྱུ་ཆ་ངེས་ཅན་ཆགས་རྒྱུ་ཡིན་པ་བཤད་ཅི་དགོས། དེབ་འདི་འདྲ་ཞིག་ཐོན་པར་རེ་བ་བརྒྱབ་ནས་བསྡད་ཡོད། རྩོམ་བརྡ་གནང་མཁན་ལ་རྗེས་སུ་ཡི་རང་ཡོད།