རྔ་བ་ཀུན་བཟང་།
གཅིག 《བོན་གྱི་ལམ་རིམ་སུམ་བརྒྱ་པ》ཡིན་ཏེ། གཞུང་འདི་དང་འབྲེལ་ནས་མི་ལོ་བཅུ་གཅིག་ཙམ་སོང་། དཔེ་ཁྲིད་དང་དཔྱད་ཞིབ་དུ་མ་བྱེད་པའི་ཁྲོད་ནས་བཤད་ན། བརྗོད་བྱ་ཡི་ནང་དོན་བོན་གྱི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་སྤྱི་དང་། ལྷག་པ་ཏུ་དོན་དང་པོ་བླ་མ་བསྟན་པ་ནས་མཐའ་མ་ཞལ་གཏམས་བར་སྐྱེ་བོ་གསུམ་གྱི་ལམ་གྱི་རིམ་པ་ཆ་ཙང་བསྟན་པའི་གཞུང་གོ་བདེ་ལ་ཚིག་སྦྱོར་ལེགས་པས་གང་ཟག་སུ་ཀློག་ན་མིག་ལམ་ལ་གློག་བརྙན་ལྟར་ཤར་བའི་འཁོར་འདས་ཡི་གནས་ལུགས་བསྟན།
ལྷག་པར་ཏུ། དེང་རབས་སེམས་ཁམས་རིག་པའི་སྐོར་ཉམས་ཞིབ་གནང་མཁན་དག་གི་ལེའུ་དང་པོ་ནས་བརྒྱད་པ་བར་ལྟ་ཐུབ་ན། ལུས་སེམས་ཕྲ་རགས་ཀྱི་རྣམ་གཞག་དང་འབྲེལ་ནས། དེ་དག་གི་རྒྱུ་དང་། རྐྱེན་རྣམས་རྒྱུ་འབྲེལ་ཆོས་ཉིད་རིག་པའི་གནས་ལུགས་གཙོ་བོར་བཟུང་ནས། ལུས་སེམས་ཀྱི་འཕེལ་འགྱུར་དག་འཁྲུལ་བ་ཡིད་མཛོད་ལས་བྱུང་བའི་ཉོན་མོངས་ཅན་རིགས་ལ་གཉེན་པོ་ཇི་ལྟ་བསྟན་ཚུལ་དང་། དེ་དག་གི་ལུས་ཁམས་ལ་ནུས་པ་ཡོང་ཚུལ་བརྗོད་པས་ཁྱེད་ལ་ཤེས་བྱ་གསར་བའི་ཆར་ཐིགས་འགའ་འབབ་ནོ་ཁོ་ཐག་ཡིན།
ད་དུང་ནང་དོན་རིག་པའི་སྐོར་ཀྱི་དཔྱད་ཞིབ་པ་རྣམས་ཀྱི་ལེའུ་དགུ་བ་དང་། བཅུ་བ། བཅུ་གཅིག་གསུམ་ལ་ལྟ་ཐུབ་ན། གཞི་དངོས་པོའི་གནས་ལུགས་ལ་ཆོས་ཉིད་རིག་པའི་གཏན་ཚིགས་གསུམ་བཀོད་ནས། གཟུང་འཛིན་གཉིས་སྟོང་གི་ཆ་རྣམས་རེ་རེ་བཞིན་དགག་ནས། བདེན་མེད་ཀྱི་གནས་ལུགས་དང་། ཡོད་ཚད་སྒྱུ་མ་ལྟར་ཕར་བཏགས་པ་ལས། ཡུལ་རང་ངོས་ནས་མཐའ་གཅིག་འཛིན་གྱི་བོན་ཞིག་མེད་པ་བསྟན་པས་ཁྱེད་ལ་རིག་ལམ་འགའ་ཐོབ་པ་མངོན་སུམ་རྩོད་མེད་ཡིན།།
གསུམ་པ། 《 ཚངས་དབྱངས་རྒྱ་མཚོའི་མགུར་གླུ》 ཡིན་ཏེ། ཤར་ཕྱོགས་རི་བོའི་རྩེ་ནས། ། དཀར་གསལ་ཟླ་བ་ཤར་བྱུང་། ། མ་སྐྱེས་ཨ་མའི་ཞལ་རས། ། ཡིད་ལ་འཁོར་འཁོར་བྱས་བྱུང་། ། ཞེས་པའི་ཚིག་དག་ཀློག་དུས་ད་གཟོད། མགུར་གླུ་ནི་རིག་གནས་ཀྱི་མགོ་ཁུངས་དང་། སྙན་ངག་གི་འབྱུང་གནས་ཡིན་པ་མ་ཟད། ཕ་ཡུལ་གྱི་གནམ་སྔོན་པོ། སྤྲིན་དཀར་པོ། སྤང་ཡངས་མོ། ཆུ་དྭངས་མོ་དག་རེ་རེ་བཞིན་དྲན་སོས་ཡོང་།
རྒྱུ་མཚན་ཅིའི་ཕྱིར་ངས་མགུར་གླུ་འདི་ཀློག་ཡིན་ཞེ་ན། དང་པོ། ཕྲན་གྱིས་བོད་ཀྱི་དེང་རབས་རྩོམ་རིག་གི་གནས་བབ་གང་ལ་ཕྱོགས་ཡོད་མེད་བཤད་མི་ཤེས། རེད་དེ། མགུར་གླུ་འདི་ལྟ་བུར་ནི་དེང་རབས་རྩོམ་རིག་ལ་དགའ་མཁན་དང་། བརྩམས་ཆོས་ལ་དཔྱད་ཞིབ་གནང་མཁན་ཀུན་ལ་མི་རིགས་རང་གི་ཁྱད་ཆོས་དུ་མ་ལྡན་པའི་དཔྱད་གཞི་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད།
གཉིས་པ། མི་ཆོས་རིགས་གནས་སྐོར་ཀྱི་དགའ་སྡུག་སྐྱོ་གསུམ་གྱི་རྣམ་གཞག་དང་། ལྷ་སྒྲུང་གིས་དོར་ཟིན་པ་དང་མངོན་སུམ་ལ་བྱོལ་ཟིན་པ་ཞིག་ཡིན་ན་གང་ཤེས་མ་གཏོགས། མགུར་གླུ་དེ་དག་གི་ཁྲོད་ནས་མི་ཆོས་འཇིག་རྟེན་པའི་འཚོ་བ་དངོས་ཀྱི་གནས་ལུགས་དུ་མ་ཞིག་ཆེས་ཡིད་དུ་འོང་བའི་ཚིག་རྒྱན་དང་མཛེས་དཔྱོད་ཀྱི་ལྟ་བ་ལྡན་པའི་ཐོག་ནས་བརྗོད་པ་དེ་ཧ་ཅང་རིན་ཐང་ཅན་ཞིག་ཏུ་མཐོང་ལ། མ་འོངས་པའི་མདུན་ལྗོངས་ལ་རིག་གཞུང་ཞིབ་འཇུག་པ་དག་གི་མགུར་གླུ་ལ་མཐོང་ཆུང་ལས་མཐོང་ཆེན་དགོས་པའི་གོ་བ་ཞིག་ཡང་བྱུང་ངོ་།།
གཉིས་པ། 《 གནའ་རབས་ཀེ་རི་སི་ལོ་རྒྱུས》 ཡིན་ཏེ། ལོ་འགའ་ནས་ནུབ་ཕྱོགས་མཚན་ཉིད་རིག་པ་དོ་སྣང་བསླེབས། ལྷག་པར་ཏུ་མཛེས་དཔྱོད་དང་། སྙན་ངག། ལྟ་གྲུབ་དག་ལ་སྤྲོ་སྣང་ཡོད་མ་གཏོགས་ལོ་རྒྱུས་རྐྱང་བ་ལ་དེ་ཙམ་མོས་པ་མེད། དེའི་ཕྱིར་གནའ་རབས་ཀེ་རི་སི་ལོ་རྒྱུ་འདི་ནུབ་ཕྱོགས་མཚན་ཉིད་རིག་པ་དང་། གཞན་ཤེས་རིགས་དུ་མ་ཞིག་དང་ཧ་ཅང་འབྲེལ་བས་མ་ཀློག་ཐབས་མེད་རེད། ལོ་རྒྱུས་དེ་ལ་དུས་ཀྱི་རིམ་པ་བཞི་ཙམ་དགར་ཡོད་ཏེ། 1) ཕྱི་ལོ་སྔོན་གྱི་དུས་རབས་དྲུག་པ་ནས་ཕྱི་ལོ་དུས་རབས་ལྔ་བའི་དབར་དང་། 2) ཕྱི་ལོ་དུས་རབས་ལྔ་བ་ནས་དུས་རབས་བཅོ་ལྔ་བའི་དབར། 3) ཕྱི་ལོ་དུས་རབས་བཅོ་ལྔ་བའི་དུས་དཀྱིལ་ནས་དུས་རབས་བཅུ་དགུ་བའི་ལོ་རབས་བཞི་བཅུ་བའི་དབར། 4) ཕྱི་ལོ་དུས་རབས་བཅུ་དགུ་བའི་ལོ་རབས་བཞི་བཅུ་བའི་དབར་བཅས་རིམ་པ་ཆེ་ཁག་བཞི་ཙམ་དབྱེར་བ་ཀློག་པ་པོ་ཀུན་ལ་ཕྱོགས་ཡོང་ནས་མཚན་ཉིད་རིག་པའི་གཞུང་ལུགས་དང་འབྲེལ་བའི་རིག་པའི་གནས་སྤྱིའི་འཕེལ་རིམ་དང་། འཚོལ་ཞིབ། ཁ་ཕྱོགས། རྒྱབ་ལྗོངས་སོགས་ཀྱི་སྐོར་ལ་ལྟ་སྟང་ཁ་གསལ་ཡོང་བའི་ཕན་པ་མཐོང་། དཔེར་ན། ཡུལ་དང་ཡུལ་ཅན་གྱི་རྩོད་གཞི། ལུས་དང་སེམས་ཀྱི་རྩོད་གཞི། ཀླད་པ་དང་རྣམ་ཤེས་སོགས་ཀྱི་སྐོར་ལ་ནུབ་ཕྱོགས་མཚན་ཉིད་པའི་ཁྲོད་ན་དུས་རབས་ནས་དུས་རབས་བར་བཙོལ་ཞིབ་གནང་བ་མ་ཟད། ལྷ་ཆོས་དང་མི་ཆོས་བར་ན་ཁྱོད་ཤི་ང་གསོན་གྱི་རིག་གནས་ཀྱི་དམག་འཁྲུལ་བྱུང་བས། དེང་སང་ཡང་ཆོས་ལུགས་ཀྱིས་ཤུགས་རྐྱེན་ཐེབས་པའི་ལྟ་གྲུབ་སྨྲ་བ་དང་། དངོས་གཙོ་སྨྲ་བ། སེམས་གཙོ་སྨྲ་བ་དག་གིས་ཤེས་རིག་གི་ལོ་རྒྱུས་ལ་ལྟ་ཚུལ་མི་མཐུན་ལ། ཚུལ་འདི་ཧ་ཅང་ལུགས་མཐུན་དང་དངོས་ཡོད་མཐོང་། གཅིག་ལ་གཅིག་བརྟེན་གྱི་དེང་གི་འཇིག་རྟེན་སྤྱིའི་རིག་གནས་བར་གཞི་གཅིག་ལ་ཁྱབ་པའི་ལྟ་གྲུབ་ཅིག་སྔ་མོ་སྔ་མོ་བྱུང་མེད་ལ་ད་དུང་ཡང་ཡོང་དགོས་དོན་མེད་མོད།།
ཧིན་དྷི་གཙུག་ལག་སློབ་གཉེར་ཁང་།
30/4/2022
གཉིས་པ་མེད་ལ་གསུམ་པ་ཞིག་འདུག ཅི་ཡིན་ནམ་བསམ་བྱུང་། ཆ་ཚང་ཞིག་བཀླགས་དུས་གཉིས་པ་མཇུག་ན་འདུག །
ཧ་ལས་པ་རེད།་ཡག་པོའདུག
གནའ་བོའི་ཀེ་རེ་སི་ལོ་རྒྱུས་ཀྱི་དབྱིན་ཡིག་གི་དཔེ་དེབ་ཀྱི་ཁ་བྱང་ཅི་ཡིན་ནམ། ཀློག་འདོད་ཡོད། གསུང་རོགས་མཛོད།