ཀླུ་སྨྱོན།
རྒུན་ཆང་དམར་པོ་འདི་འཐུངས་ནས་མ་ཚར་གོང་།
སྙན་ངག་རིང་མོ་འདི་བྲིས་ནས་མ་རྫོགས་གོང་།
གལ་སྲིད། ང་ཤི་སོང་ན།
ངའི་མི་ཚེ་ཐུང་ཐུང་འདི་ཡང་དེ་ནས་མགོ་བརྩམས་ཏེ་ཚར་སོང་བ་རེད།
དགུན་ཁ་རིང་མོ་འདིའི་མཇུག་ཏུ་མ་བསླེབས་གོང་།
དཔྱིད་ཟླ་དྲོན་པོ་དེ་སླེབ་མགོ་མ་བཙུགས་སྔོན།
གལ་སྲིད། ང་ཤི་སོང་ན།
ངའི་གཞིས་ཀ་ཆུང་ཆུང་འདི་ཡང་དེ་ནས་བཟུང་སྟེ་སྟོངས་སོང་བ་རེད།
དྲིན་ཅན་ཕ་མ་གཉིས་ཀར་ཁ་པར་ཞིག་མ་བརྒྱབ་གོང་།
བརྩེ་བའི་གཅེན་གཅུང་ཁོ་ཚོར་སེམས་གཏམ་རེ་མ་བཤད་སྔོན།
གལ་སྲིད། ང་ཤི་སོང་ན།
ངའི་ཞེན་ཆགས་གཉོམ་པོ་འདི་ཡང་དེ་ནས་བཟུང་སྟེ་འཐོར་སོང་བ་རེད།
ཁ་བརྡ་དྲ་ཚིགས་ཀྱི་ཁ་དེ་མ་ཕྱེ་གོང་།
དུས་བབ་ཟིན་བྲིས་སུ་རྩོམ་ཞིག་མ་བྲིས་སྔོན།
གལ་སྲིད། ང་ཤི་སོང་ན།
ངའི་རྣམ་ཤེས་སྦྲང་མ་འདྲ་བོ་འདི་ཡང་དེ་ནས་བརྩམས་ཏེ་འཕུར་སོང་བ་རེད། <a
སྐུ་ཞབས་ཀླུ་སྨྱོན་ལགས། གུས་པ་ནི་བོད་ཡིག་འབྲི་ཀློག་ཐུབ་ཙམ་ལས་དམིགས་བསལ་ཤེས་ཡོན་ཡོད་མཁན་དེ་འདྲ་གང་ཡང་མིན། འོན་ཀྱང་སྐུ་ཉིད་དང་སྐུ་ཉིད་ལྟ་བུའི་ཤེས་ཡོད་ཅན་ཚོར་རེ་བ་དང་ཡིད་ཆེས་བྱེད་མཁན་ཞིག་ཡིན་སྟབས། སྐབས་འགར་ཡིད་ཆེས་བྱེད་ས་ཚོས་གནང་སྟངས་ལ་འདོད་བློ་མ་ཁེངས་པའི་ཚིག་རེ་ཟུང་ཀྱང་ཤོད་དགོས་བྱུང་མོད། དངོས་གནས་བྱས་ན་ང་ཁྱེད་ལ་དུང་ཤིང་ཁྱེད་ཀྱི་རྩོམ་ཡིག་ཀློག་རྒྱུར་ཤིན་ཏུ་དགའ། དེའི་ཕྱིར་ཁྱེད་ཀྱིས་ཉེ་སྔོན་སྤེལ་པའི་སྙན་ངག་དེ་དག་ཀློག་སྐབས་ང་ལ་འཇིགས་སྣང་གི་ཚོར་བ་ཞིག་ཡོང་གི་འདུག སྙན་ངག་འདི་ཚོ་སྙན་རང་ཡིན་པ་ལས་དོན་གཞན་མེད་པའི་སྨོན་ལམ་འདེབས། བོད་མི་རིགས་དང་རིག་གཞུང་ལ་ཤ་ཞེན་ཅན་ཚོའི་སྐུ་ཚེ་ལ་བར་ཆད་མེད་པར་ཤོག།
ངས་ད་ལྟ་མཆན་བུ་ཞིག་བཏབ་པ་ཉེ་ཆར་གྱི་མཆན་བུའི་ཁོངས་སུ་སླེབ་ཟིན་པ་མཐོང་བྱུང་ཡང་ད་བསྡད་མི་འདུག ཡ་མཚར། འདི་གཞན་ཞིག་གིས་བསུབ་བཞག་པ་ནི་ཡིན་རྒྱུ་མ་རེད།
ཨོ།། ད་ཡང་ཚུར་སླེབ་འདུག
རྒྱང་རིང་གི་གྲོགས་པོ་བློ་གྲོས་རྣམ་རྒྱལ་ལགས། ཉིད་འདིར་ཕེབས་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ་བ་ཡིན། མིའི་མི་ཚེ་ནི་ད་ལྟ་ཨེ་རག་དང་ཨ་ཧྥུ་སྒན་གྱི་གྲོང་འདབས་དང་ལམ་ཕྲན་སྟེང་སྐྱོད་བཞིན་པའི་དམག་མི་དག་གི་མི་ཚེ་དང་འདྲ་བས། འཆི་བདག་གིས་སྦས་པའི་འབར་རྫས་སྤྱི་རྒྱ་སྟོང་ཕྲག་ལོངས་པ་དེ་དག་ས་འོག་གང་ཞིག་ཏུ་ཡོད་མེད་སུས་ཀྱང་བཤད་དཀའ་བས། གལ་སྲིད་ངས་སྟབས་མ་ལེགས་པར་འབར་རྫས་གང་ཞིག་གི་སྟེང་དུ་རང་གི་རྐང་ཡ་གཅིག་སྤོས་པ་ཡིན་ན། དུས་དེ་ནས་བཟུང་ངའི་མི་ཚེ་ཟེར་བ་དེ་ལ་རྫོགས་ཚིག་རིང་མོ་ནམ་ཡང་ཕྱིར་མི་འོངས་པ་ཞིག་བྲིས་ཟིན་པས། ངས་རང་གི་ཚོར་སྣང་ཞིག་གིས་སྐྱུར་རྩི་བྱས་ཏེ་སྙན་ངག་གི་འབྲི་ཞོ་མངར་མོ་བསྙལ་བ་ལས། གཞན་པའི་དམིགས་ཡུལ་ཅི་ཡང་མེད་ལགས།
ཨ་ལགས་ལོ་ལོ། ད་ཁྱོད་ཀྱི་མི་རྟག་དྲན་མགུར་དེ། ཡང་ན་སྡུག་ལྡན་ངོ་སྤྲོད་དེ། ཅིག་ཅིག་གཟི་ཁ་ཚ་སོང་ནི་མ་རེད་པ། བློ་གྲོས་རྣམ་རྒྱལ་ཟོ་སྐྲག་ཐག་ཆོད་ནས། མཆན་ཟོ་གཅིག་འཕྲོ་གཅིག་ལ། འདར་འདར་སིག་སིག མིག་གི་ཡང་མཐོང་ལ་མ་མཐོང་ལ། འོ་དེ་ཁོ་ལ་ཡང་ཅི་ཁག རྒྱུན་ལྡན་ཡིན་ན་འཆི་བའི་སྐོར་ཡང་ཡང་བཤད་དུས་དེ་ནི་མི་དེའི་འཆི་རྟགས་ཡིན་ཟེར་ནས་ཡོད་ནི་རེད། འོན་ཀྱང་འ་ལགས་ཚང་གི་གསུང་ནི་འཆི་རྟགས་མིན་པར་འཆི་བ་དྲན་སྐུལ་ཅིག་ཡིན་པ་རྒྱུས་མེད་ཚོས་ག་ལ་ཤེས།
ཨ་རོ། ལོ་བཅུ་ཁ་ཞིག་གི་སྔོན་ནས་བཟུང་འཆི་བ་འདི་ག་དུས་ཡོང་མི་ཤེས་པའི་ངེས་ཤེས་ཤིག་རྙེད་མགོ་བཙུགས་སོང་། གཅིག་བྱས་ན་ལོ་རྟགས་ཤིག་ཡིན་སྲིད། གཙོ་ཆེ་བ་ཉིན་གུང་གཉིད་ཁུག་བསྡད་ཡོད་དུས་སུ་གློ་བུར་དུ་ད་འཆི་བ་མི་རྟག་པ་སླེབ་ཡོང་གི་རེད། ནམ་འཆི་ངེས་མེད་རེད་སྙམ་པའི་བསམ་བློ་འཇིགས་སྐྲག་ཅན་ཞིག་གིས་དུས་རྟག་པར་གཉིད་སད་ཡོང་གིན་འདུག དེ་བཞིན་དགོང་མོ་རེ་ཡང་གློ་བུར་དུ་གཉིད་སད་ནས་འཆི་བ་མི་རྟག་པ་སླེབ་ཡོང་གི་རེད། ་་་་་་་་མཁྱེན་ཞེས་གསོལ་བ་འདེབ་དགོས་པ་ཞིག་རྟག་པར་ཡོང་གིན་འདུག གཅིག་བྱས་ན་འཆི་རྟགས་རེ་ཡིན་ན་ཐང་ལ། གཅིག་བྱས་ན་དགེ་འདུན་ཆོས་འཕེལ་གྱིས་ཤྲི་ལངྐའི་དགེ་ཚུལ་སློང་དག་གིས་ནམ་གུང་གཅིག་གིས་གཅིག་ལ་འཆི་བ་མི་རྟག་པ་བསླེབས་སོང་འཆི་བ་མི་རྟག་པ་བསླེབས་སོང་ཞེས་དཀྲོག་རེས་བྱེད་པའི་ལུགས་སྲོལ་ཞིག་འདུག་ཟེར་བ་དེ་འདྲ་ཞིག་ལ་སྐྱེ་བ་སྔ་མ་གང་ཞིག་གོམས་བསྡད་ཡོད་པའི་བག་ཆགས་འདྲ་བོ་ཞིག་སད་ཡོང་གིན་ཡོད་གང་ཡིན་མི་ཤེས། རང་ཉིད་གཅིག་པོ་ཡིན་པ་མ་གཏོགས་ཉལ་རོགས་རེ་ཡོད་ན་འདི་སྨྱོ་གིན་འདུག་བསམ་པ་ཞིག་ཡོང་ཁོ་ཐག་རེད། ཐོལ་གྱིས་ཡར་ཙོག་སྟེ་་་་་་་་་་་་མཁྱེན་ཞེས་གསོལ་བ་འདེབས་པ་ནི་རྒྱུན་ལྡན་ཞིག་ཡིན་ལ་རང་བྱུང་ཞིག་རེད་མ་གཏོགས་དེ་ལྟར་བ་བྱེད་ཀི་ཡིན་ཟེར་ནས་གྲ་སྒྲིག་བྱས་ནས་ཉལ་བསྡད་པ་ཐེངས་གཅིག་ཀྱང་མེད། ཨོ་ད་མང་ཐལ། མྱི་འདི་ཚོས་ཅིག་ཟེར་ན་ཐང་།
འོ་ད་མཁྱེན་ཟེར་ནོ་འདི་ད། ང་ཚོ་ཕ་ཡུལ་ན་ཁྱིམ་སྔགས་དེ་ཚོ་ནམ་གོང་རེ་གོང་ང་ཉལ་སའི་ནང་ནས་ཡར་ཙོག་ཙོག་འདྲ་ཅིག་བྱས་ནས། བླ་མ་མཁྱེན། བླ་མ་མཁྱེན། བླ་མ་མཁྱེན། སྙིང་དབུས་དད་པའི་གེ་སར་བཞད་པ་ནས།། སྐྱབས་གཅིག་དྲིན་ཆེན་བླ་མ་ཡར་ལ་བཞེངས།། ཅེས་རང་ཉིད་གཉིད་མ་ཁུགས བླ་མ་དྲིན་ཆེན་དེ་གཉིད་ཁུགས་མ་བཅུགས། དེའི་སྒང་ལ་ནང་གི་སྐྱེས་སྨན་བུ་ཕྲུག་ཟོ་གཉིད་ཁུགས་མ་བཅུགས། ད་དེ་ཚོ་དྲན་ཡོང་ན་ངའི་ཨ་མྱེས་ལོ་ལོན་པོ་དེ་དྲན་ཡོང་གི རིག་གསར་སྐབས་སུ། དམར་སྲུང་དམག་གིས་བགྱིག་ནས་ཁྲིད་འགྲོ་དུས། ད་རུང་བླ་མ་མཁྱེན་བླ་མ་མཁྱེན་བླ་མ་མཁྱེན། སྙིང་དབུས་དད་པའི་གེ་སར་་་་་་་་་་་་་་་་་་་་་་་་་་་་་་་་་་
འོ་དེ་འདྲ་ཞིག་གི་རྣམ་ཤེས་ཡིན་ན་ར་ཐང་མོད། གང་ལྟར་ཚོར་བ་དེ་མོ་ཟིག་གིས་ཉལ་གི་འཇུག་གི་ན་དཀོན་མཆོག་གསུམ།
ཨ་ལགས་ལོ་ལོ། མ་ཤི་སྔོན་ལ་གདན་འོག་གི་སྒོར་མོ་དེ་ཚོ་ངའི་མིང་ཐོག་ལ་བཞག་དང་ན་ཆི་མོ་རེད། དེ་མིན་ན་དེ་འཕྲོ་བརླགས་ལ་འགྲོ་རྒྱུ་ཡིན་ཁ་ཟིག་རེད། ཡང་ན་སྐུ་ཕྲེང་རྗེས་མ་བོ་དེ་གདན་འོག་གི་སྒོར་མོ་དེའི་གསེང་ནས་ཟོ་སྐྱེ་ན་ཐང་ཡ ཧཧཧ
སྔོན་མར་ཐར་ཤུལ་དགོན་པར་ཡོད་དུས་ལམ་རིམ་ཟོ་གཡས་ནས་ཁྲིད་གཡོན་ནས་ཁྲིད་ཀྱང་ཚོར་བ་ཆེན་པོ་ཅང་མ་བྱུང་། ཡོངས་འཛིན་རྡོ་རྗེ་འཆང་ཚང་གི་དཔེ་མཛོད་ནས་དཔེ་ཆ་གདོང་ཚོན་དམར་པོ་ཅན་ཞིག་རང་ཤག་ཏུ་ཁྱེར་ཡོང་ནས་ཅིག་བཀླགས་པས། ཀུན་བཟང་བླ་མའི་ཞལ་ལུང་ཟེར་བ་ཞིག་རེད་འདུག་ཅིང་། བཀླགས་ཚར་ནས་ཉི་མ་མང་པོ་ཞིག་ལ་དགོན་པ་ནས་སྡོད་སྙིང་མི་འདོད་པར་སྒེས་ཀྱི་ལྷ་མོ་སྤུན་གསུམ་ཟེར་བའི་རི་མཐོན་པོ་རྩེ་མོ་གསུམ་ཅན་ཞིག་རྒྱང་རིང་ཤར་ཕྱོགས་ཀྱི་མང་སྟོད་དུ་ཡོད་པ་དེའི་རྫ་གསེབ་ཅིག་ཏུ་སོང་ནས་དཔེ་ཆ་དེ་ཉམས་ལེན་རེ་བྱེད་འདོད་མནན་པས་མི་ནོན་པ་ཞིག་སྐྱེས་སོང་ལ། དེ་ལུགས་གྲོགས་པོ་ནང་ཚགས་རེར་ཡང་བརྗོད་པ་ཡིན། གང་ལྟར་རང་རང་ལ་སྐྱེ་བ་སྔོན་མའི་བག་ཆགས་ཡོད་པའི་དཔེ་ཆ་རེར་ཐུག་ན་ཚོར་བ་མི་འདྲ་བ་རེ་ཏན་ཏན་ཡོང་གིན་ཡོད་ས་རེད།
རྫ་དཔལ་སྤྲུལ་ཟེར་བ་དེ་ཡ་མཚན་ཟིག་རེད། སྔོན་མ་ཡིན་ན་ངས་ཁོང་གི་ལམ་རིམ་ཀུན་བཟང་བླ་མའི་ཞལ་ལུང་དེ་མ་གཏོགས་ཀློག་མ་མྱོང་། དེ་སང་ངས་འདི་ནས་ཨ་བུ་ཧྲལ་བོ་ཟེར་བ་ཅིག་གིས་བརྩམས་པའི་སྤྱོད་འཇུག་འགྲེལ་ཤོག་བུ་གྲངས་༡༠ ཅན་ཞིག་འདུག ངོ་ནས་ཧ་ལས་པ་ཅིག་རེད་འདུག ཨ་བུ་ཧྲལ་བོ་ནི་རྫ་དཔལ་སྤྲུལ་རེད་འདུག་ཀ
བླ་རྒན། ཅིག་ཡོད་དུས་མེད་མུག་འདོན་གི་མི་འདུག བླ་མའི་དཀོར་ལ་རྔམས་དྲགས་ན་ཆོས་སྦ་རྒྱ་ཐོའི་སྐྱེ་བ་ལེན་གི་རེད་ད། ཆོས་སྦ་རྒྱ་ཐོ་ཤེས་ཀ རིག་གནས་གསར་བརྗེའི་སྐབས་ཀྱི་མང་རའི་འདྲེ་རྒོད་དེ། ཨ་ལགས་ཡོངས་འཛིན་ཚང་གི་འབུལ་བ་དག་བརྐུས་ཏེ་བཟའ་མཁན་མཆོད་རྟེན་ཐང་གི་རྒད་པོ་འདྲེ་རུ་སྐྱེས་པ་དེ་དྲན་ག བླ་མའི་དཀོར་ནི་ཧ་ལོའི་དུག །ཁོང་དུ་སོང་ན་འཆི་བར་འགྱུར། །ཁ་རུ་སོང་ན་འཚིག་པར་འགྱུར། །ཞེས་པ་དེ་མ་མཐོང་ངམ།
རེད་རེད། ཨ་བུ་ཧྲལ་བོ་ཁོང་རེད། རིག་འཛིན་འཇིགས་མེད་གླིང་བའི་ཡང་སྲིད་མགོ་ལོག་ནས་འཁྲུངས་པ་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་ཚང་གིས་ཁོང་ལ་ཁྱི་རྒན་ཞེས་བོས་པས། ཁོང་གི་བརྩམས་ཆོས་འགའི་མཇུག་ཏུ་ཁྱི་རྒན་གྱིས་བྲིས་ཞེས་ཀྱང་ཡོད་ཚོད་འདུག
གྲོགས་གཞོན་ནུ་ཟླ་མེད་ཀིས་བཤད་ནོ་བདེན་ནི་རེད། རྒད་པོ་ང་སེམས་ཆུང་ཟི་ཡིན་ནོའི་སྟབས་གིས་ཅིག་ཅིག་མིན་ན་རླུངས་ལོག་ག་བུད་ཐ། ད་ཨ་ལགས་ཚང་གིས་འདི་བྱས་གསུངས་དུས་རྒད་པོ་བློ་བདེ་སོང་ནི་རེད། ད་ཉལ་འཇོག་རྒྱུ་ཡིན། བདེ་མོ་བྱོས།
ཁོང་ལ་གསུང་འབུམ་དེབ་ལྔ་དྲུག་ཅིག་འདུག་པ་ཟི་ཁྲོན་ནས་པར་བརྒྱབ་འདུག ངས་དེ་འདི་གའི་བཀའ་བརྒྱུད་ཆོས་ཚོགས་ཤིག་གི་དཔེ་མཛོད་ནས་མཇལ་སོང་། དེབ་དེ་དག་གི་མདུན་ཤོག་མ་གཏོགས་ཀློག་མ་ཐུབ། སང་ཉིན་གནངས་ཉིན་ཞིག་ལ་སོང་ནས་ཅིག་ཀློག་བསམ་བསྡད་ཡོད།
ཁྱེད་ཅག་གིས་བྲི་སྟངས་ལྟར་བྲི་ཁུལ་བྱས་པ་ཡིན། ག་འདྲ་འདུག ཧ་ཧ་ཧ་ཧ་་་་
འོ་བློ་གྲོས་རྣམ་རྒྱལ། ད་ཁྱོད་ངེད་གཉིས་དང་མི་འདྲ་གི སྔ་སེ་ནས་སོང་ང་རྒན་མོའི་ཤ་དྲོད་ལ་བརླན་ནས་སྡོད། ད་རུང་དེང་སང་གནམ་གཤིས་གཅིག་གྲང་ནོ་ཁེང་རྒྱུ་ནི་འདྲ་ཟིག་རེད། སོང་ང་ལྷོད་ལྷོད་བྱས་ཡ་གཉིད་ལ་སྡོད། འདི་ནས་ཨ་ལགས་ཚང་ང་ངས་གསོལ་ཇ་འདྲེན། ངས་ཡུན་གི་འ་ལགས་ཚང་གི་དཀོར་ཟིག་ལེན་ན་འདོད་ནི་ཡིན་ད། འ་ལགས་ཚང་གི་ལག་པ་འདི་གནའ་སྔ་མོའི་བོད་ཟྭ་དང་གཅིག་པ་རེད་འདུག ལས་སླ་བོར་འབྱེད་ཐུབ་རྒྱུའི་རེ་བ་མེད་ཀི
ངས་སྔོན་མར་དབྱིན་དེབ་ཅིག་གི་ནང་དུ་རྫ་དཔལ་སྤྲུལ་གྱི་སྐྱེས་དམན་ཞེས་པའི་མགོ་བརྗོད་ཅན་གྱི་རྩོམ་ཡིག་ཅིག་མཐོང་ནས་ཧང་སངས་ཏེ་དབུགས་ཐེངས་གཅིག་གིས་བཀླགས་པས། ཐེངས་ཤིག་ཁོང་གིས་འབྲོག་པའི་པག་རྩག་ཅིག་མནབས་ནས་ས་ཆ་ཞིག་ག་གེ་མོ་ཞིག་ནས་རྫ་སེར་ཤུལ་དགོན་པ་ཡིན་ནམ་ཞིག་ལ་ཕེབས་ལམ་དུ་སྤྲང་བོ་ཉམ་ཐག་མ་བུ་གསུམ་དང་ཕྲད་པས། ཁོང་གིས་ཁྱེད་ཅག་འདི་ལྟར་སོང་ན་དགྲ་ཇག་སོགས་ཀྱིས་གནོད་འཚེ་གཏོང་གི་རེད། དེ་བས་འུ་ཅག་མཉམ་དུ་འགྲོ་གསུངས་ཏེ་བུ་ཚ་དེ་རྒྱབ་ཏུ་ཁུར་ནས་སོང་བ་དང་། དགོང་མོ་རེ་རེ་བཞིན་བུ་ཚ་དེ་ཁོང་གི་ཕྲུ་གུ་བཞིན་པག་རྩག་ནང་རུམ་ནས་ཉལ་བ་སོགས་རོགས་རམ་གང་ཐུབ་བྱས་ནས་སོང་། ཉིན་མཐའ་མ་དེ་ལ་སེར་ཤུལ་དགོན་པ་མཐོང་ས་ཞིག་ཏུ། ད་ང་འདི་ལྟར་ཁྱོད་ཚོ་དང་མཉམ་དུ་འགྲོ་ཐབས་མེད། ཉི་མ་ཅིག་ཅིག་ཅིག་ལ་འདི་གའི་དགོན་པའི་བླ་མ་ཞིག་གིས་ཆོས་གསུང་གི་རེད། དེ་དུས་སོངས་དང་ཁོང་གིས་ཁྱེད་ཅག་ལ་ཟ་མ་སོགས་གནང་གི་རེད་གསུངས་པས། སྤྲང་མོ་དེས་མིག་གཉིས་མཆི་མས་གང་ནས། ཁྱོད་ལྟ་བུའི་མི་སེམས་བཟང་ཞིག་ལ་མི་ཚེའི་ནང་ཐུག་མ་མྱོང་། ད་ཁྱོད་རང་གིས་ང་དང་མཉམ་དུ་གཉེན་སྒྲིག་བྱེད་རོགས་ཞེས་ཞུ་བ་འཐེན་ན་ཡང་ཁོང་གིས་དེ་ལྟར་རྩ་ནས་ཡོང་གི་མ་རེད་གསུངས་ནས་ཕེབས་འདུག དེ་ནས་ཁོང་གིས་སེར་ཤུལ་དགོན་པ་ཡིན་ནམ་དེར་སྤྱོད་འཇུག་གསུང་དུས་འབུལ་བ་མང་པོ་ཕུལ་བ་དག་འདི་ང་ལ་དགོས་འདི་ཡང་ང་ལ་དགོས་གསུངས་ནས་ཉར་ཚགས་གནང་བས། དགོན་པའི་བླ་གྲྭ་དག་གིས་རིན་པོ་ཆེ་ཁྱེད་ཚང་གིས་རྒྱུ་ནོར་གཏན་ནས་བདག་བཟུང་མི་མཛད་པར་དེ་རིང་ག་རེ་ཡིན་ནམ་ཞུས་པས། ཁོང་གིས་ང་ལ་འགྲུལ་བ་གལ་ཆེན་ཞིག་ཡོང་གིན་ཡོད་པས་དེ་ལ་སྟེར་དགོས་གསུངས། ཉི་མ་མཐའ་མ་དེ་ལ་སྤྲང་མོ་མ་བུ་གསུམ་མཇལ་ཁ་ཞུ་མཁན་མི་ཚོགས་ཀྱི་ཁྲོད་ནས་ཁོང་གི་སྐུ་མདུན་དུ་བསླེབས་དུས་ཁོང་གིས། འོ་ངའི་འགྲུལ་བ་གལ་ཆེན་དེ་འདི་ཚོ་ཡིན་གསུངས་ནས་ཇ་མར་རྩམ་པ་སོགས་གང་འདོད་འདོད་ཅིག་གནང་འདུག མཚམས་འདིར་བདེ་སྤྱོད་བཟང་པོས། འོ་ན་ཁོང་ལ་སྐྱེས་དམན་མི་འདུག་ག ཞེས་དྲིས་མ་ཐག་ཏུ། རོ་དངོས་གྲུབ་ཅན་གྱིས། དེ་རིང་ཡང་ང་རྒྱལ་སོང་ཞེས། ཕུ་ཐག་ཐག་དུར་ཁྲོད་བསིལ་བ་ཚལ་དུ་འཕུར་སོང་ངོ་།།
ྐླུ་སྨྱོན་ལགས། རྩོམ་ཐུང་འདི་བྐླགས་རྗེས་། ངས་སྔོན་མ་ཞིག་ལ་ཁྱེད་ཀྱིས་བོད་རིགས་རྩོམ་པ་པོ་འགའི་འཆི་བ་དེ་རྟེན་འབྲེལ་ལ་སྦྱར་ནས་ཅིག་དུས་བབ་ཐོག་ལ་བྲིས་ཡོད་པ་དེ་
དྲན་སོང་། གལ་ཏེ་ཁྱོད་ཤི་སོང་ན་། ཁྱེད་ཀྱིས་བྲིས་འཕྲོར་ལྷག་པ་དང་པར་དུ་བཏབས་མེད་པའི་རྩོམ་དེ་ཚོ་གསར་བུ་ང་འདྲ་བ་ཚོས་ཕྱོགས་བསྒྲིགས་བྱེད་དགོས་ཀྱི་རེད་འདོད།
དེ་ལོ་གཞོན་ཚོའི་འོས་འགན་རེད་དྲན། གཞན། མ་ཤི་བར་དུ་ཁྱེད་ཀྱིས་ཀྱང་གང་ཐུབ་ཐུབ་ཞིག་ཕྲིས། འཆི་བ་སང་ཞོགས་ཡོང་གི་རེད་སྒོམ་བཞིན་སྒོམ་བཞིན་ཕྲིས།
མ་རེད་དམ།
ཡ་ཡ། ངས་འདི་ལྟར་འབྲི་གིན་ཡོད། འཆི་བ་ཐག་རིང་ན་མི་འདུག་ཡ། དབུགས་ནང་དུ་རྔུབ་མ་ཐུབ་ན་འཆི་གི་རེད། དབུགས་ཕྱི་རུ་འཕེན་མ་ཐུབ་ན་ཡང་འཆི་གི་རེད། འགའ་རེ་སྐྱེས་དམན་གྱི་སྒང་ལ་འཛེགས་ནས་ཀྱང་འཆི་བཞིན་འདུག སྔོན་མར་ང་ལྷ་ས་ན་ཡོད་དུས་དོན་དག་འདི་འདྲ་ཞིག་བྱུང་སོང་། རྒྱ་ནག་གི་དམག་མི་ཞིག་གུང་གསེང་ལ་འགྲོ་གྲབས་ཡོད་དུས་ལྷ་ས་ན་ཡོད་པའི་རང་གི་དགའ་རོགས་ཁྲིད་ནས་མགྲོན་ཁང་ཞིག་ཏུ་སོང་ནས་དགོང་མོར་དགའ་རོགས་ལ་རྒྱོ་བཞིན་ཡོད་དུས་ལིང་ག་བྷ་གའི་ནང་ནས་ཕྱིར་ལེན་ཐབས་མ་བྱུང་བས། དངངས་འཚབ་སྐྱེས་ནས་ཞག་གང་བོར་ཕྱིར་འཐེན་ཀྱང་མ་ཡོང་བས་ཞོགས་པ་ཉི་མ་ཤར་རག་བར་དུ་ལུས་འདུག དེ་ནས་མགྲོན་ཁང་གི་ཞབས་ཞུ་མ་ཚོས་སྒོ་བརྡུངས་ན་ཡང་ལན་སྟེར་མཁན་མེད་པས་སྒོ་ཕྱེས་ནས་ནང་དུ་སོང་ནས་ཕོ་མོ་གཉིས་མཉམ་དུ་སྦྱར་ནས་བསྡད་ཡོད་པ་མཐོང་སྟེ་ཕྱིར་བྲོས་འདུག ཡིན་ན་ཡང་ཉིན་གུང་གཟུར་ན་ཡང་དེ་ལྟར་བྱས་ནས་བསྡད་པས་མཐའ་མར་འུ་ཐུག་ནས་ཉེན་རྟོག་པ་སྐད་བཏང་བས་ཉེན་རྟོག་པ་བསླེབས་ན་ཡང་དེ་ལྟར་ཁ་སྦྱར་ནས་ཡོད་པས་མཐའ་མར་སྐད་ཆ་དྲིས་ཏེ་དོན་དག་ཅི་བྱུང་གསལ་བོ་ཆགས་ནས་སྨན་ཁང་དུ་ཁྲིད་དེ་བརྟག་དཔྱད་བྱས་རྗེས་སྨན་པའི་ལག་རྩལ་སྣ་ཚོགས་ཤིག་གིས་དམག་མི་དེའི་ལིང་ག་དགའ་རོགས་ཀྱི་བྷ་གའི་ནང་ནས་ཕྱིར་འདོན་ཐབས་བྱས་འདུག་ལ། གང་ལྟར་ལིང་ག་བྷ་ག་ནས་ཕྱིར་བཏོན་མ་ཐག་ཏུ་དམག་མི་དེ་དབུགས་ཆད་ནས་ཤི་སོང་ཟེར། འཇིག་རྟེན་ན་འདི་ལྟར་འཆི་ལུགས་ཀྱང་འདུག
ད་ཐེངས་ད་འ་ལགས་ཚང་གོ་ནོར་འཐེབ་སོང་ཟིག ད་ཆུང་ཆུང་སྐབས་ནས་ལིང་ག་དང་བྷ་ག་ཟེར་བ་འདི་བཤད་པ་མ་གཏོགས་ཅི་ལྟར་ལངས་གི་ཡོད་དང་། ཡང་ཇི་ལྟར་ཤི་གི་ཡོད་སོགས་གཙང་མ་ཅིག་མ་ཤེས་ནས་རེད། ལངྒ་བྷ་ག་ནས་བཏོན་མ་ཐག་ཏུ་དམག་མིའི་ལིངྒ་ཤི་ཟེར་བ་ལ་དམག་མི་ཤི་ཅེས་གོ་སོང་ཟིག་པ།
མ་རེད་མ་རེད། དམག་མི་དེ་དེ་ལྟར་ཤི་སོང་བས། དམག་སྡེ་དེས་མི་སྣ་རྩ་འཛུགས་བྱས་ནས་ཞི་མོ་དེའི་ལུས་སྟེང་དུ་མིའི་ཚེ་སྲོག་ལ་གནོད་པའི་འབུ་ཕྲ་སོགས་ཅི་ཡོད་བརྟག་དཔྱད་བྱས་ཀྱང་ཅི་ཡང་མ་རྙེད་པ་རེད་ཟེར། ངས་བསམས་ན་མི་གཉིས་གཅིག་གཅིག་ལ་སེམས་བསམ་པའི་གཏིང་ནས་དགའ་སོང་ན་ངོ་མ་གཅིག་གཅིག་ལ་འཐིམ་ན་འདོད་པའི་ཚོར་བ་ཞིག་ཡོང་གིན་ཡོད་པ་རེད། ང་ལ་གྲྭ་པ་མ་བྱས་སྔོན་གསར་བུ་རྒྱོ་དགའ་ཡིན་པའི་གྲོགས་པོ་ཞིག་ཡོད། ཁོས་ཁོ་རང་སྙིང་ནས་དགའ་བའི་ཞི་མོ་དེར་རྒྱོ་དུས་རང་གི་ལུས་སེམས་གཉིས་ཞི་མོ་དེའི་ལུས་ཤ་དྲོན་མོ་དེར་འཐིམ་རྒྱུ་ཞིག་ཡོད་ན་བསམ་པ་ལ་གྲངས་ཀ་ཞིག་མེད་ཟེར་གི
འཆི་བ་ནམ་ཡང་ཆ་མེད་ཡིན།
འཆི་བ་ལ་བྲོས་ཀྱང་གཏོང་མཁན་དེ་མིན
འཆི་བ་ལ་འཇིགས་ཀྱང་སྙིང་རྗེ་བྱེད་མི་སྲིད
འཆི་བ་ལ་དགའ་ཡང་བསུ་དུས་ཀྱི་ནམ་ཟླ་ཚུར་གསུང་མཁན་མིན
འཆི་བ་ལ་སྡུག་ཀྱང་སྐྱོ་རོགས་བྱེད་ཤེས་མཁན་གྱི་ཁ་གྲགས་མཁན་ཞིག་མིན
འཆི་བ་ཨ་མའི་མངལ་དུ་ཡོད་དུས་ཀྱང་ཡོང་སྲིད་པ་ཡིན
འཆི་བ་མི་སྐད་བཤད་མི་ཤེས་གོང་དུ་ཡང་ཡོང་སྲིད་པ་ཡིན
འཆི་བ་དར་མའི་སྒང་ན་ཡོད་དུས་ཀྱང་ཡོང་སྲིད་པ་ཡིན
འཆི་བ་རྒན་དབུ་དཀར་ཡིན་དུས་ཀྱང་སླེབས་སྲིད་པ་ཡིན
འཆི་བ་བྱིས་པའི་རྩེད་ཐང་ན་ཡོད
འཆི་བ་མཛེས་མའི་འཇོར་སྒེག་ཁྲོད་ན་ཡོད
འཆི་བ་དར་མའི་སྟོབས་ཤུགས་ཀྱི་གསེང་ན་ཡོད
འཆི་བ་རྒས་པོ་དག་གི་གཉེར་མའི་གསུབ་དུ་སྤས་ཡོད
འཆི་བ་བན་ཆུང་དག་གི་ཆོས་སྤྱོད་ཀློག་སྐབས་སུ་གྲགས་བཞིན་ཡོད
འཆི་བ་སློབ་དཔོན་དག་གི་གདམ་བསྔགས་གནང་དུས་སུ་ཡོད
འཆི་བ་བླ་མའི་བྱིན་རླབས་བསྩོལ་དུས་སུ་ཡོད
འཆི་བ་ཕ་མས་བྱམས་བརྩེ་ཡི་དྲོད་ཁོལ་སྟེར་སྐབས་སུ་ཡོད
འཆི་བ་ནམ་ཡང་ཆ་མེད་ཡིན
ཉལ་ས་དྲོན་མོའི་ནང་དུ་ཡོད
བཅར་བརྡུང་སྐོར་གསུམ་ཁྲོད་ན་ཡོད
ནད་རིགས་གདོན་འགག་ཁྲོད་དུ་ཡོད
བདེ་ཐང་སྐྱིད་པོའི་ཁྲོད་དུ་ཡོད
སྐད་ངག་སྙན་དུས་ཀྱི་གསེང་དུ་ཡོད
ལུས་རྩལ་རྩེད་ཐང་ན་ཡོད
དུས་གསུམ་གང་རུང་ན་ཡོད
ཉིན་མཚན་དུས་དྲུག་ན་ཡོད
འོན་ཀྱང་ འཆི་བ་ལས་ལྡོག་ན་གང་ཡོད་པ་རེད
སྤུན་ཟླ་ཚོ། བདག་གིས་ཀྱང་ཁྱེད་ཅག་ལ་ཨ་ཁུ་ཀླུ་སྨྱོན་ཚང་ལ་སེམས་གསོའི་ཚུལ་ཟེར་ན་འགྲིག འཆི་བ་ནམ་ཡང་ཆ་མེད་ཡིན་ཟེར་བ་ཞིག་ཕུལ་ཡོད་ལགས།
འཆི་བ་ནམ་ཡོང་ཆ་མེད་ཡིན།
ཨོ་ཨ་ལགས་ཚང་གི་ཕྱག་ལག་དེ་གནའ་སྔ་མོའི་བོད་ཟྭ་དང་གཅིག་པ་ཡིན་ན་སྐྱོན་ནི་མ་རེད། བོད་ཟྭ་རྙིང་བ་ཚོའི་ཁོག་པར་བལ་འཇམ་པོ་ག་ལེར་བརྫང་ན་ཁ་ཕྱེ་ཐུབ་ནི་རེད།
ཀླུ་སྨྱོན་ལགས། དང་པོར་གསལ་བཤད་ཞུ་རྒྱུ་གཅིག་ལ། གོང་གི་ཁྱེད་ཀྱི་རྩོམ་དེ་རོབ་བཀླགས་ཤིག་བྱས་པ་ཡིན། ཆ་ཚང་བ་ཞིག་ཀློག་ཁོམ་མ་བྱུང་། དེ་ནས་འོག་གི་མཆན་དེ་ཚོ་གཅིག་ལ་ཡང་བལྟས་མེད། ལྷག་པར་ངའི་གྲོགས་པོ་གཞོན་ནུ་ཟླ་མེད་ཀྱི་མིང་མཐོང་བས་ད་མ་ཀློག་ཀྱང་ཤེས་ཀྱི་ཡོད། ཁོང་ཡོད་ས་ཞིག་ལ་དགེ་བླུགས་མ་བླུགས་ཤིག་གི་སྐད་ཆ་མ་གཏོགས་ལེགས་བཤད་སྣ་གཅིག་ག་བ་ག་བ། ཐ་ན་སྐད་ཆ་གསར་བ་ཞིག་ཀྱང་ག་ལ་ཡོད། འོན་ཀྱང་ལོ་སྔོན་མར་ཁྱེད་ཀྱི་རྩོམ་པ་པོ་ཚོའི་ཤི་སྐད་ཀྱི་ཁ་བཤད་ལ་ཉེའི་སྐོར་ལ་རྩོམ་ཞིག་བྲིས་འདུག དེང་སང་ཁྱེད་ཀྱིས་ཀྱང་དེ་འདྲ་མང་པོ་འབྲི་གི་འདུག ང་སེམས་བདེ་བོ་མ་བྱུང་། ཁྱེད་སྤྲུལ་སྐུ་ཞིག་ཡིན་པས་རང་ཁ་བ་ཞིག་དང་མི་འདྲ་ན་ཐང་བསམ་གྱི་ཡོད། ཁྱེད་ལ་ཅིག་བྱུང་ན་ཕངས་སེམས་ཚད་མེད་དཀོན་མཆོག་གསུམ་ཡོད་ད། ངས་ཁྱོད་ཕོ་རྒོད་སྟག་འདྲ་བོ་ཞིག་ལ་བརྩི་གི་ཡོད། ཨ་རོགས། རྗེས་མ་ནས་དེ་འདྲ་མ་འབྲི། གཞོན་ནུ་ཟླ་མེད་ལ་དགེ་བླུགས་མ་བླུགས་ཤིག་དང་ཁྱོད་ལ་ཤི་མ་ཤི་ཞིག་གི་སྐད་ཆ་མ་གཏོགས་ཁྱོད་གཉིས་ལ་ཤེས་བྱ་ཟད་སོང་ནི་ཡིན་རྒྱུ་མ་རེད་པ།
ཨ་ལགས་ཚང་། ད་ང་ཆུང་ཆུང་སྐབས་སུ་ཁྲོ་རྒྱ་ང་ཚོ་བྱིས་པ་ནང་གི་འཛགས་སྔ་ཤོས་ཡིན་པས་ཁོང་གིས་ལོ་༡༣ ཡིན་སྐབས་ཅིག་ལ་བུད་མེད་ལོ་༣༧ ཅན་ཟིག་ག་ལ་འཛགས་དང་ཟིག ཁོང་གིས་བཤད་པ་ལྟར་ན་རྣག་བསོས་ཟེར་ངེས་ཅིག་ལ་འགྲོ་རྒྱུ་ཡོད་པ་རེད་ཟེར། དེ་ནི་ཆགས་བདེ་ཐོབ་སོང་ན་དྲན་པ་འཐོར་བ་ནང་བཞིན་ཆགས་བདེའི་ཁོ་ནའི་དབང་དུ་འགྲོ་གི་ཡོད་ས་རེད། གོ་ཐོས་ལ་ཀ་ཅུ་བདེ་མཆོག་རང་བྱོན་ཟེར་བ་དེ་ལ་སྔོན་མ་ཟིག་ཀ་རྒྱ་གར་གྲུབ་ཆེན་ཕ་དམ་པ་དེར་སླེབས་ནས་བྱི་མོ་ཅིག་ལ་འབྱར་སོང་ནས་དེ་རྗེས་སུ་དེ་ལྟར་རྡོ་གཟུགས་སུ་གྱུར་ནས་བྲག་ལ་ཐིམ་པ། ཕྱིས་སུ་བྱིས་པ་ཕྱུག་རྫི་ཅིག་གིས་འུར་ཆ་འཕངས་བ་དེ་ལ་རྟེན་ནས་གཏེར་སྒོ་ཕྱེ་པ་རེད་ཟེར། དེ་ནས་བཟུང་ཀ་ཅུ་བདེ་མཆོག་ཡབ་ཡུམ་ད་ལྟ་ཡང་ང་ཚོ་ལ་མཇལ་དུ་ཡོད་པ་དེ་རེད།
འདུལ་བ་ལུང་ལས། ངའི་འཁོར་བུམ་པ་བཟང་པོ་ལྟ་བུ། དགེ་སློང་ཤ་རའི་བུ་དང། མོའུ་འགལ་གྱི་བུ་དང་འདྲ་བ་བརྒྱ་ལ་གདུགས་ཚོད་ཡོན་དང་བཅས་པ་བྱིན་པ་བས། འདུས་བྱས་མི་རྟག་པ་སྐད་ཅིག་མ་གཅིག་དྲན་པ་མཆོག་ཡིན་ནོ། ཞེས་གསུངས་འདུག་ག
མྱིག་རྫོད་ལགས་ཀྱི་ཁ་བརྡ་དེ་སེམས་ལ་འཛིན་གི་ཡིན། དེ་ནས་ཟླ་མེད་ལགས། གྲུབ་ཆེན་དེ་ཕ་དམ་པ་མ་རེད། བལ་བོ་ཕམ་མཐིང་བ་ཆེ་ཆུང་གཉིས་ཡོད་པའི་ཆུང་བ་དེ་རེད། ཁོང་མུ་སྟེགས་པ་ཞིག་དང་མཐུ་འགྲས་ཤོར་བས། མུ་སྟེགས་པ་དེས་ངས་ཁྱོད་མཐའ་ཡི་རྒྱ་མཚོའི་འགྲམ་བར་དུ་སྐྲོད་ཀྱི་ཡིན་ལབ་ཀྱང་ཁོང་གིས་དོགས་སྣང་ཅང་མ་བྱས་པ་རེད། རྗེས་སུ་ཁོང་ལ་རྒྱ་ནག་ཏུ་གནས་སྐོར་ལ་འགྲོ་འདོད་ཅིག་ལངས་ནས་ལ་ལུང་ཉུལ་ཏེ་རྒྱ་ནག་ཏུ་བསླེབས། ཉིན་ཞིག་རྒྱ་མཚོའི་འགྲམ་དུ་བསླེབས་དུས་སྔོན་གྱི་མུ་སྟེགས་པའི་སྐད་ཆ་དེ་ཡིད་ལ་དྲན་ནས་ངས་དེ་དུས་མཐུ་ཟློག་ཅིག་བྱས་ཡོད་ན་མི་སྐྱོན་ཡང་མ་བྱས་པས་ཁོས་ང་འདི་བར་དུ་བསྐྲད་འདུག་གསུངས། དེ་ནས་ཡར་ཡོང་སྟེ་རྒྱ་བོད་ཀྱི་ས་མཚམས་ལང་ཀྲུའུ་སྡེ་བཞི་དང་ཉེ་སའི་ཁ་ཏི་ཀ་ཡིན་ནམ་ཞིག་ཏུ་ཕེབས། རྒྱ་གྲོང་ཞིག་གི་ལྟག་པར་བྲག་ཕུག་ཅིག་ཏུ་སྒྲུབ་པར་བཞུགས། རྒྱ་གྲོང་གི་བུ་མོ་ལོ་བཅུ་དྲུག་་ཅན་ཞིག་གིས་རྟག་པར་ཁོང་ལ་བཞེས་ལག་ཕུལ། ཉིན་གཅིག་ཡོང་ནས་སང་ཉིན་ང་གྲོང་བ་གཞན་ཞིག་ལ་མནའ་མར་འགྲོ་གིན་ཡོད། ཨ་མ་རྒས་པས་བཞེས་ལག་འབུལ་མི་ཐུབ། སྦྱིན་བདག་གཞན་ཞིག་འཚོལ་གནང་རོགས་ཞུས་པས། མི་སྐྱོན། སང་ཉིན་ཁྱོད་མནའ་མར་འགྲོ་དུས་ངའི་མཚམས་ཁང་གི་ཐད་དུ་བསླེབས་ཚེ་ང་ལ་ཕྱག་གསུམ་ཚོལ་གསུངས། སང་ཉིན་བུ་མོས་དེ་ལྟར་བྱེད་རྩིས་བྱས་པ་ལ་ཉེ་དུ་རྣམས་ཀྱིས་བཀག་ནས་མ་ཐུབ། ཡིད་ནས་ཕྱག་གསུམ་བཙལ་མ་ཐག་རླུང་ཆེན་པོ་ཞིག་ལྡང་སྟེ་བུ་མོ་གར་སོང་མེད་པར་ཁྱེར། རྗེས་སུ་ཕྱུག་རྫི་ཞིག་གིས་བྲག་དེའི་དེའི་ནང་དུ་སྒོ་འབྱེད་དམ་མི་འབྱེད་ཅེས་པའི་སྒྲ་ཞིག་ལན་འགར་ཐོས། རྗེས་མ་དེར་ཕྱེས་ཤིག་བརྗོད་པས་བྲག་སྒོ་རང་ཕྱེར་སོང་བའི་ནང་ནས་ཕམ་མཐིང་བ་དང་རྒྱ་མོ་དེ་གཉིས་བདེ་མཆོག་ཡབ་ཡུམ་ཞལ་སྦྱོར་དུ་གྱུར་འདུག་པའི་རང་བྱོན་ལྟ་བུ་ཞིག་མཇལ། རྗེས་སུ་ཐུའུ་བཀན་ཚང་སོགས་ཀྱིས་གསེར་ཞལ་དང་ན་བཟའ་སོགས་ཕུལ་ཞེས་མདོ་སྨད་ཆོས་འབྱུང་སོགས་ལས་གསུངས།
འཇིག་རྟེན་འདི་ན་འཆི་བ་ཐོན་པ་ལས་ཞེ་སྣང་ཚ་བོ་ཅིག་གང་ན་ཡོད།
བློ་གྲོས་སྐྲག་ཐག་ཆོད་པ་ལ་ཡང་ཁག་མི་འདུག་ག
ད་རེས་ཀླུ་སྨྱོན་ཚང་གིས་རང་གི་ཚོར་བ་དང་སྦྱར་ནས་བསམ་རྒྱུ་དགོད་རྒྱུ་གཉིས་ཀ་ཡོད་པ་ཞིག་བྲིས་འདུག ཡུད་ཙམ་ཞིག་ལ་དྲན་པ་རང་བཞིན་དུ་མི་གནས་པ་ལྟ་བུའི་སྐྲག་སྣང་ཤིག་ཀྱང་ངང་ངམ་ཤུགས་ཀྱིས་སླེབས་ཡོང་བ་འདུག
འཆི་བ་དངོས་སུ་མགོ་ཐོག་ལ་ཡོང་དུས་ཤིག་ལ་ཅི་བྱེད་ཀྱི་ཡིན་ནམ། ཉིན་ཞིག་ཡོང་ཐག་ཆོད་ཡིན་ཙང་འཇིག་རྟེན་འདི་ནས་ཕན་ཐོགས་པའི་ལས་་གང་ཡང་མ་བྱས་གོང་ལ་ཨ་ཞང་གི་རྩ་ལ་འགྲོ་དགོས་བྱུང་ན་འགྱོད་པ་ཆེ་གི་ཡ།
གོང་གི་བལ་བོ་ཕམ་མཐིང་བ་འདི་རྡོ་རྗེ་རྣལ་འབྱོར་མ་སྒྲུབ་མཁན་ཞིག་ཡིན་པས། རྒྱུན་སྲོལ་བཞིན་ཁོང་གི་དཔྲལ་བར་བྱུགས་ཡོད་པའི་སིནྡྷུ་རའི་དགའ་འཁྱིལ་དེ་རྒྱ་མོའི་དཔྲལ་བར་འཕོས་པས་ཁོང་གིས་དེ་མཁའ་སྤྱོད་མའི་སྤྲུལ་བ་ཡིན་པ་ཤེས་འདུག
དེ་རིང་འདི་ནས་ཁྱེད་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུ།
གལ་ཏེ་ཁྱེད་རང་ཤི་སོང་ན། །
ཤུལ་ན་ཨ་སྒོར་ཅི་ཙམ་ཡོད། །
མང་པོ་ཡོད་ཀྱང་མ་ཆགས་པར། །
ཐར་བ་ཐོབ་པའི་སྨོན་ལམ་འདེབས། །
ཁྱོད་མ་ཤི་གོང་ནས་སྒོར་མོ་འགའ་ཡོད་ན་ང་ལྟ་བུའི་སྐྱབས་བཅོལ་བ་མེད་པོ་དག་གི་མིང་ཐོག་ལ་འཇོག་རོགས། དེ་མིན་ཁྱོད་ཀྱི་བཟང་ས་ཡིན་ཟེར་བ་འགས་འཁྱེར་འགྲོ་ནི་རེད་ཡ།
བོད་རེ་བས་ཕུང་ཟེར་བ་འདི་རེད། ཁོ་ཡང་ང་ནང་བཞིན་དངུལ་གྱིས་འདང་ལ་མི་འདང་ལ་དང་དངུལ་རག་ལ་མི་རག་ལ་བྱས་ནས་སེམས་པ་མ་སྐྱིད་པར་སྡུག་གཏམ་འབྲི་གི་ཡོད་པ་རེད། གལ་སྲིད་དངུལ་མང་པོ་ཡོད་ན་སེམས་པ་སྐྱོ་གི་མ་རེད། དེ་ལས་སྐྱེས་ཕོ་རབས་ཤིག་ལངས་གསུམ་ལོག་གསུམ་ཟེར་བ་ལྟར་མི་ལ་བདེ་ཐང་དང་སྤོབས་པ་ཡོད་ན་ནམ་ཞིག་དཀའ་ངལ་དེ་ཚོ་རྨི་ལམ་ནང་བཞིན་ཡལ་འགྲོ་གི་རེད། རྒན་ལགས་མ་ཁར་སོ་བཏབ་ནས་མགོ་བཀྱགས་ཏེ་ཉི་མ་ཤ་ཁས་ལ་ཡར་རྒྱུགས་གྱིས་དང་། གཅིག་བྱས་ན་གོམ་པ་གསུམ་གི་ཕ་རོལ་ན་གྲོགས་སྐྱུགས་པ་དང་འཕྲད་སྲིད། ལམ་འགྲོ་ཞིག་ཁྱེད་ཀྱི་འགྲོ་ཁ་ལ་རྒྱུགས་ནས་ཡོང་གི་ཡོད་སྲིད་པས་སེམས་ཤི་དོན་ཅི། ད་བར་ཆོས་སྦྱངས་པ་མ་རེད་དམ། སེམས་པ་ཆུང་ཆུང་དེ་ཙམ་ལས་མེད་ན་སྒོ་ཕྱི་ལ་བུད་ནས་ས་མཐའ་ལ་འགྲོ་དོན་ཅི། ནང་ནས་ཐོན་ཁར་སྲོག་ཤོར་ན་མི་འགྱོད་ཐག་བཅད་ནས་ཡོང་ཡིན་པ། ད་ག་རེ་བྱས་ནས་སྡུག་སྨྲེ་འདོན་གྱི་ཡོད་དམ།