གཡང་སྐྱབས་རྒྱལ་གྱིས།
མདང་ང་གཉིད་མ་ཐུབ། ངས་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་། ང་གཉིད་མ་ཐུབ། ངས་གལ་སྲིད་ང་བཀའ་བློན་ཁྲི་པ་ཡིན་ན་ག་རེ་བྱེད་ཀྱི་ཡིན་པའི་སྐོར་ལ་བསམ་བློ་བཏང་། འདི་ནི་སྟོང་སེམས་ཤིག་རེད། འདི་ནི་སྟོང་སེམས་ཤིག་ཡིན། འདི་ནི་དངོས་ཡོད་ཅིག་མིན། འདི་ནི་འཆར་སྣང་ཞིག་ཡིན། མུ་མཐུད་ནས་གསན་རོགས་གནང་དང་།
གལ་སྲིད་ང་བཀའ་བློན་ཁྲི་པ་ཡིན་ན། ཐོག་མར་ངས་ལས་ཁུངས་ཁུ་བསྡུ་བྱེད་ཀྱི་ཡིན། ལས་བྱེད་ཇེ་ཉུང་ལ་གཏོང་གི་ཡིན། ལས་བྱེད་གཅིག་ལ་ལོ་གཅིག་གི་ཟླ་ཕོགས་ཧིན་སྒོར་ཁྲི་བཞི་ཡིན་པ་ཆ་ཞོག ངས་ལས་བྱེད་བཅུ་དང་ཉི་ཤུ་དང་ཉི་ཤུ་ནས་བརྒྱ་ཕྲག་བར་ཇེ་ཉུང་ལ་གཏོང་གི་ཡིན། ངས་ལས་བྱེད་ཚོ་ལ་ལས་ཀ་གཞན་པ་འཚོལ་གི་ཡིན། དེ་ནས་ངས་རྒྱ་གར་དུ་ནང་སྲིད་ལས་ཁུངས་ཉར་གི་ཡིན། ཆོས་དོན་ལས་ཁུངས་སྒོ་རྒྱག་གི་ཡིན། བདེ་སྲུང་ལས་ཁུངས་ཉར་གི་ཡིན། དཔལ་འབྱོར་ལས་ཁུངས་སྒོ་རྒྱག་གི་ཡིན། ཕྱི་དྲིལ་ལས་ཁུངས་ཉར་གི་ཡིན། ཤེས་རིག་ལས་ཁུངས་སྒོ་རྒྱག་གི་ཡིན། སྒོ་བརྒྱབ་པའི་ལས་ཁུངས་ཚོའི་ལས་ཀ་བཀའ་ཤག་གིས་རྩིས་ལེན་གི་ཡིན། སྒོ་བརྒྱབ་པའི་ལས་ཁུངས་ཀྱི་སྔོན་རྩིས་སྒོར་མོ་དེ་ཚོ་བོད་ནང་ལ་གཏོང་གི་ཡིན། དེ་ལ་དམིགས་ནས་གཞིས་ལུས་མི་མང་བདེ་དོན་ལྷན་ཁང་ཟེར་བ་ཞིག་འཛུགས་གི་ཡིན། ལས་ཁུངས་དེས་བོད་ནང་གི་མི་མང་གི་བདེ་སྡུག་ཆེད་ལས་ཀ་བྱེད་གི་ཡིན།
གལ་སྲིད་ང་བཀའ་བློན་ཁྲི་པ་ཡིན་ན། ངས་གཞིས་ཆགས་མི་མང་གི་འཚོ་བ་ཡར་རྒྱས་གཏོང་གི་ཡིན། ངས་སུད་ཚོང་བ་ཚོས་ལུ་ཌི་ཨ་ན་ནས་དོ་པོ་ཆེན་པོ་འཁུར་ནས་འགྲོ་བ་མཐོང་གི་འདུག ངས་གཞིས་ཆགས་མི་མང་གིས་ཁ་སྐམ་སེ་དང་གདོང་ནག་སེ་བ་བྱས་ནས་རྔུལ་ནག་འཕྱི་ཞོར་ཞིང་ཁ་ལ་ལས་ཀ་བྱེད་པ་མཐོང་གི་འདུག ངས་དེ་ཚོའི་ལས་ཀ་ཇེ་ཡངས་སུ་གཏོང་བའི་ཐབས་ཤེས་བྱེད་ཀྱི་ཡིན། དེ་ནས་ངས་བོད་རིགས་སུ་ཡིན་རྣམས་ཐང་བུ་བཞིན་གཡུགས་བཞག་པ་ཞིག་བྱེད་ཀྱི་མིན། བོད་རིགས་ཡིན་ཚད་ལ་འགྲོ་ས་སྡོད་སའི་ཁུངས་ཡོད་པ་ཞིག་བྱེད་ཀྱི་ཡིན། ལས་མེད་ཀྱི་བརྒྱ་ཆ་ཇེ་ཉུང་ལ་གཏོང་གི་ཡིན། རྡ་རམ་ས་ལ་དང་ལྡི་ལི་ཁུལ་ན་རང་མགོ་གང་ཐོན་བྱས་ན་མ་གཏོགས་འགྲོ་ས་སྡོད་ས་མེད་པ་དེ་ཚོ་རྒྱུན་ཆད་པ་ཞིག་བཟོ་གི་ཡིན།
གལ་སྲིད་ང་བཀའ་བློན་ཁྲི་པ་ཡིན་ན། ངས་གསར་འབྱོར་བ་ཚོ་ལ་སྣེ་ལེན་ཇེ་ལེགས་སུ་གཏོང་གི་ཡིན། གསར་འབྱོར་བའི་ཆེད་དུ་ལས་ཁུངས་འཛུགས་གི་ཡིན། གསར་འབྱོར་བའི་སེམས་ཁམས་རྨས་མ་ལ་སེམས་གསོ་གཏོང་བ་དང་ལམ་སྟོན་བྱེད་པའི་ལས་ཁུངས་འཛུགས་གི་ཡིན། བོད་རིགས་རྣམས་རྒྱ་གར་དུ་རྒྱ་གར་གྱི་མི་སེར་བཟོ་གི་ཡིན། བོད་ཀྱི་སློབ་གྲྭ་ཐོན་པའི་སློབ་མ་ཚོ་ལ་ལོ་རེ་རེ་བཞིན་སློབ་ཐོན་གྲངས་འབོར་ལ་དཔགས་ནས་ལས་ཀ་བཀོད་སྒྲིག་བྱེད་གི་ཡིན། ལས་ཀ་དེ་ཚོ་ཡང་དགེ་རྒན་དང་ནད་གཡོག་ཙམ་མ་ཡིན་པར་རྒྱ་གར་གྱི་ལས་ཀ་དེ་ཚོ་ལ་ཞུགས་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡིན། འདིའི་ཁོངས་སུ་ཉེན་རྟོག་པ་དང་སྦྲག་པ་ཚུན་ནས་འདུས་ཡོད། སྐར་མ་གསུམ་གྱི་ཉེན་རྟོག་པའི་དཔོན་པོ་རྡོ་རྗེ་དོན་གྲུབ་ཟེར་བ་ཀང་རྭ་རྫོང་དུ་ཡོད་པ་ཞིག་བཟོ་གི་ཡིན།
གལ་སྲིད་ང་བཀའ་བློན་ཁྲི་པ་ཡིན་ན། ངས་རྒྱ་ནག་ལ་ཞིབ་འཇུག་གི་ལས་ཁུངས་ཤིག་འཛུགས་གི་ཡིན། ལས་ཁུངས་འདིའི་ནང་རྒྱ་སྐད་ཤེས་པའི་གསར་འབྱོར་བ་ཤ་སྟག་འཇོག་གི་ཡིན། འདིའི་ངོས་ནས་རྒྱ་དང་རྒྱ་ལ་ཉེ་བའི་ལུང་པ་ཚོའི་ནང་བོད་ཀྱི་འཐབ་རྩོད་ལ་ངར་སླེབས་པའི་ལས་ཀ་རྩོམ་གྱི་ཡིན། ལོ་རེ་རེ་ལ་བོད་ཀྱི་ཆབ་སྲིད་ཁོ་ན་མིན་པར་ཆོས་དང་རིག་གཞུང་། གོམས་གཤིས། སྐད་ཡིག་ཚུན་ལ་ལས་ཀ་འདི་དང་དེ་བྱེད་པའི་འཆར་གཞི་བཟོས་ནས་ལག་བསྟར་བྱེད་གི་ཡིན།
གལ་སྲིད་ང་བཀའ་བློན་ཁྲི་པ་ཡིན་ན། བོད་རིགས་སྐྱབས་བཅོལ་བ་ཚོ་མུ་མཐུད་ནས་རྒྱ་གར་སོགས་སུ་བསྡད་ཐུབ་པའི་ལམ་ཁ་གསར་པ་བཙལ་གི་ཡིན། དེ་ཡང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆོས་དང་མི་རིགས་གཅིག་པ་ཚོ་ལ་འབྲེལ་བ་ཇེ་ཆེར་བཏང་ནས་ས་ཁུལ་གང་བདེ་ཞིག་ཏུ་གཞིས་གསར་པ་འཛིན་གི་ཡིན།
གལ་སྲིད་ང་བཀའ་བློན་ཁྲི་པ་ཡིན་ན། བོད་ཀྱི་ཆབ་སྲིད་ལ་གྲུབ་འབྲས་ཐོན་མ་སོང་ཞེས་འཁུམས་ནས་སྡོད་གི་མིན། ཆབ་སྲིད་ལ་མ་ཐོན་ན་ཡང་། རིག་གཞུང་གི་ཐོག་ནས་ཨེ་ཐོན་ལ་ལྟ་གི་ཡིན། སྐད་ཡིག་གི་ཐོག་ནས་ཨེ་ཐོན་ལ་ལྟ་གི་ཡིན། དེ་ནས་གལ་ཆེ་ཤོས་ཤིག་བོད་མིའི་སྤྱི་ཚོགས་༼གཞིས་བྱེས་༽ཕན་ཚུན་དབར་གྱི་འབྲེལ་ལམ་འདི་ཇེ་ཟབ་དང་ཇེ་དམ་ལ་གཏོང་ཨེ་ཐུབ་ལྟ་གི་ཡིན། འབྲེལ་ལམ་དེ་ཡང་ཆབ་སྲིད་ཀྱི་ངོ་བོ་གཅིག་པུ་ལ་འཛིན་གི་མིན།
གལ་སྲིད་ང་བཀའ་བློན་ཁྲི་པ་ཡིན་ན། ངས་ད་བར་བྱུང་བའི་བོད་དོན་འཐབ་རྩོད་པ་དང་མཁས་པ། ལས་འགུལ་སྤེལ་མཁན་གང་ན་སུ་བཞུགས་རྣམས་གདེང་འཇོག་འཕེལ་བའི་ལམ་ཁ་འཚོལ་གི་ཡིན། ཁོ་ཚོའི་མཚན་ཐོག་ལ་རྗེས་དྲན་གྱི་རི་མོ་འགོད་གི་ཡིན།
གལ་སྲིད་ང་བཀའ་བློན་ཁྲི་པ་ཡིན་ན། བོད་རྒྱའི་བར་འབྲེལ་བ་བྱུང་ན་རབ་དང་མ་བྱུང་ན། ལོ་ཟླ་ཚེས་བཀག་གིས་འབྲེལ་ལམ་མཚམས་འཇོག་བྱེད་གི་ཡིན། འདི་བོད་གཅིག་པུའི་གྱོང་ཞིག་གཏན་ནས་མིན། འབྲེལ་བ་མ་བྱས་ན་རྒྱ་ནག་ལ་ཡང་གྱོང་ཆེན་པོ་ཡོད། ད་དུང་ངས་བོད་མི་ཤོར་མ་རྣམས་སླར་ཡང་བོད་ལ་ལོག་པའམ་ལྟ་སྐོར་ལ་འགྲོ་བའི་ལམ་ཁ་གཙང་མ་ཞིག་འཚོལ་གི་ཡིན། མགོ་ནག་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་ཟེར་བ་འདི་བསྐལ་པ་ཇི་སྲིད་ཀྱི་བར་གནས་ཐུབ་པའི་ཐབས་ཤེས་འཚོལ་གི་ཡིན། ད་དུང་མང་། གལ་སྲིད་ང་བཀའ་བློན་ཁྲི་པ་ཡིན་ན།
དེ་ནས་ང་གཉིད་དུ་ཡུར་པ་རེད། ང་གཉིད་སད་དུས་ཞོགས་པའི་རླུང་བུ་གྲང་སང་ངེར་འདུག གནམ་སྔོན་པོའི་ངོས་ན་སྤྲིན་པ་ཐར་ཐོར་ཞིག་འདུག ས་གཞི་ཟླུམ་པོའི་ཟུར་ཞིག་ན། ཕ་ཡུལ་དང་ཆེས་རྒྱང་ཁད་རིང་བའི་ས་ཞིག་ན་ང་གཅིག་པུ་ཁེར་སྡོད་བྱས་འདུག ཨ་ཁ།
ངོ་མ་འདི་ལྟར་ཡིན་ན། སྐུ་ཉིད་བཀའ་ཁྲིའི་འོས་མི་རུ་བཞེངས་མི་ཐུབ་པའི་རྒྱུ་མཚན་ཅི་ཡང་མཐོང་གི་མི་འདུག
ཨ་ལ་ལ། ཁྱེད་རང་གིས་རྨི་ལམ་སྐྱིད་པོ་ཞིག་བཏང་འདུག
ཨ་རོགས། ཁ་བཤད་དོན་ལ་གནས་དགོ་ངས་ཁྱེད་རང་བཀའ་བློན་ཁྲི་བ་འདེམས་ཀྱི་ཡིན།