དགེ་འདུན་རབ་གསལ་གྱིས།
དེ་རིང་གཟའ་ཟླ་བ་རེད། ང་ལ་ལས་ཀ་མེད། གང་ཡིན་ཟེར་ན། དེ་རིང་ནི་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་མྰར་ཋིན་ལུ་ཐར་ཀིང་གི་ཉིན་མོ་རེད་ལ། དེའི་རྐྱེན་གྱིས་གཞུང་འབྲེལ་ལས་ཁུངས་མང་པོ་གུང་གསེང་རེད། ང་ལ་ཡང་གུང་གསེང་དེ་ཐོབ་པ་རེད། མི་ཚོས་ཌོཀ་ཊར་ཀིང་གི་སྐུ་ཚེའི་མཛད་རྗེས་ལ་དྲན་གསོ་བྱེད། ངས་ཀྱང་རང་གི་མི་ཚེ་ལ་དྲན་གསོ་བྱས། ཁོང་གི་མཛད་རྗེས་དེ་ནི་ཨ་རིའི་ནང་གི་མི་རིགས་ནག་པོ་ཚོར་མི་རིགས་དཀར་པོ་དང་འདྲ་མཉམ་གྱི་ཐོབ་ཐང་ཡོང་བར་མཛད་པ་དེ་རེད། ཁོང་གིས་དེའི་ཐད་ཀྱི་གསུང་བཤད་གྲགས་ཅན་ཞིག་ནི། ང་ལ་རྨི་ལམ་ཞིག་ཡོད། ཅེས་པ་དེ་རེད།
ང་ལ་རྨི་ལམ་ཞིག་ཡོད། ང་ལ་རྨི་ལམ་ཞིག་ཡོད་དམ། ངས་རྨི་ལམ་ཞིག་གཏོང་ཐུབ་བམ། གལ་སྲིད་ང་ལ་རྨི་ལམ་ཞིག་ཡོད་ན། དེ་ནི་ང་ཨ་མའི་བང་དུ་སླར་ལོག་རྒྱུ་དེ་ཡིན། ང་དང་ངའི་དབུ་འཁྲིད་༧གོང་ས་མཆོག་བོད་དུ་ལོག་རྒྱུ་དེ་ཡིན། ངའི་རྨི་ལམ། ངའི་རྨི་ལམ་འདི་ཡིན་ནམ།
གལ་སྲིད་ང་ལ་རྨི་ལམ་ཞིག་ཡོད་ན། དེ་ནི་བོད་ལ་རང་བཙན་ཐོབ་རྒྱུ་དེ་ཡིན། བཙད་པོ་སྲོང་བཙན་གྱིས་བཞག་པའི་ལོ་རྒྱུས་དེ་ཚོ་གཞི་ལ་བཞག་ནས། བོད་ཀྱི་རང་བཙན་སླར་གསོ་བྱེད་རྒྱུ་དེ་ཡིན། རྒྱ་རྒྱ་ཡུལ་ལ་སྐྱིད། བོད་བོད་ཡུལ་ལ་སྐྱིད། རྒྱ་བོད་ཡུལ་དུ་སྡུག བོད་རྒྱ་ཡུལ་དུ་སྡུག ལོ་རྒྱུས་འདི་ཚོ་ལོ་རྒྱུས་ཙམ་མ་ཡིན་པར་ལག་ལེན་ལ་ཐེབས་རྒྱུ་དེ་ཡིན། འདི་ངའི་རྨི་ལམ་ཡིན་ནམ། གལ་སྲིད་འདི་ངའི་རྨི་ལམ་ཡིན་ན། བོད་མི་ཚོས་ཅིའི་ཕྱིར་བོད་རང་བཙན་རྩོད་ཀྱི་མིན་ཞེས་གསུངས་གི་ཡོད་དམ། ཅིའི་ཕྱིར་བོད་མི་ཚོས་རྒྱ་ནག་གཞུང་དང་མཉམ་འབྲེལ་བྱེད་ཀྱི་ཡིན་གསུངས་གི་ཡོད་དམ། ད་ཁྱེད་ཚོས་གསུངས་དང་། ང་ལ་རྨི་ལམ་ཞིག་ཡོད་དམ།
འོ་ན། གལ་སྲིད་ང་ལ་རྨི་ལམ་ཞིག་ཡོད་ན། དེ་ནི་བོད་རང་བཙན་གཡུགས་ནས། རྒྱ་ནག་དང་ཞི་བའི་གྲོས་མོལ་བྱས་ཏེ། བོད་མི་རིགས་འདི་ཆག་འཇིག་གི་ཉེན་ཁ་ལས་སྐྱོབ་རྒྱུ་དེ་ཡིན། འདི་ཛ་དྲག་ཡིན། འདི་ད་ལོ་དང་སང་ལོ་ལ་འགྲུབ་དགོས། ལོ་གཅིག་ལོ་གཉིས་ནང་མ་འགྲུབ་ན། བོད་མི་རིགས་ཟེར་བ་དེ་གོ་ལ་ཟླུམ་པོའི་ངོས་ནས་ཡལ་འགྲོ་གི་རེད། འཇའ་ཡལ་བ་ནང་བཞིན་ཡལ་འགྲོ་གི་རེད། དེའི་ཆེད་དུ་རྒྱ་ནག་དང་བསྟུན་མཁས་ཀྱིས་བོད་རྒྱ་ཞི་མོལ་བྱེད་དགོས། མར་བབས་ས་མེད་ན་མ་གཏོགས་ཡོད་ཚད་འབབ་གི་ཡིན། འདི་ངའི་རྨི་ལམ་ཡིན་ནམ། གལ་སྲིད་འདི་ངའི་རྨི་ལམ་ཡིན་ན། འདི་མགོ་བཙུགས་ནས། ལོ་ངོ་ཅི་ཙམ་སོང་། ལོ་གཅིག་ལོ་གཉིས་གསུངས་གིན་གསུངས་གིན་ལོ་ངོ་ཅི་ཙམ་སོང་། ད་དུང་ཡང་འགྲུབ་རེ་མེད་ཁར། མི་འགྲུབ་པའི་དན་རྟགས་ཇེ་མང་ལ་སོང་། ད་ང་ལ་རྨི་ལམ་ཞིག་ཡོད་དམ།
ཕྱག་འཚལ་ལོ། བོད་ནང་གི་བོད་རིགས་ཤ་ཞེན་ཅན་ཁྱེད་ཚོ་ལ། ཁྱེད་ཚོས་ད་དུང་བོད་མི་རིགས་འདི་ཤི་མ་བཅུག སྔོན་མ་ཡིན་ན་ཁྱེད་ཚོས་མའོ་ཡི་གསུང་རྩོམ་གཅེས་བསྡུས་བེད་སྤྱོད་ཀྱིས་བོད་ཀྱི་སྐད་ཡིག་ལ་རང་བཙན་ཐོབ་པ་བྱས། ད་ཡིན་ན་ཁྱེད་ཚོས་མི་རིགས་ཀྱི་ཁྱད་ཆོས་བཤད་ནས་བོད་ཀྱི་མི་རིགས་ཤི་མ་བཅུག ཁྱེད་ཚོའི་སེམས་ཤུགས་ལ་བལྟས་ན། བོད་མི་རིགས་འདི་ད་དུང་ལོ་ངོ་བརྒྱ་སྐོར་ཞིག་གི་རིང་མི་འཆི་ཐག་ཆོད་རེད། ཡིན་ན་ཡང་། ངའི་རྨི་ལམ་དེ་ཁྱེད་ཀྱིས་ཤེས་སམ། ངའི་རྨི་ལམ་ལྟར་ན། ཁྱེད་ཚོ་ལོ་ཤས་ནང་ཚུན་ཤི་ངེས་རེད་ལ། ངའི་རྨི་ལམ་ལྟར་ན། ཁྱེད་ཚོས་བོད་འདི་ཆག་འཇིག་ལས་སྐྱོབ་མི་ཐུབ་ཐག་ཆོད་རེད། ངའི་རྨི་ལམ་འདི་ཇི་འདྲའི་རྨི་ལམ་ཞིག་རེད། ཉིན་གུང་གི་རྨི་ལམ་ཞིག་མིན་ནམ།
ང་ལ་རྨི་ལམ་ཙམ་ཡང་མེད་པའི་ཁ་སྟབས་འདི་སུས་བཟོས་པ་རེད། འདི་རྒྱ་ནག་གིས་བཟོས་པ་རེད་དམ། ཏན་ཏན་ཡིན་གྱི་མ་རེད། རྒྱ་ནག་གིས་ངའི་ལུང་པ་བཙན་བཟུང་བྱེད་ཐུབ་པ་ལས་ངའི་རྨི་ལམ་ག་ལ་འགོག་ཐུབ། དེས་ན། ང་ལ་རྨི་ལམ་ཙམ་ཡང་མེད་པའི་ཁ་སྟབས་འདི། ང་ཚོས་བཟོས་པ་རེད། བོད་ཀྱི་རྒྱལ་ཁབ་དང་མི་རིགས་ལ་རྨི་ལམ་ཙམ་ཡང་མེད་པའི་ཁ་སྟབས་འདི་ང་ཚོས་བཟོས་པ་རེད། ང་ཚོས་རང་བཙན་གྱི་རྨི་ལམ་གཏོང་བ་དེ་ཡང་མཚམས་བཞག ང་ཚོས་རང་སྐྱོང་གི་རྨི་ལམ་གཏོང་བ་དེ་ཡང་ཉིན་གུང་གི་རྨི་ལམ་དུ་སོང་། དེ་ལྟར་ང་ཚོ་ལ་རྨི་ལམ་ཞིག་ཀྱང་མེད་པར་གྱུར་སོང་། ཁོ་རེ། གཟིགས་དང་། ཐ་ན་རྨི་ལམ་ཞིག་ཀྱང་མེད་པར་གྱུར་སོང་། རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ཟེར། ལས་འགུལ་གྱི་དམིགས་ཡུལ་ཟེར། འཐབ་རྩོད་ཀྱི་ཁ་ཕྱོགས་ཟེར། ངས་དེ་ལ་ངའི་རྨི་ལམ་ཟེར། ཅི་ཞིག་ཡིན། གང་དུ་ཡོད། གསུངས་དང་།
ད་ནི། གལ་སྲིད་ང་ལ་རྨི་ལམ་ཞིག་ཡོད་འདོད་ན། དེ་རིང་བོད་རྒྱ་ཞི་མོལ་འདིའི་གཏིང་ཐག་ཆོད་དགོས་སོ།། དེ་རིང་ཆགས་ན་ཞོ་དང་མ་ཆགས་ན་ད་ར་ཡིན་ལུགས་གསུངས་དགོས་སོ།། དེ་རིང་ང་ཚོས་བོད་རེ་བས་མི་འཕུངས་པ་ཞིག་གནང་དགོས་སོ།།
གལ་སྲིད་ང་ལ་རྨི་ལམ་ཞིག་ཡོད་འདོད་ན། བོད་ཀྱི་དབུ་འཁྲིད་ཚོས་བོད་མི་མང་གི་དབུ་འཁྲིད་དགོས་སོ།། བོད་མི་མང་དེ་བོད་དུ་ཡོད་ལ། དེ་ཚོའི་བདེ་སྡུག་གི་གནས་སྟངས་ལ་གཟིགས་ཕྱིར་བོད་ནང་ལ་ཕེབས་དགོས་སོ།། བོད་དང་ཁ་བྲལ་ནས་བོད་ཀྱི་འཐབ་རྩོད་ཅིག་ག་ནས་ཡོང་། གནད་དོན་འདི་གཟིགས་དགོས་སོ།།
གལ་སྲིད་ང་ལ་རྨི་ལམ་ཞིག་ཡོད་ན། དེ་ནི་བོད་འདི་མི་རབས་ནས་མི་རབས་སུ་རྒྱ་འོག་ལས་ཐར་མི་སྲིད་པའི་ཆ་རྐྱེན་འདི་ཚོ་སྟོར་དགོས་སོ༎ མི་རབས་འདི་ལ་མིན་ཡང་། མི་རབས་རྗེས་མ་ཚོ་རྒྱ་འོག་ལས་ཐར་པའི་རེ་བ་བྱེད་དགོས་སོ༎ དབུ་འཁྲིད་དང་གཞུང་གི་ངོས་ནས་ཅི་བྱ་གཏོལ་མེད་དུ་མི་བཞུགས་པར་བོད་མི་རིགས་འདི་ལ་དམིགས་ཡུལ་ཞིག་བསྐྲུན་དགོས་སོ།། ཁ་ཕྱོགས་ཤིག་སྟོན་དགོས་སོ༎
གལ་སྲིད་ང་ལ་རྨི་ལམ་ཞིག་ཡོད་ན། སྲིན་པོ་གདོང་དམར་བོད་ཀྱི་རྒྱལ་ཁམས་འདི་གསོན་དུ་འཇུག་དགོས་སོ༎ བོད་རང་བཙན་གྱི་རྨི་ལམ་ཞིག་བོད་མི་རིགས་ལ་འཇོག་དགོས་སོ༎ དེ་ལྟར་ན། འཆར་ལོའི་དེ་རིང་གི་ཉིན་མོ་འདིར་ང་ལ་ཡང་རྨི་ལམ་ཡོད་པར་སྨོན། བོད་རྒྱལ་ལོ།།