ཁང་སྨིན་གྲོལ་རྒྱ་མཚོ།
རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་ད་བར་མི་ལོ་ཧྲིལ་པོ་ལྔ་བཅུ་ལྷག་སོང་ཡོད་ལ། མི་རིགས་ཤིག་གི་རིག་གཞུང་དང་ལོ་རྒྱུས་ཀྱི་བྱུང་རིམ་ཐད་ནས་བསམ་ན། དུས་ཚོད་དེ་ཧ་ཅང་མང་པོ་ཞིག་མ་ཡིན་ནའང་།ལོ་ངོ་དེ་དག་གི་རིང་བོད་མི་ཚོས་རང་གི་མངོན་འདོད་གཙོ་བོ་དེ་བསྒྲུབ་མ་ཐུབ་པར་ལུས་ཡོད་པ་ནི། ཕྱོགས་གཅིག་ནས་རྒྱ་ནག་སྒེར་གཅོད་སྲིད་གཞུང་ལ་བོད་ཀྱི་གནད་དོན་༸གོང་ས་ཏཱ་ལའི་བླ་མ་བཞུགས་རིང་ཐག་གཅོད་བྱེད་པའི་འདོད་པ་མེད་པ་ཙམ་མ་ཡིན་པར། དུས་ནམ་ཡང་བོད་ཀྱི་གནད་དོན་དེ་ཞི་བའི་ཐོག་ནས་ཐག་གཅོད་བྱེད་པའི་འདུན་པ་ཞིག་མེད་པ་ནི་ཧ་ཅང་གསལ་པོ་ཡིན།
ལྷག་པར་དུ་དེང་སྐབས་ཀྱི་རྒྱ་ནག་མི་མང་ལ་མཚོན་ན། འཛམ་གླིང་སྟེང་ཧན་མི་རིགས་ལས་གཞན་པའི་སྟོབས་ཤུགས་ཅན་ཞིག་མེད་པའི་ང་རྒྱལ་ཞིག་ཡོད་ལ། དེ་ནི་སྒེར་གཅོད་སྲིད་གཞུང་གིས་མི་ལོ་བཅུ་ཕྲག་དུ་མའི་རིང་ཐབས་ཤེས་ཡོད་རྒུ་བཙལ་ཏེ་མི་རིགས་རིང་ལུགས་ཀྱི་ལྟ་བ་ཤུགས་ཆེན་པོ་སྤེལ་བའི་གྲུབ་འབྲས་ངན་པ་ཞིག་ཀྱང་ཡིན།
དེང་གི་དམར་པོའི་གཞུང་ལ་མཚོན་ན། དཔལ་འབྱོར་གྱི་སྟོབས་ཤུགས་འཛམ་གླིང་ན་ཨང་དང་པོའི་གྲས་སུ་ཚུད་ཀྱི་ཡོད་ནའང་། ནམ་ཡང་དཀའ་ངལ་ཕྲད་བཞིན་པ་གཅིག་ནི། འཛམ་གླིང་མི་དམངས་ཀྱིས་དེང་གི་རྒྱ་ནག་སྲིད་གཞུང་ནི། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྟེ་སྐད་ཡིག་རང་དབང་དང་། གསར་འགྱུར་རང་དབང་། སྨྲ་བརྗོད་རང་དབང་། རྩོམ་འབྲིའི་རང་དབང་། ཆོས་དད་རང་དབང་སོགས་ཀྱིས་ནམ་ཡང་འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་རྒྱ་གར་དང་། ཨ་རི་སོགས་ལ་བསྡུར་ན། ཧ་ཅང་རྗེས་ལུས་ཀྱི་རང་བཞིན་ཅན་ཞིག་ཏུ་བརྩི་བཞིན་ཡོད་པ་དེ་རེད། མིག་སྔའི་དཀའ་ངལ་དེ་དག་མེད་པ་བཟོ་ཆེད་ཧུའུ་ཅིན་ཐོ་ཡིས་ཀྱང་འཆམ་མཐུན་གྱི་སྤྱི་ཚོགས་ནི་ནང་སེམས་ནས་མགོ་འཛུགས་དགོས་པའི་བསྒྲགས་གཏམ་སྤེལ་ཏེ་རང་གི་སྲིད་གཞུང་གི་ངོ་གདོང་ཞི་བདེ་དང་རང་དབང་གིས་མཛེས་པའི་ཟོག་བརྫུ་བྱས་ཡོད་ནའང་། བོད་དང་། ཡུ་གུར་མི་རིགས་ལྟ་བུའི་གྲངས་ཉུང་མི་རིགས་ཀྱི་སྟེང་དུ་སྤེལ་བའི་དྲག་གནོན་དེས་མི་རྣམས་ཀྱི་ཁོའི་ཐོག་མའི་སྐད་ཆ་དེ་ཚོ་ནི། ཆབ་སྲིད་ཀྱི་དགོས་མཁོ་ཙམ་ཡིན་པའི་རང་བཞིན་རྣལ་མ་དེ་གསལ་པོ་མཐོང་ཡོད་པ་རེད།
རྒྱ་ནག་གཞུང་གིས་བོད་ཀྱིས་མཚོན་པའི་གྲངས་ཉུང་མི་རིགས་ཀྱི་གནད་དོན་ལ་བཟང་ཕྱོགས་ནས་ཡ་ལན་བྱེད་པའི་གྲ་སྒྲིག་མེད་པ་ང་ཚོས་གསལ་པོར་ཤེས་ནའང་། མཐོ་ས་ནས་བོད་ཀྱི་བླ་སྤྲུལ་ཆེ་ཁག་དང་། ཆུང་ས་ནས་བོད་ཀྱི་ཞིང་འབྲོག་མང་ཚོགས་ཚུན་ཆད་ཀྱིས་མི་རབས་དང་མི་རབས་མཐུད་དེ་དམར་པོའི་སྲིད་གཞུང་ལ། ངོ་རྒོལ་གྱི་ཐབས་ལམ་འདྲ་མིན་ཞིག་སྤེལ་ཡོད་ལ། འཐབ་རྩོད་ཀྱི་རིམ་པ་འདི་བོད་ཀྱི་གནད་དོན་གསལ་པོར་ཤེས་མཁན་གྱི་བོད་མི་ཞིག་གི་ངོས་ནས་བཤད་ན། ནམ་ཡང་མཚམས་འཇོག་མི་སྲིད་པའི་ལས་དོན་རླབས་ཆེན་ཞིག་རེད། ཅིའི་ཕྱིར་ཞེ་ན། མི་རིགས་དང་རྒྱལ་ཁབ་ཀྱི་འཐབ་རྩོད་ལ་མ་ལྟོས་པར། ཁྱིམ་ཚང་གཉིས་ཀྱི་གྱོད་གཞི་ལྟ་བུས་ཀྱང་འཐབ་རྩོད་ཀྱི་རིམ་པ་འདིའི་རྒྱུན་བསྲིངས་པའི་ཐད་དཔེ་མཚོན་གལ་ཆེན་ཞིག་བྱེད་ཐུབ་ཀྱི་ཡོད།
གལ་སྲིད་ཉེ་ལམ་རང་ལུས་མཆོད་མེར་སྒྲོན་པའི་མི་བུ་དེ་ཚོ་ཀྲུང་ཧ་མི་དམངས་ཀྱི་ཆེད་དུ་རང་སྲོག་བློས་བཏང་བ་ཡིན་ན། སྲིད་འཛིན་ཧུའུ་ཅིན་ཐོ་ཡིས་མཚོན་པའི་དམར་བོའི་སྲིད་གཞུང་གིས་ཁོང་ཚོར་བརྩི་བཀུར་དང་། བསྔགས་བརྗོད་གནམ་ས་གཉིས་ཀར་མི་ཤོང་བ་ཞིག་བྱེད་རྒྱུར་ང་ཚོ་སུས་ཀྱང་ཐེ་ཚོམ་བྱེད་མི་སྲིད་པ་ཞིག་ཡིན་ཏེ། ཐ་ན་བལ་བོད་ས་མཚམས་འགྲམ་དུ་སྡོད་པའི་བོད་ཀྱི་རྒན་མོ་ཞིག་གིས་ཉིན་རྒྱུན་སྐར་ལྔའི་དར་དམར་ཡར་འཕྱར་བཞིན་པའི་གཏམ་དེ་ཐོས་པ་གཅིག་པུར་ཡང་། རྒྱ་ནག་སྲིད་གཞུང་གིས་ཨ་མ་དེར་པེ་ཅིན་སྲིད་གཞུང་གི་མདུན་ཐང་དུ་འཕྱར་མྱོང་བའི་དར་ཆེན་ཞིག་ལེགས་སྐྱེས་སུ་བསྐུར་བའི་ཚུལ་རྒྱ་ནག་གི་ཆ་འཕྲིན་བརྒྱུད་ལམ་རྣམས་སུ་གཡུ་འབྲུག་གི་སྐད་སྒྲ་བཞིན་བསྒྲགས་མྱོང་ལ། པོ་ཏཱ་ལ་དུས་དེབ་ཀྱིས་མཚོན་པའི་ཚགས་ཤོག་ཀྱི་བརྒྱུད་ལམ་རྣམས་སུ་ཡང་དབྱར་གྱི་སྦྲང་ཆར་བཞིན་གཏོར་ཡོད་པ་སུས་ཀྱང་ཤེས་ངེས་རེད།
ངས་དཔེ་མཚོན་འདི་བཤད་དོན་གཙོ་བོ་ནི། བོད་པ་ཚོས་ད་དུང་ཡང་། སྨྲ་བརྗོད་རང་དབང་བེད་སྤྱད་དེ་རྒྱ་ནག་གཞུང་ལ་རྩོམ་ཡིག་གི་བརྒྱུད་ལམ་ནས་ངོ་རྒོལ་དང་མཚངས་འབྱིན་བྱེད་པའི་བསམ་བློ་བ་ཚོ་དང་། རང་ལས་གཞན་གཅེས་ཀྱི་བློ་སྟོབས་བསྐྱེད་དེ་གཅེས་པའི་རང་ལུས་མཆོད་མེར་སྒྲོན་པའི་རླབས་ཆེན་གྱི་དཔའ་རྒོད་ཚོ། ད་དུང་དུས་ནམ་ཡང་བརྩེ་མེད་གདུག་རྩུབ་ཀྱི་ཅན་གྱི་མེ་མདའི་འོག་ནས་རེ་བའི་མིག་ཟུང་ཕྱི་སྡོད་སྤུན་ཟླ་ཚོར་ཅེར་ནས་ཡོད་པའི་གཞིས་ལུས་མང་ཚོགས་ཚོའི་ཚེ་སྲོག་ལ། ང་ཚོས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་སྲུང་སྐྱོབས་དང་། ཁོང་ཚོའི་མཆི་མའི་བཞུར་རྒྱུན་རིང་མོ་དེ་ཇི་ལྟར་བྱས་ན་འཛད་ངེས་པའི་བླང་བྱ་ཟབ་མོ་རེ་འདོན་དགོས་པའི་དུས་ལ་བབ་པ་རེད་སྙམ་པ་དེའོ། །
དཔྱད་བརྗོད་རང་བཞིན་གྱི་རྩོམ་ཡིག་ནི་སྤྱི་ཚོགས་ཀྱི་ཕྱོགས་སྟོན་པ་ཡིན་པའི་གཏན་ཚིགས་ནམ་ཡང་མ་བརྗེད་པ་གྱིས་ཤིག་དང་། ད་གཟོད་ང་ཚོར་འོད་སྟོང་འཕྲོ་བའི་ལམ་བུ་ཞིག་རྙེད་ངེས་ཡིན།