བྱམས་པ་ལྷུན་གྲུབ།
ཞི་བདེ་ལ་མི་དགའ་བ་སུ་ཞིག
ཞི་བདེ་དང་ལྷིང་འཇགས་ནི་མི་ཡི་འཇིག་རྟེན་ན་མཎི་བགྲང་བགྲང་།
ཞི་བདེ་གཏོར་བརླག་པ་སུ་ཞིག་ཀྱང་ཞི་བདེ་མི་འདོད་པ་སུ་ཞིག
འོན་ཀྱང་དོན་དངོས་སུ།
ཞི་བདེ་ནི་རྨི་ལམ་ཞིག
ཞི་བདེ་ནི་གཉིད་གཏམ་ཞིག
ཞི་བདེ་ནི་ཁ་གཡར་ཞིག
ཞི་བདེ་ནི་ཁ་གཡང་འབའ་ཞིག་ཏུ་འགྱུར་བཞིན་པས།
ཞི་བདེ་ནི་མཁའ་དབྱིངས་སུ་ལྡིང་བའི་སྟོང་གཏམ་ཞིག་ཏུ་ཟད་པས།
དངོས་འབྲས་ནི་
ཁྱེད་ཤི་ང་གསོན།
སྲོག་ལན་སྲོག་འཇལ།
ཤ་ལན་ཤ་འཇལ།
ཁྲག་ལན་ཁྲག་འཇལ་ཏེ་རྫོགས་ཚིག་མེད་པའི་ལེའུ་ཆེན་པོ་ཞིག
ཁང་ཆེན་མེ་ཡིས་འཚིག་དུས་ཆུ་ཡིས་བསོད་དགོས་པ་སུས་མི་ཤེས།
མེ་ཡིས་མེ་མི་གསོད་པ་སུས་མི་ཤེས།
འོན་ཀྱང་་་་་་་
འདས་མ་ད་གསུམ་དུ་འབར་བཞིན་པའི་གཏོར་རྒོལ་གྱི་བསྐལ་བའི་མེ་ཆེན་འདི་ནི།
ད་དུང་ཡང་འཁོན་ལན་གྱི་མེ་ཆེན་གྱིས་གསོད་པར་རློམ་བཞིན་པས།
ད་ཆ།
མཁའ་དབྱིངས་སུ་ཉེས་མེད་བརྒྱ་ཕྲག་གི་ཚེ་སྲོག་ཡོམ་ཡོམ་དུ་ལྡིང་།
དུར་ཁྲོད་ན་འདས་པོའི་སྤུར་སྒམ་གྱི་འཚང་ཀ་ཟང་ཟིང་བསྡུར།
རླུང་བུའི་ཁྲོད་ན་ཁྲག་དྲི་ཚང་ཚིང་སྤུར།
མ་སྤུན་མང་པོ་གཏན་དུ་ཁ་ཕྲལ།
ས་ཕྱོགས་གང་སར་མིག་ཆུ་དང་ངུ་འབོད་ཀྱིས་སེམས་པ་དཀྲུག་ཅིང་རྣ་བ་ཕུག
ཨ་ཧོ།
རིན་བྲལ་གྱི་ཚེ་སྲོག་འདི་དག་གི་མྱི་སྟོང་དེ་སུ་ཞིག་གིས་འཇལ་གྱི་ཡོད་གྲང་།
ཅིའི་ཕྱིར་གཤིན་རྗེ་ལ་ཚེ་སྲོག་མང་པོ་འདི་ལྟར་སྡེབ་ཚོང་བྱེད་།
སུ་ཞིག་གིས་ཁོང་ཚོར་འདི་ལྟར་གཤིན་རྗེ་དང་ནག་ཚོང་རྒྱབ་དགོས་པ་བཟོས་སམ།
ཨ་ཁ།
མེ་ཡིས་མེ་གསོད་པའི་ལེའུ་འདི་ལ་སུ་ཞིག་གིས་རྫོགས་ཤད་འབྲི་འམ།
བདེན་པ་ལགས། ཁྱེད་ཀྱིས་ཉེས་མེད་ཤི་བོའི་རྣམ་ཤེས་དེ་དག་ལ་སྐྱོ་བསང་དང་སྐྱབས་འཇུག་གནང་རོགས།
༢༠༡༥ ། ༡༡ ། ༡༣ ཉིན་གྱི་ཕ་རན་སིར་གཏོར་རྒོལ་བྱུང་བའི་གནས་ཚུལ་ཤེས་རྗེས་སུ་ཐོལ་བྱུང་དུ་བྲིས།