གཙང་ཞོལ་བདེ་གསལ།
༡ དབུས་ཀྱི་རི་བཞིས་དྲངས་པའི།།
གཙང་པོའི་ཡར་ཆབ་མར་ཆབ།།
ཤར་དང་ལྷོ་ཡི་རྒྱུད་ཀྱི།།
མི་སེམས་དེ་དང་དེ་བཞིན།།
༢ ལྷ་མོའི་བླ་མཚོའི་ནང་གི།
སེམས་ཀྱི་མེ་ཏོག་དཀར་པོ།།
མཛེས་པའི་རྒྱན་ཆ་ཡིན་ན།།
ཉ་པའི་སྡིག་ལག་མ་རྐྱོངས།།
༣ འཕྱོངས་རྒྱས་དཔལ་གྱི་རི་བོ།།
རྩ་དང་གྱང་རོས་ནོན་ཅིང་།།
གདམ་ངག་ཆིག་ཐུབ་དཀར་པོ།།
སེམས་པའི་ངོ་ལ་མ་ཤར།།
༤ འབྲོག་སྡེ་ཁ་བས་མནན་སོང་།།
རོང་སྡེ་ཐན་པས་སྐམ་སོང་།།
མི་ལ་ན་ཚ་མང་ཞིང་།།
ཕྱུགས་ལ་གོད་ཁ་ཆེའོ།།
༥ བུ་དེ་ལྷ་ཡི་སྲས་རེད།།
གཏམ་དེ་རྒྱལ་བའི་བཀའ་རེད།།
དད་པའི་ཨ་ལོང་ཡོད་ན།།
འདྲེན་པའི་ལྕགས་ཀྱུ་ཡོད་དགོས།།
༦ རླུང་ཆེན་ཤར་ནས་འཚུབ་པས།།
མི་ཚོགས་དེ་རུ་ཁུར་སོང་།།
ཁེར་རྐྱང་སེམས་ཀྱི་མདའ་མོ།།
བདེན་པའི་གཞུ་ལ་སྦྱར་ཡོད།།
༧ ལྷུ་དྲུག་ལུས་ཀྱི་སྐྱེ་མཆེད།།
རི་འདིའི་ཕར་རྒྱབ་ཚུར་རྒྱབ།།
སྤུན་ཟླའི་དུངས་སེམས་དམར་པོ།།
ཤ་དང་ཁྲག་གི་རང་བཞིན།།
༨ མེ་ལྕེ་གདོང་ལ་ཕོག་བྱུང་།།
ངུ་སྐད་རྣ་ལ་ཟུག་བྱུང་།།
ཧི་མ་ལ་ཡི་རི་རྒྱུད།།
ཅི་འདྲའི་མགོ་འཕང་དམའ་བ།།
༩ ལོ་ཚོད་ཡར་ཡར་འཕར་སོང་།།
ན་ཚོད་མར་མར་རྒུད་བྱུང།།
གཏམ་ངན་ཡར་ཡར་གྲག་བྱུང་།།
རླུང་རྟ་མར་མར་ཆག་སོང་།།
༡༠ རི་དེའི་རྩེ་མོ་གངས་ཡིན།།
གངས་དེའི་བདག་པོ་ང་ཡིན།།
ཚ་བའི་གྲངས་ཚད་མཐོ་རུང་།།
བཞུས་པའི་ལོ་རྒྱུས་མི་འཇོག །
༡༡ གནམ་ལ་ཆར་ཆུ་མེད་ན།།
ས་ལ་ལོ་ཏོག་འབྱུང་དཀའ།།
སེམས་ལ་གཏད་སོ་མེད་ན།།
རིན་ཆེན་ནོར་བུ་ཐོབ་དཀའ་།།
༡༢ གཞོན་པའི་སྣང་བ་མཐོན་པོ།།
ལྒང་བུ་དབུགས་ཀྱིས་གང་འདྲ།།
མི་ཚེའི་ངལ་བ་སྟུག་པོར།།
གཡག་ཆད་རི་ལ་འགོས་འདྲ།།
༡༣ སྐྱོ་བའི་རི་བོའི་ཉིལ་སོང་།།
གདུང་བའི་རྒྱ་མཚོ་འཕྱུར་སོང་།།
ང་དང་བོད་པའི་མགོ་རུས།།
ས་དང་ཆུ་ལ་འཐོར་སོང་།།
༢༠༡༣/༩/༣༠ ཉིན་རྡ་རམ་ས་ལར།
རླུང་རྟ་ཡར་འགྲོའི་དུས་ལ།།
ཁ་ངན་མེད་པར་བཞུགས་ནས་།།
གང་ལ་དགོས་པའི་དབུ་འཕང་།།
མི་མཐོ་བསམ་པས་མ་འཛིན།
རྡོག་རྩ་ཡོད་པའི་དུས་རེད།
ཐབས་ལམ་འཚོལ་བའི་སྐབས་རེད།
ལས་ལམ་འགྲོ་བའི་ཉིན་ལ།།
དགྲ་མགོ་སྒྲོལ་བའི་རྟགས་རེད།
མྱི་སྲོག་གཅོད་པར་ཡ་ཡང་།།
ཤིག་ཅིག་གཅུར་སྤོབས་ཡོད་དགོས།།
སེམས་ཤུགས་སྙིང་རྩ་སྦོམ་པོ།།
དགྲ་རྫོང་གཏོར་བར་ཕན་ཡོང་།།
སྡུག་ངུ་སྡུག་གཏམ་བཤད་ནས།།
རང་རིགས་གཉའ་བ་མ་གཅོག།
དོན་མེད་རྟོག་འཆར་བར་ནས།།
དགྲ་བོར་སྐྲག་གླུ་མ་ལེན།
སྤྱིར་ན་དཔའ་བོར་གནོད་འགྲོ།
གཉིས་ནས་རང་སེམས་ཞུམ་འགྲོ།
དེ་ནས་རེ་བ་བརླག་འགྲོ།
བོད་ལ་འདི་འདྲ་མི་མཁོ།།
བོད་ནི་མཁས་པ་མ་ཡིན།།
རྒྱ་ནི་བླུན་པོ་མ་ཡིན།།
འཇིག་རྟེན་གཤིས་ལུགས་ངང་ནས།།
དྲང་བདེན་སྐྱོང་རྒྱུ་གལ་ཆེ།།
དེ་རིང་ནི་ལོ་རྒྱུས་ཐོག་ནས་བོད་ལ་མུན་ནག་གི་ཉིན་མོ་ཡིན།
གྲ་ལོག་འདི་སྙན་པོ་བྲིས་འདུག