ལྷ་རྩེའི་ཁུ་བྱུག
ལྷ་རྩེའི་མིག་གིས་མཁན་པོ་དཔའ་བརྟན་སྙིང་རྗེའི་དགེ་སྒྲུབ་ལ་བལྟས་པ།
ཁོང་ནི་ཆུང་ནས་ད་བར་དུ་འདྲིས་ཤིང་འགྲོགས་པ་ཟབ་པའི་མཆེད་གྲོགས་མིག་ལས་གཅེས་པ་ཞིག་ཡིན། ཁོང་ནི་སྤྱིར་བཏང་མི་དང་བསྡུར་ན། ཆུང་དུས་ནས་གཤིས་ཀ་ཤིན་ཏུ་གྱོང་པོ་ཞིག་ཡོད་པ་ནི། ར་ལོ་ཙཱ་དང་། མར་སྟོན་ལོ་ཙཱ་སྐུ་ན་ཕྲ་བའི་རྣམ་ཐར་ལ་འགྲན་བཟོད་པ་ཞིག་ཡོད། ད་དུང་མཚམས་རེར། ང་ཚོ་ཚང་མས་ལྕེ་སྣར་ས། མགོ་སྒུར་ས། ཁྱེད་ཁྱེད་དང་། ལགས་ལགས་ཞུ་ས་ལྟ་བུ་ཡིན་ནའང་གཉོམ་མི་ཁུར་བའི་གྱོང་པོའི་རྟགས་སྟོན་ཡོང་གི་ཡོད།
ཡིན་ནའང་ཁོང་ལ་གཞན་དང་བསྡུར་ན་མི་མཚུངས་ས་གཅིག་ནི་ཁོང་ལ་བྱམས་པ་དང་སྙིང་རྗེ་ཆེན་པོ་ཡོད། མགོན་མེད་སྐྱབས་བྲལ་གྱི་རྒས་འཁོགས་ཚང་མ་ཁོང་གིས་གསོས་ཡོད་ལ། ད་དུང་གཅིན་སྐྱག་སོགས་ལའང་འཛེམ་མེད་དུ་གཡོག་འགྲོ་བས། ང་ནི་ཧ་ལས་སོང་། རང་གིས་ནི་དྲན་ཆེན་ཕ་མ་ལའང་དེ་འདྲའི་ཞབས་བསུ་མ་མྱོང་། ད་དུང་ཉམ་ཐག་དེ་ཚོ་ལ་ཁ་བྱམས་ལག་འཇམ་ཁོ་ནས་ཀྱང་ཁོང་ནི་གཤིས་ཀ་གྱོང་པོའི་མི་ཞིག་རེད་ཅེས་ན་སུའི་རྣ་འགྲོའམ།
ན་ནིང་ལྷ་ས་ལ་རྒས་གསོ་ཁང་གི་རྒས་པ་ལོ་བརྒྱད་ཅུ་ནས་དྲུག་ཅུ་བར་དུ་ཡོད་པའི་བདག་མེད་བདུན་ཅུར་ཉེ་བའི་ཁྱུ་ཚོགས་ཁྲིད་ནས་ཇོ་བོ་ཡིད་བཞིན་ནོར་བུ་མཆོད་མཇལ་སྐབས་སུ་ཁོང་མྱི་ཆེན་ཚུགས་ཀ་མེད་པར་ནམ་སྔ་ལངས། དགོང་འཕྱི་ཉལ་གྱིས་རྒས་པའི་ཞབས་གཡོག་ལ་བསམ་ན། ང་ནི་སོ་སྐྱེ་ལས་ངན་ཞིག་ཡིན་པ་གདོད་རྟོགས་སོང་། ཁོང་ནི་རྟ་ཐོག་ནས་ལྕག་གཡུག་ནས་བཀོད་འདོམ་པ་ཞིག་མ་རེད། རྒས་པའི་ལག་ཏུ་ཇ་ཚ་མོ་འཇོག་ཅིང་། སྟན་འཇམ་པོ་གདིང་། གང་ལ་གང་དགོས་སྨན་གནང་སྟེ། དེ་རིང་ལམ་ནས་བདེ་མིན་སོགས་ཀྱི་ཁམས་འདྲི་མཛད་པ་སོགས་ནི་རྒས་པ་རང་གི་བུ་ཕྲུག་ཚོས་ཀྱང་མྱོང་སྐད་མི་གདའ།
ང་ནི་ལས་གཡོལ་ཆེད་སྡེ་ལ་ཐེངས་མང་སོང་སྟེ་ཡིབ་པ་ཡིན། བདེན་པ་བཤད་ན། སྐབས་དེར་ང་ནི་རྒས་པ་དག་ལ་རོགས་རམ་ཕར་བཞག་རྒས་པ་ཚོའི་ལྷན་དུ་ལྷ་སར་འགྲོ་ཡང་འདོད་མ་སོང་། མཁན་པོ་དགའ་དབང་གིས། ཁྱོད་ད་ཐེངས་མཁན་པོ་དཔའ་བརྟན་ལྷན་དུ་སོངས། ཁོང་ནི་དམ་པའི་སྐྱེས་ཆེན་རེད། ཁོང་གི་རླབས་ཆེན་མཛད་པ་འདི་ནི་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་དེ་རེད། ཁོང་གི་མིག་རོགས་ལ་འདྲིས་ཆེ་བའི་མི་ཡོད་ན་ཕན་རབས་གསུང་ཐལ།
ད་དུང་ཡིད་བཞིན་ནོར་བུའི་མདུན་ནས་ཁོང་གི་ལྷན་དུ་སྨོན་ལམ་གྱིས་དང་། ཚེ་འདི་ལ་རེ་བ་མེད་མོད། སྐྱེ་བ་ཕྱི་མར་སེམས་ཅན་ལ་ཕན་ཐོགས་པའི་རྟེན་འབྲེལ་ཡོད་གསུངས། མཁན་པོ་ཁོང་གིས་ཀྱང་ཕྲན་ཡོད་ན་དགའ་བའི་དགོངས་ཚུལ་འདུག་པས་སོང་བ་ཡིན། ང་ཡོད་པ་ནི། རྒས་གསོ་ཁང་ལ་མེད་པའི་རྒས་འཁོགས་ལྷག་མ་ཞིག་ཏུ་གྱུར་པ་ལས། རྒས་པ་ཚོ་ལ་རོགས་ཅི་ཡང་མ་ཕོག
ཡིན་ནའང་ཁོང་གི་མཛད་པ་ལ་བསྟོད་པ་འབུལ་དགོས་བྱུང་། ཅི་ཡིན་ཟེར་ན། ད་ལོ་ཤག་སྤྲུལ་སྐུ་དང་། མཁན་པོ་ཚོས་དམངས་ཀྱི་ལག་འབབས་འཛེམ་མེད་དུ་ཟ་ཞིང་། ཤི་བའི་རོ་དང་། རྒས་པའི་མི་ལ་གཟིགས་སྐྱོང་དཀོན་མོད། ད་དུང་སྐྱབས་མགོན་ཡིན་པ་སྐད་རེད།
བདག་བས་གཞན་གཅེས་བློ་ཞེས་སྤྱོད་འཇུག་ནས་མང་དུ་གསུང་ཡོད་པ་དྲན། ལག་ཏུ་ཁེལ་མཁན་ནི་མཁན་པོ་དཔའ་བརྟན་ཙམ་ཡིན་པ་འདྲ། ཕྱག་དབང་བཀའ་བསྒོ་ཙམ་གྱིས་སེམས་ཅན་དོན་རློམ་མཁན་ཡིན་ན་དམིགས་བསལ་རེད་དོ། །དེས་ན་ངས་ཁོང་ལ་གཤིས་ཀ་གྱོང་བའི་བྱང་ཆུབ་སེམས་དཔའ་ཞེས་པའི་མིང་དེ་བཏགས་ཡོད།
དངོས་གནས་རླབས་ཆེན་རེད། དེང་སང་བླ་མ་གྲྭ་བ་ཟེར་ན་་ནང་གི་ཉམས་རྟོགས་མཐོ་པོ་མེད་ན་འང་སྤྱི་ཚོགས་ཞབས་ཞུ་འདི་འདྲ་གནང་ཐུབ་ན་གང་ཅའི་ཐད་ནས་ཕན་ཐོགས་ཆེ། དངོས་ཡོད་ཀྱི་སྒྲུང་དེ་འདྲ་པོ་ཞིག་་ངའི་གྲོགས་པོ་ཞིག་གིས་ང་ལ་བཤད་མྱོང། རྫུན་རྩ་བ་ནས་མ་རེད། སྐད་གྲགས་ཅན་གྱི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱང་་མི་དམངས་ནང་དུ་དད་གུས་དང་དགའ་ཞེན་བྱེད་མཁན་ཧ་ཅང་མང་བས་རྒྱུ་མཚན་འདི་འདྲ་རེད་ཟེར། ཐེངས་གཅིག་ཨ་ཡེ་དགའ་མོ་ཞིག་གི་རོ་ཡང་བདག་པོ་རྒྱག་མཁན་་མེད་སྟབས་ཁོང་ཉིད་ཀྱིས་རྟོགས་ལྡན་ཏེ་རོ་ལས་གནང་་བ་དང་ཡང་ཁོང་གི་དགོན་པ་ནས་གྲྭ་གཞོན་སུམ་ཅུ་ཡང་མས་ཞིག་ལྷ་ས་འབྲས་སྤུངས་སུ་སློབ་གཉེར་ཆེད་ཁྲིད་ནས་བཀོད་སྒྲིག་ཡོད་ཚད་བྱས་ས་ཕེབས་སྐབས་རྒན་ཁོག་ལྟ་སྐྱོངས་མེད་མཁན་ཁག་ཅིག་ཇོ་བོ་མཇལ་ས་འགྲོ་སོང་ཚང་མ་ཁོང་ཉིད་ཀྱིས་བཏང་སྟེ་མཉམ་ཁྲིད་གནས་འདུག མདོར་ན་ཁོང་ནི་དངོས་གནས་མི་ཉམ་ཐག་ཚང་མའི་དྲན་ཅན་ཕ་མ་ལྟ་བུ་ཞིག་རེད་འདུག ཁོང་གིས་གསུང་བཤད་གནས་སྐབས་ཤེས་ཚད་མེད་ན་ཁག་མེད། རིག་གསར་གྱིས་བཟོས་པ་རེད། དཀོར་ཟས་ཀྱིས་རང་དང་རང་གི་སྤུན་མཆེད་ཚོའི་ཁ་གསོས་ནས་རྒྱུ་ནོར་འགྲན་སྡུར་བྱེད་མཁན་གྱི་བླ་མ་དེ་ཚོ་ནི་ཆོས་དང་རྒྱལ་ཁབ་ཀྱི་ཁྲིམས་གཉིས་ཀར་འགལ་བ་རེད་ཟེར་ཅེས། ཅུང་ཟུར་ཟ་གནང་དུས་ཆེན་པོ་ཚོ་ལ་ཕོག་སྟེ་མི་དགའ་བ་བྱེད་ཀྱི་ཡོད་རེད་ཟེར། ད་དུང་ཁོང་གིས་ང་ལ་མི་དམངས་ཀྱིས་སྤྲད་པའི་དཀོར་རྫས་དེ་ཚོ་ཆ་མཉམ་བྱས་ན་རྫོང་དཔོན་གྱི་ཟླ་རེའི་གླ་ཕོག་ང་ལ་ཉིན་རེའི་རེག་གི་ཡོད་རྒྱུ་རེད། འོན་ཀྱང་ང་བླ་བྲང་དང་འཁོར་གཡོགས་གཉེར་ནས་རྒྱ་བོད་སུ་ལ་ཡང་ཡག་རབས་རྒྱན་རབས་ཀྱི་ངོ་དགའ་བཤད་ནས་འདུག་མི་ཤེས་པའི་ལྐུག་པ་དེ་འདྲ་མིན་ཀྱང་སོ་སོར་གང་ཡོད་པ་དེ་ཕྲུ་གུ་ཚོའི་སློབ་གསོ་དང་བདག་མེད་རྒན་ཁོག དགོན་པ་གྲྭ་ཚང་སོགས་སྤྱི་དོན་ཐོག་ལ་བཏང་མ་ཐུབ་་ན་ང་ལ་ལྕག་གི་མིད་པ་ཡོད་ཀྱང་རྩ་བ་ནས་འགྲོ་མི་ཐུབ་པ་མ་ཟད་ལས་རྒྱུ་འབྲས་ལ་འང་མི་འགྲོ་ཟེར། ཁོང་གི་གནས་སྟངས་ནི་ཧ་ཅང་མིག་དཔེར་འོས་པ་ཤ་སྟག་རེད་འདུག ཁོང་ལ་དད་གུས་དང་དགའ་ཞེན་བྱེད་མཁན་མང་ཚོགས་དང་ཕྲག་དོག་བྱེད་མཁན་མཐོ་གྲས་ནང་དུ་ཡོད་པའི་རྒྱུ་མཚན་དེ་འདྲ་རེད་ཟེར།
རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་འདྲ་ལ་མི་ཟེར་ན་ཅི་ལ་ཟེར་རམ། དད་པའི་ཡུལ་རང་རེད་འདུག་གདའ།