བློན་བན་མཁར།
བདེན་པ་གཅེར་བུར་མཐོང་ན་སྐྲག་སྣང་གིས་འགྲོ་ཞིང་།།
རྫུན་པ་ཕྱི་ཤུན་མཐུག་ན་དུངས་ཞེན་གྱིས་འཁྱུད་པ།།
བདེན་རྫུན་གོ་ལོག་ཐེབས་པའི་ཁ་སང་དང་དེ་རིང་།།
སེམས་ཀྱི་ཉིན་སྲིབ་བར་ནས་སྐྱོ་བ་རེ་སྐྱེས་ཡོང་།།
རང་གིས་མཐོང་བའི་མཛེས་དང་སྙན་པ་སོགས་ཁ་ཅིག །
གཞན་གྱི་སྟེང་ལ་ཨུ་ཚུགས་ལྷན་པ་རང་བརྒྱབ་ནས།།
རང་ལ་རྒྱལ་ཁ་འབའ་ཞིག་དོན་གཉེར་གྱི་ཅོལ་ཆུང་།།
སྙིང་གི་འཕག་འཚག་བར་ནས་ཁོང་འཛུམ་ཞིག་ཤོར་སོང་།།
གཞན་གྱི་ཕྱི་ཤུན་མཐོང་ནས་འགྲམ་ཆུ་རང་ལྡང་ཞིང་།།
རང་གི་ནང་བཅུད་ཤོར་ལ་སེར་སྣ་རེ་མེད་པར།།
གསར་བརྗེ་ཐ་སྙད་སྐམ་པོ་མུན་ཁུང་ནས་འཚོལ་བར།།
བྲང་ཁོག་སྟོད་ནས་རེ་བའི་ཨ་ཐང་དེ་ཆད་འགྲོ །
ཁ་ནས་སྟོང་གསུམ་འཇིག་རྟེན་བག་མེད་དུ་གྱེར་ཞིང་།།
ཁོག་ན་རང་དང་རང་གི་ཤ་ཉེ་ཚོ་སྒོམ་པའི།།
འཇིག་རྟེན་དཀར་ནག་འཐབ་པའི་ངོ་མཚར་གྱི་བཞིན་ལ།།
ཡང་ཡང་ཅེར་ཞོར་གསོན་པའི་འདུན་པ་དེ་བོར་འགྲོ །
དབུས་དང་གཙང་གིས་བཤད་ན་ཁོ་ཚོ་ལས་མེད་ཅིང་།།
ཁམས་དང་ཨ་མདོས་བལྟས་ན་རང་ཚོ་ལས་སུ་ཡོད།།
གཞན་གྱི་ལག་ཆར་འགྱུར་བའི་ཆོས་ཉིད་དེ་སྒོམ་ན།།
ཤ་དང་རུས་པའི་གསེབ་ནས་དངངས་འདར་རེ་བརྒྱབ་ཡོང་།།
ཆོས་ཀྱི་ཕུང་བོ་བོན་གྱི་སྒོ་མོ་རུ་འགྱུར་ཚུལ།།
ཤཱཀྱའི་སྲས་པོ་བོན་གྱི་གཤེན་རབ་དེའི་རྣམ་སྤྲུལ།།
ནང་ན་དགྲ་མེད་ཕྱི་ཡི་སོ་ཁ་རང་ཤོར་བར།།
བློ་དང་རྒྱུ་མའི་ཁུགས་ནས་ན་ཟུག་རེ་ལངས་ཡོང་།།
མདོར་ན་རང་གི་བློ་ལས་ཚད་མ་ཞིག་མེད་ཅིང་།།
རང་གི་རིགས་ལས་སུ་ཡང་བཙུན་པོ་རང་མེད་པ།།
བདེན་རྫུན་ལེགས་ཉེས་དངུལ་དང་དཔོན་ཐོབ་ཀྱིས་བཟུང་བར།།
དོན་ལྔ་སྣོད་དྲུག་ཀུན་ལ་གས་ཆག་རང་ཤོར་སོང་།།
༄༅། གཡས་གཡོན་རྒྱབ་མདུན་ས་ཕྱོགས་ཀུན་གང་ལ་ལྟ་ཡང་།
སྡུག་གི་མི་ཚེ་སྐྱེལ་བ་འདྲ་འདྲ་རང་རེད་འདུག་།
འདི་བསམ་བཞིན་བསམ་བཞིན་སེམས་པ་རེ་སྐྱོ་སོང།
སེམས་སྐྱོ་བའི་ནང་གཏམ་སུ་ཞིག་ལ་བཤད་དམ།
ཉལ་ལངས་བསྡད་གསུམ་གཡོ་འགུལ་ག་འདྲ་ཞིག་བྱེད་ཀྱང།
མེད་དུ་མི་རིང་བ་ནི་དངུལ་སྒོར་རང་རེད་འདུག།
དངུལ་སྒོར་མེད་ན་ཟ་བཏུང་བསྡད་གསུམ་ཡང་མི་ཡོང་།
དངུལ་སྒོར་མོ་དྲིན་ཆེན་ཕ་མ་ལས་ལྷག་སོང།