ཞོགས་དུང་དང་སེང་རྡོར་སོགས་ཀྱི་ས་འགུལ་སྐོར་གྱི་བསྒྲགས་གཏམ།
གོད་ཆག་གནམ་ལྷུང་འོག་ཡོད་པ་དང་དེ་ལ་དོ་ཁུར་བྱེད་མཁན་གྱི་མི་རྣམས་ལ།
སྤྱི་ལོ2010ལོའི་ཟླ4པའི་ཚེས14ཉིན་གྱི་ཞོགས་པའི་ཆུ་ཚོད་བདུན་དང་སྐར་མ་ཞེ་དགུའི་སྟེང་། ཁམས་ཡུལ་ཤུལ་རྫོང་དུ་ཚད་རིམ7.1ཡིན་ཟེར་བའི་ས་ཡོམ་དྲག་པོ་བརྒྱབ། གསར་འགྱུར་ལས་ཐོས་པ་ལྟར་ན། མི་བུའི་ཚེ་སྲོག་ཁྲི་ཁར་ལོངས་པ་ཤི་རྨས་སུ་སོང་ཡོད་རབས་ཀྱང་། ཚོད་དཔག་གིས་བལྟས་ན། གྲངས་ཀ་དེ་ཙམ་གྱིས་ག་ལ་ཚད་སྙམ།
དུས་མཚུངས་དཀར་མཛེས་ཁུལ་གྱི་སེར་ཤུལ་རྫོང་དང་དཔལ་ཡུལ་རྫོང་སོགས་ལའང་ས་ཡོམ་ དེའི་ཤུགས་རྐྱེན་ཐེབས་པ་རྦད་དེ་ཚབས་ཆེན་ཡིན་པར་བཤད།
སྤྱིར་ཞི་བདེ་ལ་མོས་ཤིང་གཉོམ་ཆུང་ལ་གནས་པའི་ང་ཚོའི་མགོ་ཐོག་ལ། བཙན་དྲག་གཏུམ་གསུམ་གྱིས་བརྙས་པའི་ཁར་གནམ་རྒན་མའི་འདྲེ་ལག་ཀྱང་བཞག་ཚར་བས། ད་ནི་སྡུག་དུས་མཆི་མ་མི་གཏོང་བ་སོ་སྐྱེས་དཔའ་བོའི་ངང་ཚུལ་ཡིན་པའི་ཁུལ་བྱས་ ཏེ་རྐང་གཉིས་ས་རུ་ཚུགས་ཏེ་ཡར་ལངས། འདུ་ཞིང་འབྲལ་བ་སྲིད་པའི་ཆོས་ཉིད་ཡིན་པའི་ཟོལ་བྱས་ཏེ་མཁུར་མགོའི་མཆི་མ་ནར་ མོ་ལོགས་སུ་འབྱིད་ལ། ཤི་བོ་བཞུད་ཀྱང་གསོན་པོ་འཚོ་དགོས་པའི་གཏན་ཚིགས་ཡིད་ལ་བཅགས་ཏེ་མགྲིན་གྱི་ངུ་ ངག་དེའང་ཧར་གྱིས་གཅོད།
ཡང་སྡུག་ཚོད་གང་དུ་བརྒྱབ་ནའང་། འུ་ཅག་ཁྲག་འདྲེས་ནང་མི་རྣམས་ཀྱི་གོང་བུ་གཅིག་སྒྲིལ་གྱི་འདུན་པ་དེ་ནམ་ཡང་ གསོན་པོ་ལུ་གུ་ལྡིང་སྟངས་སུ་ཡོད་པ་འདྲ་ལ། རལ་གྲིས་མི་ཆོད་ཅིང་གསེར་གྱིས་མི་ཁུགས་པའི་རིགས་ཞེན་ཁོལ་མ་འདི་འབའ་ཞིག་ཡོད་ པའི་སྟོབས་ཀྱིས། འདི་ནའང་ངེད་ཚོ་ཟི་ལིང་གི་ཡི་གེ་པ་འགས་ཀྱང་ཡུལ་ཤུལ་གྱི་ཕུ་ནུ་མིང་སྲིང་ རྣམས་ལ་གཤིན་སྐྱེལ་དང་སྙུན་འདྲི་དང་སེམས་གསོའི་རྣམ་འགྱུར་སོགས་བཅོས་མིན་ ལྷད་མེད་དུ་སྟོན་གྱིན་ཡོད་ལ། སོ་ སོའི་ནང་གི་དམར་པོ་དེ་ཉིད་མཚོན་བྱེད་དུ་དངུལ་སྒོར་སིལ་མ་འགའ་རེའང་ཕྱོགས་གཅིག་སྦྲེས་བསྡུ་བྱེད་གྲབས་ཀྱིས་ཁྱེད་ཚོའི་ཕྱོགས་སུ་གཏོང་རྩིས་ཡོད། རྒྱུ་མཚན་ནི། ཚོགས་པའི་མགྲིན་ངག་ཏུ་གྱུར་པའི་གསར་འགྱུར་ལ་ཡིད་རྟོན་མི་རུང་བ་ཇི་བཞིན་ ཚོགས་པའི་རྩ་འཛུགས་ལའང་ཡིད་རྟོན་ཆེར་མི་རུང་སྟེ། ད་ཚོད་ཡིད་རྟོན་རུང་བ་གཅིག་འདུག་པ་ནི་ཆབ་སྲིད་དགོས་དབང་ལོས་ཡིན་སྙམ་པའི་བབ་ ཀྱིས་འགྲིམ་འགྲུལ་འགྲོ་ལམ་རྒྱ་བསྡམས་པའི་ཚུལ་དེ་རེད། དེ་བས། ང་ཚོས་ཐག་རིང་གི་ཟི་ལིང་ནས་ཁྱེད་ཚོའི་བདེ་སྡུག་ཡིད་ལ་བཅགས་ཏེ་མྱ་ངན་སྐད་ བསྐུར་འདི་ཙམ་ལས་ཅི་ཡང་མ་ནུས། ལྷག་བསམ་ཟོལ་མེད་ཀྱིས་སོ།།
མཐར་གསལ་འདེབས་སམ་དྲན་སྐུལ་གྱི་ཚུལ་དུ་བརྣན་རྒྱུ་ཞིག་ཡོད་པ་ནི། གནས་སོ་སོའི་ཡོན་ཏན་པ་དང་ལས་བྱེད་པ་རྣམས་ཀྱིས་ཡུལ་ཤུལ་གྱི་སྡུག་འོག་ཏུ་ཡོད་ པའི་ནང་མིའི་ཚོགས་ལ་གདུང་སེམས་མཉམ་སྐྱེད་ཀྱིས། ཟས་གོས་སྨན་གསུམ་གྱི་རོགས་འདེགས་གང་ནུས་བྱེད་རྒྱུ་ནི་བདག་ཅག་རྣམས་ཀྱི་སྙིང་ གི་རེ་འབོད་ཉག་གཅིག་པོ་ཡིན་ལ། དེའང་ག་གེ་མོའི་རྩ་འཛུགས་དང་ཆེ་གེ་མོའི་ཚན་ཆུང་སོགས་ཀྱི་དངུལ་བྱང་གང་རུང་དུ་དཔྱ་ཁྲལ་བཞིན་སྤྲད་རྐྱང་བྱས་པས་མི་འགབ་སྟེ། རང་ཉིད་དངོས་སུ་གནས་ཡུལ་དེ་གར་གོམ་ཁ་བསྒྱུར་མི་ནུས་ཀྱང་། དུས་ད་ལྟ་ཉིད་ལ་མཁོ་བའི་མར་ཆུར་རྩམ་པ་དང་གོ་རེ་བག་ལེབ། འཐུང་ཆུ་སོགས་གཅིག་བསྡུས་ཀྱིས་མི་བུ་སོ་སོ་བློས་འཁེལ་ཡོད་པའི་གྲོགས་པོ་སུ་ ཞིག་བརྒྱུད་དེ་ཐད་ཀར་སྤྲོད་རྒྱུ་ནི་འགངས་ཆེན་པོ་སྟེ། དེ་ལྟར་བཤད་པའི་སྙིང་དོན་ནི། ཧམ་ཆེན་ཕོ་དབོས་དང་ལྐོག་གཡོ་སྤྱང་ཇུས་ཀྱི་ཐག་དྲ་ནི་འདི་ན་ཡོད་དང་དེ་ན་མེད་ ཅེས་རྣམ་ཀུན་ཤོད་པར་དཀའ་བས་སོ།།
ཞེས་ཟི་ལིང་དུ་སྡུག་གི་ཁུར་བོ་ཐེག་མེད་དུ་སྡོད་པའི་ཡི་གེ་པ་སྨིན་དྲུག་དང་། ཞོགས་དུང་། བྱང་སྐར། ཉི་གཞོན། སེང་རྡོར། འགྱན་སངས་རྒྱས་དོན་གྲུབ། འབར་རྡེའུ། མེ་ལྕེ་བཅས་ཀྱིས།
ཟླ4པའི་ཚེས17ལ།
སེང་རྡོར་དྲ་བ་ནས་དྲངས་བོད་ཀྱི་དུས་བབ་ནས་འདིར་བཀོད
རྩོམ་སྒྲིག་པ་ལགས་།འདི་ངེས་པར་ཏུ་བཀོད་རོགས།
http://blog.sina.com.cn/s/blog_525803170100hp8c.html
ད་འདི་ཚོས་ག་རེ་བྱེད་བསམ་པ་ཡིན་ནམ།གསར་བརྗེ་ཞིག་མ་བྱས་བར་ཏུ་།སེམས་སུ་བཟོད་ཐབས་མི་འདུག་སྙམ་གིན་འདུག།།རྒྱ་གཞུང་གིས་བོད་ཀྱི་གྲྭ་བ་དག་གིས་བྱེད་རྗེས་སོགས་གླེང་གིན་མི་འདུག།དེ་བཞིན་ཞོགས་དུང་སོགས་ཀྱིས་ཀྱང་དེ་དག་གིས་མཛད་རྗེས་སོགས་ཅི་ཡང་གླེང་གིན་མི་འདུག་པ་མ་ཟད་།”གནས་སོ་སོའི་ཡོན་ཏན་པ་དང་ལས་བྱེད་པ་རྣམས་”་ཞེས་ལས་བྱེད་པ་དང་ཡོན་ཏན་༼དམར་བོ་སློབ་གྲྭ་ནས་བྱུང་བའི་མི་དག་གིས་སྣང་ངོར་།ཡོན་ཏན་པ་ཟེར་དུས་གྲྭ་བ་མིན་པ་ཞིག་ལ་ངོས་འཛིན་བཞིན་ཡོད༽པ་ཞུ་བསྐུལ་བྱ་ཁུལ་དང་།དེ་བཞིན་་”ག་གེ་མོའི་རྩ་འཛུགས་དང་ཆེ་གེ་མོའི་ཚན་ཆུང”ཞེས་གྲྭ་བའི་ཚོགས་པ་ལ་སྡུག་ཟུར་འདྲ་གཏོང་ཁུལ་འདྲ་བྱ་བཞིན་འདུག།ག་རེ་ཡིན་ནམ།
ད་ནི་སེམས་ཀྱི་དུག་ཆུ་དེ་དག་དོར་ན་མི་ལེགས་སམ།འདི་ནི་རེ་བ་ཙམ་ཡིན།ཞིབ་ཕྲ་རྗེས་སུ་རྩོད་འཐུས།
ཞོགས་དུང་དང་སངས་རྡོར་གཉིས་ཀྱི་རིགས་ཞེན་དང་སྙིང་སྟོབས། རྩོམ་རྩལ་བཅས་ལ་བསྔག་བརྗོད་ཡོད། དེ་མིན་གཅིག་གིས་གྲྭ་པའི་བྱེད་སྤྱོད་ཉེས་པ་ལ་སྐྱོན་བརྗོད་བྱེད་པ་དང་། གཞན་ཞིག་གིས་དམར་ཤོག་གི་ཉེས་སྤྱོད་ལ་སྐྱོན་བརྗོད་བྱེད་པ་གཉིས་ནི་སྐྱོན་གང་ཞིག་ལ་སྐྱོན་བརྗོད་བྱེད་པའི་ཆ་ནས་བལྟས་ན་ཡོངས་སུ་གཅིག་མཚུངས་སུ་འདུག
གལ་སྲིད། ང་ཚོའི་གཞུང་དེ་སྲིད་དོན་ཚོགས་པ་དུ་མའི་གྲུབ་པའི་གཞུང་ཞིག་ཆགས་པ་ཡིན་ན། ང་ཡིན་ན་དམར་ཤོག་ཚོགས་པའི་ནང་འཛུལ་ནས། དམངས་གཙོ། ཞི་བདེ། འདྲ་མཉམ། དབུལ་ཕྱུག་གི་བར་ཐག་ཐུང་བ། སྤྱི་ཚོགས་མཉམ་རུབ་ཀྱི་རྒྱལ་ཁབ་ཅིག་ལ་བརྩོན་པ་བསྐྱེད་ས་རེད། དེ་དེ་བཞིན་དུ་ལག་ལེན་འཁེལ་བར་ནང་ཆོས་ཀྱི་བདག་གཞན་མཉམ་བརྗེའི་ལྟ་བ་འདིའང་རྒྱ་ཆེར་སྤེལ་ས་རེད།
གཞན་གྱི་སེམས་ཀྱི་དུག་ཆུ་སེལ་དགོས་ན་ཐོག་མར་རང་ཉིད་ཀྱི་སེམས་རྒྱུད་ན་ཡོད་པའི་དུག་ཆུ་དེ་སེལ་ཐུབ་ན་ལན་པོར་མཐོང་།
ནུབ་ཕྱོགས་པའི་དུག་ཆུ་ཁ་ལ་ཅུང་ཟད་རེག་པ་ཙམ་ལ་གཞི་བྱས་ནས། དམར་ཤོག་དམར་ཤོག་ཟེར་ཁུལ་བྱེད་མཁན་འདི་ཚོའང་དུག་རིགས་ཤིག་མིན་པའི་ངེས་པ་མི་འདུག་པས། གཞིས་ལུས་ཀྱི་གཞོན་སྐྱེས་ཤེས་ཡོན་པ་ཚོར་འབུར་འཇོམས་གཏོང་བ་འདི་རིགས་ཀྱིས་ཅུང་གཟབ་ན་བཟང་སྙམ། བོད་ནང་གི་གཞོན་སྐྱེས་ཡོན་ཏན་པ་ཚོས་མ་ཤེས་པ་ཞིག་ཤེས་ཡོད་མདོག་མདོག་དང་། གོ་རྟོགས་ཆེན་པོ་ཞིག་སད་ཡོད་མདོག་མདོག་སྟོན་པ་དེའང་ད་རུང་གོ་རྟོགས་ཀྱི་རིགས་ཤིག་སད་མེད་པར་མཐོང་།
གོང་གི་ཡི་གེར་མཚན་འཁོད་པའི་ཡོན་ཏན་དག་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ། གཞན་རྩོད་པའི་དུས་ཚོད་མ་རེད།
གཡུལ་མ་དཀྱེལ་ཨ། ང་ཚོས་སྐྱེ་དགུ་མདོའི་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་བྱེད་དུས་རྩོད་ཏོག་ཙམ་ཤོར་བ་དེ་ཁོ་ཚོ་ལ་ཁ་ཞེ་གཉིས་མེད་ཡིན་པའི་རྟགས་རེད་དེ་ད་རྩོད་མཚམས་ཏོག་བཞག་སྟེ་དྲ་ཐག་འདི་ལ་གཅིག་གཟིགས་དང། གོ་རྒྱུ་ཅན་ཞིག་བྲིས་འདུག http://bit.ly/a56Klo
གཡུལ་མ་དཀྱེལ་ཨ། ང་ཚོས་སྐྱེ་དགུ་མདོའི་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་བྱེད་དུས་རྩོད་ཏོག་ཙམ་ཤོར་བ་དེ་ཁོ་ཚོ་ལ་ཁ་ཞེ་གཉིས་མེད་ཡིན་པའི་རྟགས་རེད་དེ་ད་རྩོད་མཚམས་ཏོག་ཙམ་བཞག་སྟེ་དྲ་ཐག་འདི་ལ་གཅིག་གཟིགས་དང། གོ་རྒྱུ་ཅན་ཞིག་བྲིས་འདུག http://bit.ly/a56Klo
ཞོགས་རྡོར་སོགས་ལ་སྐད་འདི་བསྐུར་བ་ཡིན། ཁྱེད་ཚོར་དད་པ་མེད་ནོ་ཀུན་གསལ་རེད། རིགས་ཞེན་མེད་ནོ་ཡང་གསལ་བོར་ཧ་གོ་གི་འདུག ༠༨རང་དབང་ཆེད་སྐད་འབོད་བྱེད་དུས་མགྲིན་པ་འགགས་འགྲོ་གི ད་ལོའི་ས་འགུལ་གྱི་མྱུར་སྐྱོབ་བྱེད་དུས་རྐང་ལག་ཞ་འགྲོ་གི མིང་གྲགས་ཁོ་ནའི་ཆེད་དུ་སྐྲག་མི་དགོས་དུས་ཞིག་ལ་རང་གི་ཁང་གོག་ནང་ནས་རྩོམ་ཉོག་རེ་བྲིས་ནས་འུར་བརྒྱགས་པ་དང་སྐད་བསྐུར་བ་ཙམ་གྱིས་སྐད་གྲགས་ཆགས་ཐུབ་ནི་མ་རེད། ད་སྐབས་མི་ཚང་མས་ཁྱེད་ཚོས་ཁ་དང་ཁོག་པ་ཚང་མ་རིག་སོང་ནི་རེད། རྩ་བ་ནས་དག་མི་ཐུབ་པའི་མགོ་ཁོག་དམར་པོ་ཆགས་ཚར་བའི་མདའ་ཚན་པ་སོགས་འགའ་ལས་ཁྱེད་ཚོར་ཉན་མཁན་ཡོད་ནི་མ་རེད། བོད་མི་དམངས་ལ་སྡུག་ཐོག་ལ་སྡུག་མ་འཇོགས། ཁོ་ཚོའི་དད་མོས་རང་དབང་ལ་བརྩི་འཇོག་གནང་རོགས། ཁྱེད་ཚོས་ཁོ་ཚོ་མི་མ་རེད་བརྒྱ་ལབ་ན་ཡང་། ཁོ་ཚོ་མི་ཡིན་ནི་རེད། མིའི་ཐོབ་ཐང་དགོས་ནི་རེད།
ཞོགས་གདུང་སོགས་ཀྱི་ཡི་གེ་འདི་མཐོང་བར་དགའ་སྤྲོ་སྐྱེས། གཙོ་བོ་ནི་ཁོང་ཚོས་ཀྱང་ཁུ་བསིམ་པོར་འདུག་མ་ཐུབ་པར་མི་དམངས་ལ་སྐད་ཤིག་རྒྱག་དགོས་ཐུག་པ་དེ་མི་དམངས་ཀྱི་སྟོབས་ཤུགས་ཇི་ཙམ་ཡོད་མིན་མི་མཚོན་ནམ།
ཡིན་ནའང་། ཞོགས་ཚོགས་རྣམས་ཀྱིས་ད་དུང་མི་འཚུར་འགུག་པའི་ཐབས་ཤེས་ཡག་པོ་བཀོལ་མི་ཤེས། བོད་མི་དམངས་ནི་ཆོས་དད་ཅན་གྱི་མི་དམངས་ཡིན་སྟབས། ཆོས་ཀྱི་ལྟ་བ་ལས་ལྡོག་པའི་གཏམ་བརྗོད་སྤེལ་ན་མང་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་དཀའ། དེ་བསམ་བློ་ཞིག་གཏོང་དགོས།
ཆོས་པ་ཚོས་ཀྱང་ཆོས་གཅིག་པོར་སྐྱབས་མི་བཅོལ་བར། དངོས་པོའི་གཤིས་ལུགས་ལེགས་པར་བརྟག་ནས་དེ་ཚིའི་ནུས་པ་ཁས་ལེན་བྱེད་དགོས། དེ་ལྟར་བྱས་ན། འཇིག་བརྟེན་འདི་སྟོང་པ་དང་མི་རྟག་པ་གཅིག་པོ་མ་ཡིན་པར། དེའི་ནང་ནང་དོན་གཞན་དུ་མ་ཡོད་པ་ཤེས། དེ་ལྟར་ཤེས་ན་འཇིག་བརྟེན་འདིར་སྙིང་པོ་སྤེལ་བའི་དགོས་པ་མཐོང་བའི་ཕྱིར།
མདའ་ཚན་པ་།
སྤྱིར་བཏང་དམར་བོའི་ལྟ་བ་དང་།རྒྱ་གཞུང་གི་མོའི་ལྟ་བ་གཉིས་ཀྱི་ཁྱད་པར་ཆེན་པོ་ཡོད་པ་རེད་།ང་ཡང་་དམར་བོའི་ཤིང་རྟའི་སྲོལ་འབྱེད་མར་ལེ་རིང་ལུགས་་དང་།ཨེན་ཀི་སའི་རིང་ལུགས་ལ་ཞིབ་དཔྱད་མང་པོ་བྱས་བ་ཤིག་ཡིན།གཞུང་དེ་་དག་དང་བསྟུར་ན་ཞོགས་དུང་གི་ལྟ་བ་ནི།དོན་གྱི་རིག་གསར་སྐབས་ཀྱི་དམར་སྲུང་དམག་གི་ལྟ་བ་ལས་གཞན་ཅི་ཡང་མི་འདུག་།
ལྟོས་དང་།ཞོགས་དུང་སོགས་ལ་བོད་ཀྱི་རིགས་པ་ཟེར་བ་དང།དབྱིན་ཇིའི་ནང་གི་logic་ཟེར་བ་ཞིག་རྩ་བ་ཉིད་ནས་མི་འདུག་།ཁོ་ཚོ་ལ་ཡོད་པ་ནི་རྙིང་གཏོར་གྱི་འབོད་སྒྲ་ཤིག་ལས་ཅི་ཡང་མི་འདུག།
སྐྱེ་བོ་རིགས་པ་ཁས་མི་ལེན་པ་ཤིག་ལ་རྩོད་པ་ཅི་ལྟར་རྒྱག།
རིག་གསར་སྐབས་ཀྱི་རྙིང་གཏོར་གྱི་ལྟ་བ་དེ་།དུག་ཆུ་མ་ཡིན་ནམ།
རྒྱ་ནག་ཉམས་ཞིབ་པ་ལགས།
ཞོགས་གདུང་གི་རྩོམ་གྱི་སྙིང་པོ་དེ་དམར་པོའི་ཕྱོགས་སུ་སྐྱོད་རྒྱུ་དེ་མ་རེད། ཁོང་གི་ལྟ་བའི་སྙིང་པོ་ནི་བོད་མིའི་ལོ་རྒྱུས་ལ་ཞིབ་འཇུག་ཡག་པོ་ཞིག་བྱས་ནས་རང་གི་གཉའི་སྟེང་ན་སྒྲོག་པའི་བཅིངས་རྒྱ་དེ་སྒྲོལ་ཐབས་བྱེད་པ་དེ་རེད། དེ་བྱེད་པར་རྨོངས་དད་དང་མ་རིག་པའི་ཤེས་བྱ་དེ་དག་ལ་དག་སེལ་བྱེད་པ་དེ་མ་རེད་པས། ཞོགས་གདུང་གི་ལྟ་བ་དེ་ཤིན་དུ་གསལ་བས་བོད་ཀྱི་སློབ་འབྲིང་སློབ་མས་ཀྱང་དེ་ལ་གོ་བ་ལེན་ཐུབ་སྐབས། ཁྱེད་ཅག་ཉམས་ཞིབ་པ་ཞིག་གིས་འདི་ལ་གོ་བ་ལོན་མ་ཐུབ་སྐབས་ངུ་བྲོ་བཞིན་འདུག
ཞོགས་གདུང་གིས། ཐབས་ཤེས་གསར་པ་འཚོལ་དགོས་ན། བསམ་བློ་གུ་ཡངས་བྱེད་དགོས། དེ་བྱེད་པར་མིག་སྔའི་བག་ཆགས་དང་རྣམ་རྟོགས་རྣམས་ཀྱི་ཕྱི་ལ་ཐོན་ཐུབ་པ་བྱེད་ཟེར། བྱེད་སྟངས་འདི་ཚན་རིག་དང་ཡོངས་སུ་མཐུན་ལ་རིགས་པ་དང་ཡོངས་སུ་མཐུན་སྙམས།
ཁྱེད་རང་ཉམས་ཞིབ་པ་ཞིག་ཡིན་སྟབས། ཞོགས་གདུང་གི་དེབ་ཆ་ཚང་གཟིགས་ཡོད་ཤས། དེར་བརྟེན་ངེད་གཉིས་ཁོང་གི་ཡིག་འཕྲེང་རེ་རེ་བཞིན་དྲངས་ནས་གྲོས་བསྡུར་བྱས་ན་ལེགས།
ཁྱོད་ཚོའི་གོ་བར་ཧ་ལས་སོང་།ཁྱོད་ཚོའི་སྦྱོར་བར་ཡི་ཆད་སོང་།
Robert Barnett on the Qinghai Earthquake
China Beat has posted the full text of an interview in Le Monde with Tibet scholar Robert Barnett about the Qinghai earthquake and the government response:
BP: It’s been reported that Tibetan monks have acted quickly to help people. Is there a potential here for tensions, as there might be a clash of legitimacy?
RB: The quick action of the monks to try to rescue people has huge potential for cooperation with the government rescuers, but this is a very difficult situation, with many people in desperate pain and suffering, and we can see that the Chinese authorities are very keen to maintain control and desperate to show that it is the state that is the main provider of benefit to Tibetans. So although the Chinese officials will try to cooperate with the monks, the potential for tension and conflict is very high indeed.
BP: Is the policy to settle nomads a matter that could somehow be blamed for aggravating the consequences of the earthquake?
RB: This is a deeply worrying issue, because since 2006 China has forced tens of thousands of Tibetan nomads to abandon their flocks and their tents, where they would have been completely safe, and in effect their culture, because they were made to move to concrete and brick houses on the edges of towns, especially Yushu, usually with no clear prospect of income apart from some compensation fee. This policy, for which there seems to have been little or no public consultation,was very controversial even among some Chinese scholars and will seem more regrettable now.
However, it’s important to point out that Yushu has an unusually good history of relations with the Chinese authorities in the last few years, because local Tibetans were allowed to start NGOs, local schools, a library, a Medical College and an orphanage, with far less interference than in most Tibetan towns in China. Additionally, the authorities did not encourage migration of non-Tibetans into the area. The benefits of this policy showed in the fact that people decided not to stage major protests in Jyeku during March 2008. Because the Chinese authorities allowed this town to develop a certain measure of cultural identity and authority, there is a legacy of goodwill that might help the situation even in this difficult period.
རྒྱ་ནག་ཉམས་ཞིབ་པ།
དེ་རིང་ཞོགས་པར་ཉི་ཤར་གྱི་ཐོག་མར། ཞོགས་དུང་གི་གནམ་ས་གོ་འབྱེད་ཀྱི་མགོ་ནས་མཇུག་བར་གང་འཚམས་བལྟས་པ་ཡིན། རྩོམ་གྱི་མགོ་ནས་མཇུག་བར་མང་པོ་ཞིག་བཤད་འདུག དེའི་མདོ་དོན་ནི། རང་དབང། དམངས་གཙོ། འདྲ་མཉམ། ཞི་བདེ། ཐོབ་ཐང་བཅས་རེད་འདུག
དེས་ན་ཁྱེད་ཀྱིས་བཤད་པའི་ ་་དོན་གྱི་རིག་གསར་སྐབས་ཀྱི་དམར་སྲུང་དམག་གི་ལྟ་བ་ལས་གཞན་ཅི་ཡང་མི་འདུག་།་་ ཟེར་བ་དེ་ནི་གཞི་རྩ་མེད་པའི་སྐད་ཆ་སྟོང་པ་ཞིག་ལས་མི་འདུག དེ་ནི་ཉམས་ཞིབ་པ་ཞིག་གི་ཁ་ནས་བཤད་རྒྱུའི་སྐད་ཆ་ཞིག་ལྷག་ཏུའང་རེད་མི་འདུག
གསར་བརྗེ་དང་དེང་རབས་གསར་བརྗེ། ཞི་བའི་གསར་བརྗེ་ཟེར་དེ་ཚོའང་མིང་འདོགས་སྟངས་ཤིག་མ་གཏོགས་འབབ་ས་དེ། བཙན་དབང་། སྒེར་ལྡེམ། གདུག་རྩུབ། བཅས་ལ་རྒོལ་ནས་རབ་དབང་འཐབ་རྩོད་ཀྱི་ལས་འགུལ་ཐོག་ལ་བབས་ཡོང་གི་འདུག་པས། ངས་འདིར་དམར་སྲུང་དམག་ལྟ་བུའི་བྱེད་སྤྱོད་རིགས་ལ་ཁ་རྡུང་བཏང་བ་ཞིག་ལས་དམར་སྲུང་དམག་གི་ལྟ་བ་ཞིག་བཤད་ཀྱི་ཡོད་པ་རྩ་ནས་རྙེད་མ་སོང་།
གཤམ་གསལ་གྱི་ཞོགས་དུང་གི་ཚིག་འདི་རྒྱ་ནག་ཉམས་ཞིབ་པ་ལྟ་བུར་བཤད་པ་ཡིན་པ་འདྲ།
་་ ད་ལྟའི་མི་རྣམས་ཀྱིས་ཞེན་ལོག་དང་། འོས་ལངས།
འཐབ་རྩོད། གསར་བརྗེ་སོགས་ཆབ་སྲིད་ཀྱིབརྡ་ཆད་དུ་སོང་བའི་མིང་འདི་དག་ཐོས་
ཚེ། ཁ་སྙེར་སྣ་སྙེར་བྱེད་ཅིང་འཇིགས་སྐྲག་དངངས་སྐྲག་ཏུ་འགྲོ་བ་ནི་དམར་པོའི་
གསར་བརྗེ་ཞེས་པའི་མཇུག་འབྲས་ཏེ། དམར་པོའི་གསར་བརྗེའི་སྒང་ལ་མི་རྣམས་
གསར་བརྗེའི་ངོ་ལོག་པ་དང་ཇག་པར་བཏགས་ནས་འཐབ་རྩོད་དང་། རྡུང་རྡེག
འཚིར་གནོན། ཉམ་ཉེས། རྩ་གཏོར། རྨེག་མེད། ཁ་བཏགས་པར་བྱས་སོང་བས། ད་དུང་
ཡང་འཇིགས་དངང་གི་རྒྱུན་མ་ཡལ་བར་ཡོད་པས་རེད། ་་
མང་པོ་ཤིག་བཤད་དགོས་བའི་རྒྱུ་མཚན་ཡང་མི་འདུག་ལ།གོ་རྒྱུ་ཡང་མ་རེད་བསམ་བྱུང།
“ཁ་ཅིག་གིས་དངོས་གཙོ་སྨྲ་བ་སེམས་གཙོ་སྨྲ་བ་ལས་ཕམ་པའི་འབྲས་རྟགས་སུ་བཞེད་པ་ལྟར་ན། ཤིན་ལྐོག་རིག་གནས་ཀྱི་ལྟ་གྲུབ་ལ་དཔྱད་མི་བཟོད་པས་དད་པའི་སྟོབས་ནི་སྟོབས་ཤུགས་ཀུན་ལས་ཀྱང་ལྷག་པར་བསམ་ན་དེ་ལའང་གནས་ལུགས་ཤིག་མི་འདུག་བསམ་གྱི་མེད། དེ་ལྟར། ཆབ་སྲིད་ཀྱི་ཚ་གཅུན་གནོན་སྡོམ་དང་། དཔལ་འབྱོར་གྱི་ཧམ་ལེན་བཙན་འཕྲོག རིག་གནས་ཀྱི་སིམ་ཟོས་འདྲ་སྒྱུར་བཅས་ཟུར་གང་ནས་བལྟས་ནའང་ཞི་བའི་གསར་བརྗེ་འདི་འདྲ་སློང་བའི་རྒྱུ་རྐྱེན་དུ་མ་སོང་བ་འགའ་ཡང་མེད་པ་འདྲ།”
སུས་དངོས་གཙོ་སྨྲ་བ་སེམས་གཙོ་སྨྲ་བས་ཕམ་པའི་སྐད་ཆ་བཤད་གིན་འདུག།ཏ་ལྟ་ཞོགས་དུང་མ་གཏོགས་སྐད་ཆ་འདི་འདྲ་བཤད་མཁན་ད་བར་ཏུ་གོ་མ་མྱོང་།སྐད་ཆ་འདི་མོའི་དགའ་བའི་རྣམ་བཤད་ལས་འཕྲོས་བའི་རྩོད་པ་རྒྱག་སྟངས་ཤིག་རེད་།
ཞོགས་དུང་གིས་
“ཡིན་ནའང་། ཁོ་བོས་དེའི་ཕན་ཆད་ནས་མཐོང་བ་ནི། བཙན་པོའི་སྐབས་ཀྱི་བག་ཆགས་ཏེ་བག་ལ་ཉལ་བའི་ཁྱིམ་སྲིད་འདུ་ཤེས་གཏིང་ནས་སད་དེ། རིགས་རྒྱུད་དང་ས་ཁོངས་ཀྱི་“བདག”འཚོལ་བའི་སྙིང་སྟོབས་དེ་ཡིན་སོང་། རྒྱུ་མཚན་ནི། སྤྱི་ལྡོག་ནས་བལྟས་ན། བོད་རྣམས་ལ་ད་ལྟའི་དུས་ནའང་སྲིད་འབྱོར་རིག་གསུམ་གྱི་རྟོགས་པ་ཆེར་རྒྱས་མེད་ པ་དང་གཅིག དད་པ་ཅན་དུ་ཁས་འཆེས་པའི་མི་འབོར་མང་ཤོས་གསར་བརྗེ་རུ་མ་ཞུགས་པ་དང་གཉིས། ལས་ཞུགས་མི་སྣ་གཙོ་བོ་ན་གཞོན་ཡིན་པ་དང་གསུམ་བཅས་ལ་དཔག་ན། གསར་བརྗེ་འདིའི་རྒྱུ་རྐྱེན་གཙོ་བོ་ནི་དད་པ་ལས་གཞན་སོ་སོའི་བག་ཆགས་ཕུགས་ སྦུབས་ཀྱི་སྙིང་སྟོབས་སོས་པ་ཡིན་པར་ཐག་བཅད་ཆོག་པ་འདྲ། ལྟོས་བཅས་ཀྱིས་བཤད་ན། ལས་ཞུགས་ཀྱི་མི་བུ་དཔའ་བོ་དཔའ་མོ་ཕལ་ཆེ་བ་ནི་ཁྱིམ་གྱི་འཚོ་ཚིས་ཀྱི་ཁུར་ཆེན་ པོ་མེད་པ་དང་། བརྡ་འཕྲིན་དང་དུས་སྐད་དུས་ཐོག་ཏུ་ཐོས་པ། སྤོབས་པ་ཆེ་ཞིང་མིག་རྒྱང་རིང་བ། རིགས་ཞེན་གྱི་ཁོག་དཔུང་དང་ལ་རྒྱས་ཕྱུག་པ་བཅས་ཀྱི་ཕྱིར། ནམ་ཞིག་སྙིང་སྟོབས་ཀྱི་བག་ཆགས་སད་ཚེ་ཡུལ་དུས་དང་འཚམ་པའི་རང་དབང་དང་འདྲ་མཉམ་ གྱི་སྐད་བརྒྱབ་ཅིང་གསར་བརྗེ་དེ་འདྲ་མི་འབྱུང་རང་འབྱུང་ཆགས་པ་རེད་སྙམ།”
མདོར་བསྡུས་ན།བསམ་བློའི་འཐའ་རྩོད་དང་།རྙིང་བ་གཏོར་བའི་སྟོབས་པ།གསར་བ་རྟོགས་པའི་ཆབ་སྲིད་ཀྱི་ལྟ་བ་ཤིག་རེད་།ལྟ་བ་འདི་གང་ནས་བྱུང་བ་ཡིན།
ཞོགས་དུང་གིས་
“བོད་རྣམས་ཀྱིས་དུས་ཡུན་རིང་པོར་གཞི་ཁྱོན་ཆེན་ པོའི་ཆབ་སྲིད་གྱེན་ལོག་བྱས་མྱོང་མེད་ཅིང་། དེ་བཞིན་དུ་ཆབ་སྲིད་འོས་ལངས་དང་། ཆབ་སྲིད་འཐབ་རྩོད། ཆབ་སྲིད་གསར་བརྗེ་གང་ཡང་བྱས་ མྱོང་ཡོད་པ་མ་རེད། ཁོ་བོས་བསམ་ན་དེ་ལ་རྒྱུ་རྐྱེན་གསུམ་ཡོད་དེ། གཅིག་ནི་ས་ཁོངས་དང་མངའ་དབང་གི་ཆབ་སྲིད་འདུ་ཤེས་མེད་པ་དང་། གཉིས་ནི་ཆོས་དང་ཆོས་ལུགས་མ་གཏོགས་དོན་གཉེར་མེད་པ། གསུམ་ནི་སྡེ་བ་དང་ཚོ་བའི་ཁ་ཐོར་སྤྱི་ཚོགས་ཆུང་ངུ་མ་གཏོགས་འདུས་སྡོད་ཀྱི་ སྤྱི་ཚོགས་ཆེན་པོ་ཆགས་མ་མྱོང་བ་བཅས་ཀྱིས་རེད་འདོད”
ཞིབ་ཏུ་ལྟོས་དང་།ཚིག་བཀོལ་སྤྱོད་བྱས་ཚུལ་དང་།བསལ་བློ་གཏོང་ཚུལ་ཚང་མ་དམར་སྲུང་དམག་གི་དཔེ་དེབ་དམར་པོ་དང་གཅིག་པ་གཅིག་རྐྱང་འདུག།
ཐབས་ཤེས་ཀྱི་སྟེང་ནས་མི་གཅིག་པ་ཞིག་ནི།ཞི་བདེ་ལམ་ནས་།དམངས་གཙོ་དང་།རང་དབང་ལམ་དུ་བསྐྱོད་ཟེར་བ་དེ་རེད།
འདི་ལྟ་བུ་ཤིན་ཏུ་ནས་མང་པོ་འདུག།ཡིན་ནའང་དམར་སྲུང་དམག་མི་རྣམས་ཀྱིས་རིགས་པ་ཁས་མི་ལེན་པས་།མཁས་བའི་སྤྱི་སྲོལ་ལྟར་རྩོད་པ་བྱེད་ཐུབ་བཟོད་ཡོད་པ་མ་རེད།
“ལོ་རྒྱུས་ནི་ངེས་ཅན་རྒྱུ་འབྲས་ཀྱི་ཆོས་ཅན་ཡིན་ ནམ་ཡང་ན་ངེས་མེད་སྟེས་དབང་གི་ཆོས་ཅན་ཡིན་ཞེས་པ་ནི་འཛམ་གླིང་ལོ་རྒྱུས་སྨྲ་བ་ དག་གི་བརྗོད་གཞི་ཆེན་པོ་ཞིག་ཡིན་སྐད་དེ་ཁོ་བོས་དེ་ལ་དཔྱད་པ་བརྗོད་མི་འདོད། ཧར་གྱིས་བལྟས་ན། གསར་བརྗེ་འདི་ནི་ངེས་མེད་སྟེས་དབང་གིས་བྱུང་བའི་དོན་རྐྱེན་གློ་བུར་བ་ཞིག་ ཡིན་པ་འདྲ་ཡང་། དོན་དམ་དུ་རུས་རྐང་དང་ཟུངས་ཁྲག་ལ་བརྒྱུད་པ་ཟམ་མ་ཆད་པའི་བཙན་པོའི་སྐབས་ཀྱི་ རིགས་རྒྱུད་འདུ་ཤེས་དང་དཔའ་བོའི་སྙིང་སྟོབས་ཀྱི་བག་ཆགས་སད་པ་ཡིན་པར་འདོད། གསར་བརྗེའི་འབྱུང་རྐྱེན་ནི་དད་སྟོབས་ཁོ་ན་ལ་རག་ལས་པ་ཡིན་ཟེར་ན། དད་ལྡན་ཡོད་དོ་ཅོག་འདི་ལ་ཞུགས་མ་སོང་བས་ཁས་ལེན་དཀའ་བའི་ཚོད་དུ་སྣང་ཕྱིར། ཁོ་བོས་དད་པ་ལས་ལྷག་སྙིང་སྟོབས་རྒྱས་པའི་འབྲས་བུར་ཁ་ཚོན་གཅོད་དོ།”
“དེ་ལྟར་ཞིབ་ཏུ་བསམ་ན། ཁོ་བོ་དགའ་བའི་ཚོར་པ་སྐྱེས་པ་ལ་རྒྱུ་མཚན་བཞི་ཡོད་དེ། གཅིག་ནི་གསར་བརྗེའི་དོན་སྙིང་དང་། གཉིས་ནི་གསར་བརྗེའི་ཤུགས་རྐྱེན། གསུམ་ནི་གསར་བརྗེའི་དམིགས་ཡུལ། བཞི་ནི་བདེན་མཐའ་གསལ་རྒྱུའི་རྟགས་མཐོང་བ་བཅས་སོ།།”
དོན་གྱིས་མདོར་ན་།རྙིང་གཏོར་བསམ་པ་།དངོས་གཙོ་དང་སེམས་གཙོ་
མོའི་འགལ་བའི་རྣམ་བཤད་ཟེར་།
རྗེས་སུ
་དོན་གྱིས་མདོར་ན་།རྙིང་གཏོར་བསམ་པ་།དངོས་གཙོ་དང་སེམས་གཙོ་ཙམ་ལས་ཅི་ཡང་མི་འདུག་།ཅེས་བཅོས་རོགས་མཛོད།
གུང་བྲན་དམར་པོའི་སྲིད་བྱུས་སྟངས་འཛིན་འོག་ཡོད་པའི་སློབ་གྲྭ་ཁག་ནང་སོང་ཕྱིན་ཆད་རྒྱ་དྲི་མི་ཁ་བ་ཞིག་དང་དམར་དྲི་མི་བྲོ་བ་ཞིག་ག་ལ་འོང་།
རྙིང་གཏོར་བསམ་བློའི་བག་ཆགས་ནི་རྒྱ་རྒན་ཚོས་ང་ཚོར་སྤྲད་པའི་འགད་རྫས་རེད། ང་ཚོ་དར་ཆ་དམར་པོ་འོག་གི་སློབ་གྲྭ་དེ་དག་ནང་རང་ཉིད་ཀྱི་ཕ་མྱེས་རྣམས་བླུན་རྨོངས་དང་ཁོང་ཚོའི་ཤུལ་བཞག་རྣམས་རྙིང་བ་ཡིན་པའི་ངེས་ཤེས་གསར་དུ་རྙེད་ཅིང་། རྙིང་བ་དེ་རྣམས་རྡུལ་དུ་མ་བཅོམ་ཚེ། གསར་བ་ཟེར་བའི་ཁ་གཡང་གྲགས་ཆེན་པོ་དེ་མངོན་འགྱུར་བྱེད་མི་ཐུབ་པའི་རྣམ་མཁྱེན་འདྲ་ཞིག་ཀྱང་ཐོབ་པ་རེད།
ངས་སྤྱིའི་ཆ་ནས་བལྟ་གི་ཡོད། ཁོ་ལ་དམར་སྲུང་དམག་དང་ལྟ་བ་གཅིག་པ་ཡོད་པ་ཞིག་རྙེད་མ་སོང་། རྩ་བའི་དམིགས་ཡུལ བྱེད་ཐབས། སྦྱོར་བ། ཕུགས་བསམ་སོགས་ཕྱོགས་མང་པོ་ཞིག་ནས་རྦད་དེ་ལོགས་ཀ་རེད།
ཁྱེད་ཀྱིས་ཁོའི་ཚིག་ཟུར་བཤད་ཟུར་རེ་ལ་འཇུས་ནས་ཙི་ཙིས་སོ་བཏབ་པ་ནང་བཞིན་དང་། ཁྱི་ངན་ཉྭ་ལ་འཇུ་སྟངས་བྱས་ནས་དམར་སྲུང་དམག་རེད་ཟེར་ན་རང་གི་འདོད་པ་རེད།
ཐ་སྙད་འདོགས་སྟངས་དང་སྐད་ཆ་བཤད་སྟངས་དེ་ཚོར་སུ་ཡིན་ནའང་མི་མཐུན་པའི་བསམ་ཚུལ་ཡོད་རྒྱུ་རེད།
རིག་གསར་སྐབས། སུ་ཞིག་ནས་དམངས་གཙོ། འདྲ་མཉམ། ཐོབ་ཐང། ཞི་བདེ། ཞི་བའི་གསར་བརྗེ་གླེང་གི་ཡོད་པ་རེད། དེར་ལན་ཞིག་རྒྱོབས་དང་།
སྤྱིའི་བརྗོད་དོན་གྱི་ཆ་ནས་བལྟས་ན། ཁོ་དམར་སྲུང་དམག་རེད་ཟེར་བ་ལས། དམངས་གཙོ་དོན་གཉེར་བ། ཞི་བདེ་དོན་གཉེར་བ། རང་དབང་འཐབ་རྩོད་པ། ཞི་བའི་གསར་བརྗེ་བ་སོགས་ཀྱིས་འབོད་འོས་པར་མཐོང་།
ཕྱོགས་ཞེན་གྱི་སྐད་ཆ་བཤད་བསྡད་ན་སུ་ཡིན་རུང་སྐྱིད་པོ་ཡོད་པ་མ་རེད། ཁྱེད་ཀྱི་སྐད་ཆར་རིན་ཐང་ཡང་ཡོད་པ་མ་རེད།
ཞོགས་དུང་ལ་ཆའརྒྱུས་ཆེན་པོ་མེད། ཁོང་གི་བག་ཆགས་དོང་སྤྲུགས་ཟེར་བ་དེ་དུམ་ཚན་ཞིག་ཀློག་རྒྱུ་བྱུང་། ཐེ་ཝན་གྱི་རྒྱ་རྒན་ལི་ཡོ་ཡི་བཤད་སྟངས་འདྲ་ཞིག་རེད་བསམས་སོང་།
དེ་མིན། གནས་ས་གོ་འབྱེད་ཀྱང་རགས་ཙམ་ལྟ་ཀློག་བྱེད་རྒྱུ་བྱུང་། ངོ་མ་མང་པོ་ཞིག་བློས་བཏང་བྱས་ཏེ་བྲིས་འདུག་བསམས།
འདའ་ཚན་པ།
ངས་ཀྱང་སྤྱིའི་ཆ་ནས་གླེང་གིན་ཡོད།རྩ་བའི་ལྟ་གྲུབ་ཀྱི་སྟེང་ནས་གླེང་གིན་ཡོད་པ་མ་གཏོགས།ཞོགས་དུང་སོགས་ཀྱིས་དམར་སྲུང་དམག་ལྟར་དངོས་སུ་རྙིང་བ་ཐམས་ཅད་ལག་པས་གཤིག་གིན་འདུག་ཟེར་གིན་མེད་།དེ་བས་འདི་གཉིས་ཀྱི་ཁྱད་པར་ཕྱེ་དགོས་བ་གལ་ཆེན་པོ་རེད།ཞོགས་དུང་གི་སྐད་ཆ་ཞིག་ལ་འཐད་པ་ཡོད་།ང་ཚོ་བོད་མི་དག་གིས་སྣང་ངོ་།གསར་བརྗེ་ཟེར་དུས་རིག་གསར་འདྲ་བ་ཞིག་ཏན་ཏན་འཁོར་ཡོང་གིན་ཡོད་པ་རེད་།དེ་བཞིན་དམར་སྲུང་དམག་ཟེར་དུས་།དགོན་པ་དང་ལྷ་ཁང་དངོས་སུ་ལག་པས་གཏོར་མཁན་དེ་དག་འདྲ་བ་ཞིག་དྲན་བཞིན་ཡོད་པ་རེད་།ཡིན་ནའང་དམར་སྲུང་དམག་གི་ལྟ་བ་ནི་།ལར་གྱི་ཞོགས་དུང་སོགས་ཀྱི་ལྟ་བ་དང་ཕལ་ཆེར་འདྲ་བོ་འདུག་།
༼༡༽ཁོ་ཚོས་ནམ་ཡང་”རྙིང་གཏོར”་དང་”གསར་བ་གཉིས་ཀྱིས”ཁྱད་པར་ཅིག་གླེང་ཅི་ཐུབ་བྱ་བཞིན་འདུག་།དེ་ནི་དོན་གྱི་དམར་སྲུང་དམག་གི་ལྟ་བ་རང་རེད་།
༼༢༽ཁོ་ཚོའི་དུས་རྒྱུན་”བསམ་བློའི་འཐའ་རྩོད”ཅིག་གླེང་ཡོང་གིན་འདུག་།དེ་ཡང་དོན་གྱི་དམར་སྲུང་བསམ་བློའི་འཐའ་རྩོད་རེད་།
༼༣༽་དངོས་རྩོད་དང་སེམས་གཙོ་ལྟ་བའི་ཁྱད་པར་འདི་ཡང་།དམར་སྲུང་དམག་གི་ཁ་ཏོན་བཞིན་བཏོན་པའི་གྲུབ་མཐའ་ཞིག་རེད་།
འཛམ་གླིང་ལོ་རྒྱུས་སུ་གསར་བརྗེ་མང་པོ་བྱུང་ཡོད་པ་རེད་།ཡིན་འང་གསར་བརྗེ་མང་ཆེ་ཤོས་ནི་་ཆབ་སྲིད་ཀྱི་ལམ་ལུགས་རྙིང་བ་ཞིག་ནས་ཆབ་སྲིད་ལམ་ལུགས་གསར་བ་ཞིག་ལ་བསྒྱུར་བའི་ཆབ་སྲིད་ཀྱི་གསར་བརྗེ་ཡིན་པ་ལས་།བསམ་བློ་གསར་བརྗེ་བྱུང་བ་ཉུང་ཉུང་རེད།ཞོགས་དུང་སོགས་ཀྱི་གླེང་བཞིན་པ་།དོན་གྱིས་རྙིང་གཏོར་གྱི་བསམ་བློའི་གསར་བརྗེ་ཤིག་རེད་།དེ་ནི་ང་ཚོ་མི་ཚེ་འདི་ནང་བྱུང་བའི་རིག་གསར་གྱི་ལྟ་བ་མཐའ་ཐུག་དེ་རེད།དེའི་ཕྱིར་ཞོགས་དུང་དང་ཁྱེད་རང་རྣམས་ཀྱིས་རྙིང་གཏོར་གྱི་རྩ་བའི་དམ་བཅའ་དེ་འདྲ་ཞིག་བཟུང་ནས་།ཁ་ནས་སྐད་ཆ་གང་འདྲ་ཞིག་ལབ་ཡང་།དོན་གྱིས་དམར་སྲུང་དམག་གི་ལྟ་བ་རྒྱུན་འཛིན་བྱ་བཞིན་པ་དེ་རེད།
ནུབ་དུ་འདིའི་སྐོར་ལ་ཞིབ་དཔྱད་མང་དུ་བྱས་འདུག་།ད་ནི་བོད་པ་རྣམས་ཀྱིས་ཀྱང་དཔྱད་པའི་སྐབས་སུ་སླེབས་འདུག་ཅེས་བསམ་གིན་འདུག་།ད་བར་ཏུ་རྒྱ་དམར་གྱི་ལས་ཁུངས་བེད་སྤྱད་ནས་།སྐད་ཆ་མང་པོ་ཤིག་བཤད་པ་རེད་།བོད་ཀྱི་མཁས་བ་རྣམས་ལ་དོགས་སློང་ཙམ་བྱས་པའི་སྐལ་བའང་མ་བྱུང་བར་།ཅི་མི་སྙམ་པར་།ཚིག་དང་དོན་མང་པོ་ཞིག་བོད་ཡིག་ཐོག་སླེབས་པ་རེད་།ད་ནི་རྩོད་པའི་དུས་ལ་བབས་།
ཚིག་ལ་ཚིག་རྩོད་།དོན་ལ་དོན་རྩོད་།ཕྱི་ནང་གི་རིགས་པ་དཔུང་དུ་བཞག་ནས་།བདེན་པའི་དབང་བོ་གཙུག་ཏུ་བཅུག་ནས་རྩོད་།
ངས་བྲིས་བའི་སྐད་ཆ་རེ་རེ་ལ་ལན་ཐོབས་།ངས་ཡང་ཞོགས་དུང་སོགས་ཀྱི་སྐད་ཆ་རེ་རེ་དང་།གཏན་ཚིགས་རེ་རེ་ལ་ལན་འདེབས་།རྒྱུ་མཚན་མེད་པར་སྐད་ཆ་མི་བཤད་པའི་དམ་བཅའ།དོན་རྩ་བོད་ལ་ཕན་པའི་དམིགས་ཡུལ་གཙུག་ཏུ་བཟུང་ནས་རྩོད་།ཁ་ནས་སྐད་ཆ་ཆེན་པོ་བཤད་པ་མ་གཏོགས་།དོན་གྱིས་དེ་ལྟར་བྱ་ནུས་སམ།
ངས་ཕྱོགས་ཞེན་གྱིས་སྐད་ཆ་ཤིག་རྩ་བ་ཉིད་ནས་བཤད་གིན་མེད།བཤད་གིན་མེད་པ་ཤིག་བཤད་གིན་འདུག་ཅེས་སྐྱོན་འཛུགས་བཞིན་ཡོད་པའི་སེམས་ཁམས་དེ་ག་རེ་ཡིན་ནམ།
ངའི་སེམས་ན་མ་དྲན་པ་ཤིག་ཁྱེད་ཀྱིས་བལྟས་ན་དེ་ལྟར་ཆགས་བསྡད་ཡོད་ན་།ཞོགས་དུང་གིས་སེམས་ན་མ་དྲན་པ་མ་གཏོགས་དོན་གྱིས་ཁོ་དམར་སྲུང་དམག་ཅིག་ཆགས་བསྡད་ཅེས་བཤད་ན་མི་ཆོག་གམ།
ངས་བཤད་པའི་སྐད་ཆ་ཐབས་ཅད་ཁུངས་ལུང་དང་།རིགས་པ་བརྒྱ་ཕྲག་མང་པོ་འདྲེན་རྒྱུ་ཡོད་།རྗེས་སུ་རིམ་གྱིས་ཡོང་གིན་རེད།
གོང་གི་མཆན་རྣམས་རགས་ཀློག་གི་བྱས་ནས། ངས་བསམ་ཚུལ་ཞིག་བཏོན་ན་འདོད། རིག་པའི་གཞུང་ལུགས་ཟེར་བ་དེ་ཚང་མ་གཅིག་པ་གཅིག་རྐྱང་རེད། རང་ཕྱོགས་བདེན་པའི་བདེན་རབས་དང་། གཞན་ཕྱོགས་རྫུན་པའི་རྫུན་རབས་བཤད་མཁན་རྐྱང་རེད། དེ་བཞིན་དུ་རང་ཉིད་བདེན་པ་ཡིན་ལུགས་རྐྱང་བཤད་མཁན་རེད། དེ་ཡིན་དུས་བོད་ནང་ཡིན་ན་རེད། བོད་ཕྱི་ཡིན་ན་རེད། ཆོས་ལུགས་ཀྱི་བགས་ཆགས་ལས་བྱུང་བའི་རྙིང་ཞེན་ཡིན་ན་རེད། མར་ཁེ་སིའི་རིགས་པའི་གཞུང་ལུགས་ལས་བྱུང་བའི་གསར་བརྗེ་བ་ཡིན་ན་རེད། སུ་ཡིན་ནཡང་རང་རང་བཟང་གི་བཟང་རབས་དང་། གཞན་དེ་མེད་པའི་མེད་རབས་རྐྱང་བཤད་བསྡད་པ་གཅིག་པ་གཅིག་རྐྱང་རེད། དེ་བས་ན་ང་ཚོའི་རིགས་པའི་གཞུང་ལུགས་ལས་ཁོང་ཚོའི་ངོ་བོ་འབྱེད་པ་དེ་དགོས་མེད་རེད་བསམ་གི འོ་ན་ཁོང་ཚོའི་ངོ་བོ་བོད་ནང་དུ་ཁ་ཡོད་ལག་ཡོད་ཀྱིས་ཕན་མིན་ལ་བལྟ་དགོས་ཀི་འདུག དེ་ཡང་ལག་རྗེས་སམ་བོད་ཡར་རྒྱས་གཏོང་ཕྱོགས་ཐད་ནས་རེད། དྲང་མོར་བཤད་ན་ཁ་བཤད་ཁོ་ན་ལ་ལྟོས་ན་འགྲིག་གི་མི་འདུག ལག་རྗེས་ལ་བལྟ་དགོས་ཀི་འདུག ལྷག་པར་དུ་ད་ཐེངས་ཀྱི་ས་ཡོམ་ལྟ་བུའི་ཛ་དྲག་གི་སྐབས་སུ་ཁ་ཡོད་ལག་ཡོད་ཀྱིས་ཕན་མཁན་དེ་སུ་རེད་བལྟ་དགོས་ཀི་འདུག དེ་ནས་རྒྱུན་ལྡན་བོད་ནང་དུ་ལག་རྗེས་སུ་མང་ལ་བལྟ་དགོས་ཀི་འདུག ལག་རྗེས་ལ་བལྟས་ནས་ངོ་བོ་ཐག་གཅོད་བྱེད་དགོས་ཀི་འདུག དེ་ལྟར་བྱས་ན་ད་བཟོད་ང་ཚོ་བོད་ཡུལ་ཡར་རྒྱས་ལ་ཕན་གྱི་རེད། དེ་མིན་ཁོའི་ཕྱོགས་ཁག་དེ་བདེན་པ་རེད། བཟང་པོ་རེད། ཕྱོགས་ཁག་འདི་ཡག་པོ་མ་རེད། ཟེར་ནས་ཚིག་ནང་རེ་ནག་ཚད་ལབ་བསྡད་ནས་ཕན་གྱི་མ་རེད།
དྲང་མོར་བཤད་ན་གནའ་རབས་ཀྱི་ལུགས་སྲོལ་ཡོངས་སུ་རྫོགས་པ་ལ་ཚིག་ངན་བེད་སྤྱོད་བྱེད་མཁན་དེ་ཐོག་དང་པོར་ཞོགས་དུང་ཟེར་མཁན་དེ་ཡིན་པ་ཡོད། ཁོང་གིས་བགས་ཆགས་དོང་སྤྲུག་ཡིན་ན་ཅིག་བརྩམས་པ་རེད། དེའི་ནང་ས་བཅད་བཞིའི་སྒོ་ནས་གནའ་རབས་ཡོངས་སུ་རྫོགས་པ་འགོག་ཁ་བྱས་ཡོད་པ་རེད། དེ་ཚོ་ཡང་ཁོང་གི་ལྐུག་རྟགས་བསྟན་པ་ཁོ་ན་མ་རེད། ཁོང་གིས་ཀྱང་ལྷག་བསམ་ཞིག་གིས་སྒོ་ནས་བཤད་པ་ཡིན་ས་རེད་མོད། དེ་ང་ཚོས་ངོས་ནས་ཕན་པ་ཡོད་པ་ཞིག་ཏུ་བསྒྱུར་དགོས་པ་རེད། ང་ཚོས་ངོས་ནས་ཕན་པ་ཡོད་པ་ཞིག་ཏུ་མ་བསྒྱུར་ན། དེ་ནི་སྔོན་མ་རིག་གནས་གསར་བརྗེའི་སྐབས་ཀྱི་ཚོགས་འདུག་ཐོག་གི་གཏམ་བཤད་རིང་བོ་དེ་དང་གཅིག་པ་གཅིག་རྐྱང་རེད། མི་འདྲ་ས་ཞིག་ཡོད་པ་ནི། ཁོང་ཚོས་དངོས་སུ་སླེབས་ནས་མི་བསོད་མེ་རྒྱགས་བྱེད་ཀྱི་ཡོད་པ་མ་རེད། དེ་མིན་ཁོང་ཚོ་ལ་དངོས་སུ་དེ་ལྟ་བུའི་རྒྱབ་རྩ་ཞིག་གམ་གཞུང་གི་རྒྱབ་རྩ་ཞིག མི་དམངས་ཀྱི་རྒྱབ་རྩ་ཞིག་རེག་ན་ཅི་འདྲ་ཞིག་ཏུ་འགྱུར་རྒྱུ་རེད། དེབ་ནང་དུ་བྲིས་པ་དེ་དག་ཅི་ལྟར་ལག་ལེན་བསྟར་རྒྱུ་རེད། དེ་དག་དྲི་བ་རེད།
ད་དུང་བཤད་རྒྱུ་ཞིག་ནི། སྤྱི་ཚོགས་ལ་ཕན་གྱི་འདུག་ན་གསར་རྙིང་ལ་ཁྱད་པར་ཡོད་ཀྱི་མ་རེད་བསམ་གི ཕན་ན་གསར་རྙིང་གང་ཡིན་ན་ཡང་བླངས་ན་འགྲིག་གི་བསམ། འོན་ཀྱང་བགས་ཆགས་དོང་སྤྲུག་ན་སྤྱི་ཚོགས་ཀྱི་བླངས་བྱ་ག་རེ་རེད་ཅེས་དྲིས་ན། སྤྱི་ཚོགས་ལ་གང་ཡོད་པ་དེ་གཏོར་རྒྱུ་དེ་ཁོ་ན་བླངས་བྱ་རེད། དེ་མིན་བླངས་བྱ་གང་ཡང་མི་འདུག མཚོ་སྔོན་སློབ་གྲྭ་ཆེན་མོ་ནང་དུ་བགྲོ་གླེང་སྐབས་སུ། ཡོད་ཚད་རྩ་མེད་བཟོས་རྗེས་སྤྱི་ཚོགས་ནང་གང་ཞིག་ཤུལ་དུ་བཞག་དགོས་པ་རེད་དམ། ཞེས་མི་ཞིག་གིས་དྲི་བ་བཀོད་སྐབས། ཁོས་ལན་དུ་དེ་ང་ལ་འགན་ཡོད་པ་མ་རེད་ཅེས་ལན་བཏབ་འདུག འདི་ནི་དགོད་བྲོ་བོ་ཞིག་ཀྱང་རེད། འོ་ན་བོད་སྤྱི་ཚོགས་ལ་གང་ཡོད་པ་དེ་གཏོར་བའི་འགན་ཁོ་ལ་ཅི་ལྟར་ཡོད་ན་བསམ་པ་ཞིག་ཀྱང་སྐྱེ་སོང་མོད། ལན་གང་ཡང་བྲིས་མེད། དགུ་ཅུ་གོ་གྲངས་ཞིག་ཡིན་པ་ཡོད། དེའི་སྐབས་སུ་ཟི་ལིང་ནས་མི་ཞིག་གིས་ང་ལ་ཡི་གེ་དེ་དང་བགྲོ་གླེང་དྲི་བ་དྲི་ལན་ཚང་མ་སྐུར་སོང་བས་རགས་ཀློག་ཞིག་བྱས་ནས་ཀུན་བདེ་གླིང་ཇ་སག་ལ་སྤྲད་པ་ཡིན།
༡ རྙིང་གཏོར།
གཅིག་གཅོད་དང་། སྒེར་ལྡེམ། རྒྱལ་པོའི་ལམ་ལུགས་སོགས་སྲིད་གཞུང་ལམ་ལུགས་རྙིང་པ་དེ་ཚོ་གཏོར་ནས། དམངས་གཙོ། འདྲ་མཉམ། ཞི་བདེ། རང་དབང་ལྡན་པའི་ལམ་ལུགས་གསར་པ་ཞིག་བཙུགས་ན་དེ་དམར་སྲུང་དམག་གི་ལྟ་བ་རེད་དམ།
༢ བསམ་བློའི་འཐབ་རྩོད།
གཉའ་གནོན་དང་ངོ་རྒོལ། གཞན་དབང་དང་རང་དབང་། ཞི་བ་དང་དྲག་པོ། གཅིག་གཅོད་དང་དམངས་གཙོ། རྙིག་དོར་དང་བཅུད་ལེན། མཁྲེགས་འཛིན་དང་ལེགས་བཅོས་སོགས་ཀྱི་བར་གྱི་བསམ་བློའི་འཐབ་རྩོད་དེ་དམར་སྲུང་དམག་གི་ལྟ་བ་རེད་དམ།
༣ དངོས་གཙོ་དང་སེམས་གཙོ།
དངོས་གཙོ་ལ་དགའ་མཁན་ཞིག་ནས་དངོས་གཙོ་གླེང་བ་དང་། སེམས་གཙོ་ལ་དགའ་མཁན་ཞིག་ནས་སེམས་གཙོ་གླེང་བ། གཉིས་ཀར་ཡིད་ཆེས་ཡོད་མཁན་ཞིག་ནས་གཉིས་ཀ་གླེང་ཆོག་གི་རེད། སེམས་གཙོ་གླེང་མཁན་རྣམས་དམར་སྲུང་དམག་ཡིན་ན་ནུབ་ཕྱོགས་སུ་དམར་སྲུང་དམག་མང་པོ་དངོས་འཛིན་བྱེད་རྒྱུ་ཡོད་པ་མ་རེད་དམ།
༣ ད་བར་གྱི་གསར་བརྗེ་ཚང་མ་རྙིང་གཏོར་གྱི་གསར་བརྗེ་མ་ཡིན་པ་ཞིག་ཁྱེད་ལ་བཤད་དུ་ཡོད་དམ། འཛམ་གླིང་ཧྲིལ་བོའི་ལོ་རྒྱུས་ནང་ལམ་ལུགས་རྙིང་པ་གཏོར་གི་གཏོར་གི གསར་པ་འཛུགས་གི་འཛུགས་གི་ཡོང་བ་རེད། ཁྱོད་ལྟར་ན། ཨ་རི་༡༧༧༥ གསར་བརྗེ་ཡང་དམར་སྲུང་དམག་གི་ལྟ་བ་རེད། དབྱིན་ཇི་༡༦༨༨གསར་བརྗེ་ཡང་དམར་སྲུང་དམག་གི་ལྟ་བ་རེད། ཧྥ་རན་སིའི་༡༧༨༩ གསར་བརྗེ་ཡང་དམར་སྲུང་དམག་གི་ལྟ་བ་རེད། དེ་སྔོན་གྱི་ནུབ་ཕྱོགས་པའི་ཁོར་ཡུག་བརྗེ་ཡང་དམར་སྲུང་དམག་གི་ལྟ་བ་རེད། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དེ་ཚོའི་ལྟ་བའང་དམར་སྲུང་དམག་གི་ལྟ་བ་རེད། ཁྱེད་རང་གི་གོས་རྙིང་གཡུག་ནས་གོས་གསར་གོན་པ་དེའང་དམར་སྲུང་དམག་གི་ལྟ་བ་རེད། ཁང་རྙིང་གཏོར་ནས་ཁང་གསར་རྒྱག་པ་དེའང་དམར་སྲུང་དམག་གི་ལྟ་བ་རེད།
མདོར་དེད་ན། ཁོ་ཚོའི་གསར་བརྗེ་དེ་རྙིང་གཏོར་གྱི་གསར་བརྗེ་ཞིག་རེད་ཟེར་ན་མ་འགྲིགས་པ་མེད་པ་འདྲ། གོང་དུ་བཤད་པ་ལྟར། གཅིག་གཅོད་དང་སྒེར་ལྡེམ་སོགས་སྲིད་གཞུང་གི་ལམ་ལུགས་རྙིང་པ། མི་དགོས་པ། དུས་དང་མི་འཚམས་པ། སྤྱི་ཚོགས་དང་མི་འཚམས་པ་དེ་ཚོ་གཏོར་ནས། དེའི་ཚབ་ཏུ་དམངས་གཙོའི་ལམ་ལུགས་གསར་པ་ཞིག་འཛུགས་དགོས་ཟེར་གྱི་མི་འདུག་གམ།
རྒྱ་ནག་ཉམས་ཞིབ་པ་ལགས།
ཉིད་ཀྱིས་དཔྱད་རིན་ཡོད་པའི་སྐད་ཆ་མང་བོ་བཤད་འདུག་་་་ཐུགས་རྗེ་ཆེ།
ངས་འདི་ནས་ཁྱེད་ལ་དྲི་བ་འགའ་འདྲི་འདོད་བྱུང་།
༡་་་དམར་སྲུང་དམག་ཟེར་བ་དེ་དུས་སྐབས་གང་ཞིག་གི་རིང་ལ་དངོས་འཛིན་གནང་དགོས་སམ།
༢་་་དམར་སྲུང་དམག་གི་བལྟ་བའམ་ལངས་ཕྱོགས་ངོ་མ་དེ་རང་རྒྱལ་གཞན་ཕམ་ཟེར་བ་དེ་རེད་དམ།
༣་་་ཞོགས་དུང་སོགས་ཀྱིས་བོད་སྔར་རབས་པའི་ལམ་ལུགས་གང་དང་གང་ཞིག་ལ་འགྱུར་བ་བཏང་དགོས་གསུང་གི་ཡོད་དམ།
ངེད་ཀྱི་བསམ་ཚུལ་ཡིན་ན། རྩོམ་ཡིག་འདིའི་ཐོག་ལ་ཁྱེད་ཚོས་རྩོད་དེ་མ་བརྒྱབ་ན་ཡག་པོ་འདུག བསམ་ཚུལ་འདི་ཚོ་ཁ་སང་”ཞོགས་དུང་གིས་ཉིན་གུང་་དུང་བུས་པ་”ཟེར་བ་ཞིག་ཡོད་པ་དེའི་ཐོག་ལ་མུ་མཐུད་དུ་འབྲི་ཐུབ་ན་ཡག་པོ་འདུག རབ་འབྱོར་ལགས་ཀྱི་མཆན་བུ་ཞིག་འདི་ན་འདུག
༡༩༽ རབ་འབྱོར་ནས།
སྤྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༣ གི་ཆུ་ཚོད་ ༢༣ སྐར་མ་ ༢༢
གནམ་ས་གོ་འབྱེད་ལ་ཤོག་གྲངས་ཉིས་བརྒྱ་དང་གྱ་ལྔ་ཡོད་པ་ལས། ངས་ཤོག་གྲངས་༡༢༡་བཀླགས་ཚར། རྩོམ་པ་པོའི་བློ་སྟོབས་དང་བློས་བཏང་ལ་རྗེས་སུ་ཡི་རངས་ཤོར་བ་མཚུངས་སུ། དཔེ་དེབ་དེའི་དོན་ཁོག་ལ་སུན་སྣང་ཅུང་ཙམ་སྐྱེས་སོང་། ངས་ད་བར་དུ་བཀླགས་པ་ལས་ཤོག་གྲངས་བརྒྱད་ཅུ་དང་གྱ་གཅིག་གཉིས་ཀྱི་ཐོག་ན་ས་བྱི་ལོའི་ཡར་ལངས་ཀྱི་སྐབས་སུ་བོད་པ་བསད་རྨས་དང་འཛིན་བཟུང་བྱས་པའི་གྲངས་ཀ་ལ་ཚོད་དཔག་ཅིག་བྱས་ཡོད་པ་མ་གཏོགས། དེ་འཕྲོས་ཤོག་གྲངས་བརྒྱ་ལྷག་རྩོམ་པ་པོ་རང་གི་བསམ་ཚུལ་དང་ལྟ་བ་རེད། དོན་དངོས་ཀྱིས་བརྒྱ་ཆའི་ལྔ་ཡང་མི་ཟིན་ལ་ལྟ་བ་དང་གཞུང་ལུགས་སྐམ་བཤད་ཀྱིས་བརྒྱ་ཆའི་དགུ་བཅུ་གོ་ལྔ་ལྷག་ཟིན་འདུག ཤོག་གྲངས་བརྒྱ་དང་ཉེར་གཅིག་ནས་མར་ལ་དེ་ལྟར་མིན་པར་དོན་དངོས་མང་ཙམ་བྲིས་ཡོད་པ་ཡིན་ནམ། དེ་ངས་མི་ཤེས། ཀློག་མས་བལྟ་རྒྱུ་ཡིན།
ཞིན་ཅང་འོས་ལངས་སྐོར་གྱི་བགྲོ་གླེང་ཚོགས་འདུ་ཞིག་ན་ནིང་སྟོན་ཁར་སི་ཡ་ཊོ་གྲོང་ཁྱེར་ན་ཡོད་པའི་ཝ་ཤིན་ཊོན་སློབ་གྲྭ་ཆེན་མོའི་ནང་ལ་ཚོགས་སོང་།གཏམ་བཤད་གནང་མཁན་ལྔ་ཡོད་པ་ཚང་མ་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་རྐྱང་རྐྱང་རེད། སྤྱི་ཚོགས་རིག་པའི་ལྟ་བ་འདྲ་མིན་དང་གཞུང་ལུགས་འདྲ་མིན་ལ་ཆ་རྒྱུས་ཤིན་ཏུ་ནས་ཀྱང་ཡོད་འོས་ཆེ་བའི་མཁས་པ་དེ་དག་གིས་ལྟ་བ་འདྲ་མིན་དང་རང་རང་གི་བསམ་ཚུལ་བཤད་རྒྱུ་གཙོ་བོར་བཟུང་མ་སོང་། འོས་ལངས་སྐབས་ཀྱི་གནས་ཚུལ་ནི་དུས་ཚོད་རེ་རེ་དང་། གོམ་བགྲོད་བྱས་ནས་སྲང་ལམ་རེ་རེ་ལ་ཐོན་སྐབས་ཀྱི་གནས་ཚུལ་ངོ་མ་ཅི་བྱུང་དང་། རྒྱ་ནག་གི་གསར་ལམ་རེ་རེ་ནས་ཅི་ཐོན། གནས་ཚུལ་ངོ་མ་དང་གསར་ལམ་གནས་ཚུལ་བར་གྱི་ཧེ་བག་ཅི་ཡོད་སོགས་བརྗོད་པ་གཙོ་བོར་བཟུང་ནས་བརྗོད་ནས་ཚོགས་འདུར་ཉན་དུ་ཡོང་བ་རྣམས་ལ་འོས་ལངས་དེ་རང་ཇི་ལྟ་བུ་ཞིག་ཡིན་པ་གསལ་པོ་ཡོང་ཐབས་ལ་འབད་བརྩོན་བྱས་སོང་།
ལྟ་བ་དང་བསམ་ཚུལ་ནི་གནས་ཚུལ་ངོ་མ་ཞིག་ལ་བསམ་བློ་གཏོང་སྟངས་རེད། བསམ་བློ་གཏོང་སྟངས་གང་ཞིག་ཡང་དག་ཡིན་མིན་ནི་དངོས་དོན་གྱི་ཞིབ་ཆའི་ཤེས་ཚད་ལ་རག་ལས་ཡོད། དོན་དངོས་ཀྱི་ཤེས་ཚད་ཅི་ཙམ་གྱིས་ཞིབ་ན་བསམ་བློ་གཏོང་སྟངས་ཀྱང་དེ་ཙམ་གྱིས་ཡང་དག་པ་ཡོང་གི་ཡོད་པ་རེད། དཔེ་དེབ་ཅིག་གི་ནང་དང་གཏམ་བཤད་ཅིག་གི་ནང་དུ་སྤྱིར་བཏང་དངོས་དོན་བྲིས་པ་མང་ཞིང་ལྟ་བ་བྲིས་པ་ཉུང་དགོས། དངོས་དོན་ལས་ལྟ་བ་མང་སྐབས། ལྟ་བ་དེ་དག་བརླན་བྲལ་སྐམ་བཤད་དུ་འགྱུར་ཉེན་ཆེ།
གནམ་ས་གོ་འབྱེད་ཀྱི་ཤོག་གྲངས་བརྒྱ་དང་ཉེར་གཅིག་ནས་མར་ཉིས་སྟོང་བརྒྱད་ལོའི་འོས་ལངས་ངོ་མ་དང་དེ་རྗེས་འབྲེལ་གྱི་དོན་དངོས་མང་ཙམ་ཞིག་བྲིས་ཡོད་པར་སྨོན།
འོ་ཡ། དེ་ཟེར་གི་ཡོད། རིག་འབྱུང་འདི་ད་ངོ་ནས་རིག་འབྱུང་ཡིན་ཡ། དེ་བཞིན་དུ་བཤད་དགོས་པ་རེད། དོན་དངོས་དགོས་གི་རེད། ལྟ་བ་རྐྱང་པ་བཤད་ནས་བསྡད་ན་སྟོང་བཤད་རང་རེད། དེང་སང་གི་ལྟ་བ་འདི་ཡང་གཅིག་བྱས་ནས་གནའ་སྔོན་མའི་སྒྲུང་གི་རྣམ་གྲངས་ཞིག་ཡིན་པ་འདྲ་འདུག
འདིས་ལྟ་ལོག་ལམ་ལོག་ལ་འགྲོ་བའི་བོད་པའི་ཞབས་འདྲེན་པ་དེ་ཚོ་ལ་ངོས་ལེན་མེད་
ང་ཚོ་བོད་པ་ཚང་ལ་མི་རིགས་གཞན་ལ་མེད་པའི་ཁྱད་དུ་འཕགས་པའི་ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡོད་པ་ལ། ད་ལྟའི་དུས་རབ་འདི་ལ་སྨོན་ལམ་ལོག་པའི་བདུད་ཀྱི་སྐྱེ་བ་ཁ་ཤས་ཀྱི་ཁྱད་དུ་འཕགས་པའི་ནང་པ་སངས་རྒྱས་པའི་བསྟན་པ་རིན་པོ་ཆེ་འདི་ལ་ཁྱད་བསད་དང་ཕྱིན་ཅི་ལོག་ལ་མཐོང་བ་འདི་རྣམས་ཞིང་ཅུ་ཚང་བའི་དགྲ་བོ་ཟེར་བ་རེད་པས་དེ་འདྲའི་བོད་པ་འདི་ཚོ་ལ་ལོག་ལམ་པ་ཟེར་བ་ཡིན།
མི་རིགས་དང་རྒྱལ་ཁབ་དོན་དུ་རང་སྲོག་བློས་གཏོང་བྱེད་མི་ལ་ངེས་པར་དུ་རྗེས་སུ་ཡི་རང་ཞུ་དགོས།
རང་སྐྱོན་རང་གི་ཤེས་ན་གཞན་སྐྱོན་བརྗོད་པར་དཀའ་ནི་རེད།