བེ་རི་འཇིགས་མེད་དབང་རྒྱལ།
འབུམ་ཕྲག་ཟླ་ཟེར་འཐུང་བའི་ཀུན་མུ་ཏས།།
མཚོན་དུས་མ་ཡིན་ངག་དབང་དབྱངས་ལྡན་ལྷ།།
སྙུག་ཐོགས་བུ་ངའི་མགྲིན་པའི་འོ་མཚོ་ལ།།
རྩེན་ནས་ཉམས་འགྱུར་སྟོང་གི་ཤིས་པ་སྒྲུབས།།
འཕགས་བོད་འདུ་བྱེད་མཁས་པའི་ཞལ་ཆབ་ལས།།
བྱུང་བའི་ལེགས་བཤད་བདུད་རྩིའི་མཆོད་ཡོན་འཕྲུལ།།
གསང་བའི་སྐུར་ཡིག་དོན་ལྡན་ནོར་བུའི་གཏེར།།
འདི་ན་འཁྱིལ་ཞེས་འཛུབ་སྟོན་མདོར་བསྡུས་བྱ།།
སྔོན་བྱོན་འཕགས་བོད་མཁས་པ་དུ་མའི་ཐབས་འཕྲུལ་ཕྱག་སྲོལ་རྒྱུན་འབྱམས་ལས་བྱུང་བའི་གསང་འཕྲིན་ཡིག་ཟོམ་གྱི་ཐབས་ལམ་བླ་ན་མེད་པའི་ལེགས་བྱས་ལ་བརྟེན་ནས། ལུགས་གཉིས་གནས་ལ་ཕན་རླབས་རྒྱ་ཆེར་བྱུང་བ་ནི་ལོ་རྒྱུས་ཀྱི་མེ་ལོང་ནང་གསལ་མོད། དེ་ལྟ་ནའང་དེང་རབས་གསར་པའི་སྤྱི་ཚོགས་ནང་དུ། ཡིག་འཕྲུལ་གྱི་གསང་བའི་ཐབས་ལམ་འདི་ཉིད་ལ་བློ་གྲོས་ཀྱི་ཁ་ལོ་བསྒྱུར་མྱོང་མེད་པའི་བློ་གསར་གཞོན་སྐྱེས་མི་ཉུང་བ་ཞིག་མཆིས་པ་བདེན་མི་ཟ་བས། དེས་ན་འདིར་གལ་ཆེན་སྒྲུབ་པའི་ཆ་ཤས་མེད་དུ་མི་རུང་བའི་གསང་འཕྲིན་གཏོང་ལེན་བྱེད་སྟངས་ཀྱི་གནད་བསྡུས་ཏེ་ཅུང་ཟད་ཞུ་ན།
དེ་ཡང་གསང་བའི་ཡིག་འཕྲིན་གཏོང་ལེན་བྱེད་མཁན་གཉིས་ཀས་འབྲི་འདོན་བྱེད་སྟངས་ཀྱི་གནད་རྣམས་ཚུལ་བཞིན་ཤེས་དགོས་པ་ལས། གཞན་དུ་ན་གསང་དོན་ཕྱིར་གྱར་བ་འམ། རང་ཉིད་ཀྱིས་ཀྱང་ནང་དོན་མི་གོ་བ་དང༌། ལོག་པར་གོ་བའི་སྐྱོན་ལ་བརྟེན་ནས་དམིགས་ཡུལ་ལས་གོ་ལྡོག་སྟེ། དོན་ཆེན་སྒྲུབ་པའི་གེགས་བྱེད་འབའ་ཞིག་ཏུ་འགྱུར་བའི་ཉེན་ཡང་ཡོད་པས་གཤམ་གསལ་འཆད་འགྱུར་ལ་ཅིས་ཀྱང་དོ་སྣང་དགོས།
གཅིག་དབྲི་སའི་ཤོག་གུ།
ཐོག་མར་གསང་བའི་ཡིག་འཕྲིན་གང་ཞིག་དབྲི་སའི་ཤོག་བུ་ཡིན་རུང༌། ནག་ནོག་སོགས་མེད་ཅིང་སྲབ་འཐུག་རན་པ། ཐིག་སོགས་མེད་པའམ་ཡང་ན་མངོན་ཆེར་མེད་པ། ཧ་ཅང་སླ་བ་མ་ཡིན་པ། ཚོན་གཞི་གཅིག་ཏུ་དཀར་བ་བཅས་དགོས་སོ།
གཉིས་འབྲི་བྱེད་སྨྱུ་གུ།
འབྲི་བྱེད་སྨྱུ་གུ་ནི་སྲ་ཞིང་མཁྲེགས་པའི་ཤིང་ལྤགས་སམ་སྨྱུགས་མ་གང་ཡང་རུང་བའི་ཁ་ལེགས་པར་གཏུབ་དགོས། འབྲི་བྱེད་སྣག་ཚ་སླ་བའི་རིགས་ཁ་ཤས་ལ་ལྕགས་སྨྱུག་གིས་བྲིས་ཀྱང་མི་རིགས་པ་མེད་ཅེས་ཡབ་ཆེན་དམ་པས་གསུངས།
གསུམ་པ་སྣག་ཚ།
འདིར་གསང་བའི་འཕྲིན་ཡིག་འབྲི་བྱེད་སྣག་ཚའི་སྒོ་ནས་རིགས་མི་འདྲ་བ་ལྔར་ཕྱེས་ནས་བཤད་ན།
༡༽ ས་ཡིག་ནི།
བ་ཕྱུགས་དང་ར་གང་རུང་གི་འོ་མའི་སྟེང་གི་སྤྲིས་ཀ་དང་ཞབས་ཀྱི་སྙིགས་མ་དོར་ཏེ་དཀའ་སླ་རན་པོར་བྱས་ནས་གོང་གསལ་ཤོག་སྨྱུག་བེད་སྤྱད་དེ་འབྲི་དགོས། འདིར་འབྲི་བྱེད་སྣག་ཚ་དཀའ་སླ་རན་མིན་ཞིབ་ཏུ་བརྟག་དགོས། སླ་ན་བཀླག་མི་ནུས་ཤིང༌། དཀའ་ན་ཐད་ཀར་ཡིག་འབྲུ་མངོན་པས་གསང་དོན་ཕྱིར་གྱར་བའམ། དམིགས་ཡུལ་ལྟར་འགྲུབ་མི་ནུས་པ་བཅས་གསང་འཕྲིན་གཞན་རྣམས་ལའང་རིགས་འགྲེ། ཡི་གེ་འདི་ཉིད་ཀློག་པའི་ཚེ་མེའམ་ཉི་དྲོད་ཕོག་སའི་སྟེགས་ཤིག་ཏུ་འཁོད་མཉམ་པའི་ལྕོག་ཙེ་དང་སྤང་ལེབ་ལྟ་བུ་ཞིག་ལ་སྐར་ཆ་འགའ་ཞིག་བཞག་སྟེ། ས་དཀར་དང་གོ་ཐལ་སོགས་ཞིབ་འཐག་བྱས་པའི་ཐལ་བ་འཁོད་མཉམ་པོར་བཀྲམ་ནས་དྲོད་ཅུང་ཟད་བསོས་རྗེས། སྤྲུག་སྤྲུག་ལྷོད་པོར་བཏང་ནས་ཀློག་ན་ཡིག་འབྲུ་གསལ་པོར་མཐོང་ཐུབ། དེ་བས་ན་མི་རྣམས་ཀྱིས་གསང་འཕྲིན་འདི་ལ་ས་ཡིག་ཅེས་བྱ་ཞིང༌། ཡིག་སྐོག་སྟེང་དུའང་སའི་ས་བོན་’བ།’ འམ་ ‘ས་’ ཡིག་ཀྱང་འབྲི་སྲོལ་ཡོད་དེ། འདི་ལ་བརྟེན་ནས་ཀློག་པ་པོས་ས་ཡིག་ཡིན་པར་ངེས་དགོས།
༢༽ ཆུ་ཡིག་ནི།
གསེར་མདོག་ཐར་ནུ་(རོ་ཚ་ལ་མངར་ཞིང་ཞི་རྗེས་བསིལ། ནུས་པས་གཉན་ནད་སོགས་ཚ་གྲང་གཉིས་ཀའི་ནད་རྣམས་ཐུར་དུ་སྦྱོང་བར་བྱེད་པའི་སྨན་གྱི་རྩ་ལྡུམ་ཞིག་ཡིན།) སྣོད་གཙང་མ་ཞིག་གི་ནང་དུ་ཁུ་བ་ཕབ་སྟེ་གར་སླ་རན་པར་བྱས་ནས་འབྲི་དགོས། ཀློག་པའི་སྐབས་མཚུར་གྱི་ཆུ་ཚོས་གདན་བླུགས་པའི་ཆུ་ལ་སྦངས་ན་ཡི་འབྲི་རྣམས་གསལ་པོར་མངོན་ཐུབ། དེའི་ཕྱིར་མི་རྣམས་ཀྱིས་གསང་འཕྲིན་འདི་ལ་ཆུ་ཡིག་ཅེས་བྱ་ཞིང༌། མཚོན་བྱེད་དུ་ཆུའི་ས་བོན་’ལྦམ་’ཡིག་གམ་མིང་གཞི་’ཆ་’འབྲི་སྲོལ་ཡོད་དེ། འདི་ལ་བརྟེན་ནས་ཀློག་མཁན་གྱིས་ཆུ་ཡིག་ཡིན་པར་ངེས་དགོས།
༣༽ མེ་ཡིག་ནི།
ཚྭའམ་བུལ་ཏོག་གང་རུང་སྣོད་གཙང་མར་ཆུ་དྭངས་མ་ནང་བླུགས་ཏེ་དཀྲུགས་རྗེས་ཆུ་དེས་འབྲི་དགོས། འདི་ལྕགས་སྨྱུག་གིས་བྲིས་ཀྱང་རུང་བར་གསུངས། ཀློག་པའི་སྐབས་མེ་ཁྲོལ་གྱི་ངོས་སུ་ཤོག་བུ་དེ་ཉིད་ནག་པོ་མ་གྱུར་བར་དུ་བསྲོས་ན།ད་གཟོད་ཡིག་འབྲི་རྣམས་མངོན་ཐུབ། འདི་མེ་ཁྲོལ་སོགས་ཀྱི་ངོས་སུ་བསྲོལ་པའི་སྐབས་རྫ་ནོག་སོགས་ཀྱིས་གོས་ན་ཡིག་འབྲུ་མི་གསལ་བར་འགྱུར་བས་སྟབས་གཟབ་དགོས། གོང་གསལ་རྒྱུ་མཚན་ལ་བལྟས་ནས་མི་རྣམས་ཀྱིས་འཕྲིན་ཡིག་འདི་རིགས་ལ་ ‘མེ་ཡིག་’ཅེས་བྱ་ཞིང༌། མཚོན་བྱེད་དུ་ཡིག་སྐོགས་ཐོག་’རམ་’’དང’’་མ’ གང་རུང་འབྲི་སྲོལ་ཡོད། དེ་ལ་བརྟེན་ནས་ཀློག་མཁན་གྱིས་འདི་ཉིད་མེ་ཡིག་ཡིན་པ་མཁྱེན་དགོས།
༤ ༽རླུང་ཡིག་ནི།
སྲོག་ཆགས་གྲུམ་པ་དང་བྱིའུ་གང་རུང་གི་མཁྲིས་པའི་ཁུ་བ་དཀའ་སླ་རན་པར་བྱས་ཏེ་འབྲི་དགོས། ཡི་གེ་ཀློག་དུས་ཤོག་བུ་དེ་ཉིད་རླུང་ངམ་རླུང་འཁོར་གྱི་ཁར་སྐར་ཆ་འགའག་ཞིག་འཕྱར་ནས་ཀློག་ན་ཡིག་འབྲུ་གསལ་པོར་མཐོང་ཐུབ། དེའི་ཕྱིར་མི་རྣམས་ཀྱིས་ཡི་གེ་འདི་ལ་རླུང་ཡིག་ཅེས་བྱ་ཞིང༌། མཚོན་བྱེད་དུ་ཡིག་སྐོགས་ཐོག་རླུང་གི་ས་བོན་’ཨ་’དང་མིང་གཞི་’ར་’གང་རུང་འབབྲི་སྲོལ་ཡོད། འདི་ལ་བརྟེན་ནས་ཀློག་པ་པོས་རླུང་ཡིག་པར་ཤེས་དགོས།
༥༽ མཁའ་ཡིག་ནི།
མར་ཁུའི་ནང་ཀ་ར་དང་སྦྲང་རྩི་གང་རུང་མང་ཉུང་རན་པར་བླུགས་ནས་དཀྲུགས་རྗེས། དེས་སྣག་ཚར་བྱས་ནས་འབྲི་དགོས། ཀློག་པའི་སྐབས་ཁང་པ་ནག་ཁུངས་དང་། ཡང་ན་མཚན་མོ་ལྟ་བུར་གློག་དང་ཞུན་མར་གྱི་འོད་ལ་ཤོག་བུ་དེ་ཉིད་རྒྱབ་བརྟེན་ནས་ཤོག་བུའི་གྲིབ་ནག་གུག་སའི་ཕྱོགས་ནས་ཕར་ཀློག་ན་ཡིག་འབྲུ་རྣམས་མངོན་ཐུབ། རྒྱུ་མཚན་དེར་བརྟེན་མི་རྣམས་ཀྱི་འདི་ལ་སྣུམ་ཡིག་གམ་ནམ་མཁའི་ཡི་གེ་ཟེར་ཞིང༌། མཚོན་བྱེད་དུ་ཡིག་སྐོགས་ལ་ནམ་མཁའི་ས་བོན་’ཁ་’དང་ཡང་ན་ ‘ན་’ ཡིག་འབྲི་སྲོལ་ཡོད། གཟབ་དགོས་པ་ཞིག་ལ་ཤོག་བུ་སྟེབས་རྩིག་བྱེད་དུས་ཡི་གེ་བྲིས་ཡོད་སའི་ཐད་ལ་སྟེབས་རྩིགས་མི་ཐེབས་པར་བྱེད་དགོས། ད་དུང་གསང་བའི་ཡིག་སྐུར་རྣམ་གཞག་མང་དུ་ཡོད་ཀྱང༌། དེང་ཆར་ལག་ལེན་དུ་བསྟར་དཀའ་བས་དོར་ལ། འདི་ཡབ་ཆེན་དམ་པའི་ཞལ་ལུང་བཞིན་བཀོད་པར་ལགས་སོ།།
མང་མང་གསང་བའི་ཡིག་སྐུར་རྣམ་གཞག་ལས།།
ཉུང་ཉུང་ཉེ་མཁོ་འགའ་ཞིག་འདིར་བཀོད་པས།།
གསལ་གསལ་བློ་མིག་ཡངས་པའི་གཞོན་སྐྱེས་རྣམས།།
མཁས་མཁས་ཤེས་བྱའི་མཛོད་ལ་དབང་འབྱོར་ཤོག།།
རྒྱ་གར་ལྷོ་ཕྱོགས་བློ་གསལ་རྩོམ་སྒྲིག་ཁང་ནས་༩༦ ཟླ་༡༡ ཚེས་༡༥ལ།