ཁྲི་རལ་པ།
ནམ་རྒྱུན་ང་ཚོ་ལ་ཁ་བྱང་དུ་སོང་བ་ནི་བོད་མི་སྐྱབས་བཅོལ་བ་ཚོ་འདྲ་འདྲའི་ནང་གི་མ་འདྲ་བ་ཅིག་ཡིན་པ་དེ་རེད། འདས་པའི་མི་ལོ་ལྔ་བཅུ་ལ་ཕྱིར་མིག་བལྟས་ན་རྩ་བའི་ང་ཚོ་གང་འཚམས་ཡར་རྒྱས་སུ་ཕྱིན་ཡོད་ཅིང་། འཛམ་གླིང་གི་སྐྱབས་བཅོལ་བའི་སྤྱི་ཚོགས་གཞན་ཚོ་དང་བསྡུར་ན་གང་འཚམས་མ་འདྲ་བ་ཅིག་ཡིན་པ་དངོས་ཡོད་གནས་ཚུལ་རེད། འོན་ཀྱང་མི་འདྲ་བ་ཙམ་གྱིས་ཁྱད་པར་དུ་འཕགས་པའི་ངེས་པ་མེད། འཛམ་གླིང་འདིའི་ནང་རྒྱལ་ཁབ་གཞན་གྱི་སྐྱབས་བཅོལ་བ་མང་པོ་ཡོད་ཁོངས་ནས་རེ་རེ་ལ་དམིགས་ཡུལ་མི་འདྲ་བ་ཡོད་པས་གནས་ཚུལ་ཡང་མི་འདྲ་བར་གྱུར་ཡོད། དཔེར་ན། རྒྱ་མི་དང་རྒྱ་གར་པ་ཀི་སི་ཏན།བྷང་ལ་ཏེ་ཤེ་ལྟ་བུའི་མི་རིགས་ནུབ་ཕྱོགས་དུ་སྐྱབས་བཅོལ་མཁན་མང་པོ་ཅིག འཚོ་བའི་མཐུན་རྐྱེན་ཡག་རུ་འགྲོ་བར་སྐྱབས་བཅོལ་དུ་ཡོང་བ་དང་།ཤྲི་ལིངྒའི་ཏ་མེལ་སྐྱབས་བཅོལ་བ་མང་པོ་ཅིག་མི་རིགས་ཀྱི་ཐོབ་ཐང་མེད་དྲག་རྐྱེན་སྐྱབས་བཅོལ་དུ་ཡོང་བ།ཡུ་གུར་བ་སོགས་རང་བཙན་འཐབ་རྩོད་ཀྱི་ངོ་བོར་ཡོད་པ་དང་། རྒྱ་མི་ཁག་ཅིག་མང་གཙོའི་འཐབ་རྩོད་ཆེད་སྐྱབས་བཅོལ་དུ་ཡོང་བ།སོ་རེ་ཡ་དང་ཨེ་རག་སོགས་ཀྱི་སྐྱབས་བཅོལ་བ་མང་པོ་ནང་འཁྲུག་ལ་གཡོལ་ཐབས་སུ་ཡོང་བ་དང་། ཨ་ཧྥི་རི་ཀའི་སྐྱབས་བཅོལ་བ་མང་པོ་ཅིག་ཆོས་ལུགས་ཐལ་སྤྱོད་དང་སྲིད་དབང་སྒེར་འཛིན། དབུལ་ཕོངས་བཅས་ལ་གཡོལ་ཐབས་སུའང་མང་པོ་ཡོང་གི་ཡོད་རེད།
གང་ལྟར་དེ་ཚོ་ཚང་མར་བལྟས་དུས་ང་ཚོས་གཞན་ལ་རྟག་པར་ངོམས་སོ་བྱེད་བཞིན་པ་དེ། བོད་པ་ཚོར་སྐྱབས་བཅོལ་གཞུང་དང་ཟུར་དུ་སློབ་གྲྭ་ཡོད་པ། དགོན་སྡེ་ཁག་མང་པོ་ཡོད་པ་དང་གཞིས་ཆགས་ཁག་ཡོད་པ་སོགས་ནི་ང་ཚོ་གཞན་དང་མི་འདྲ་བར་བཟོ་བྱེད་ཀྱི་ལག་ཆ་ཡག་ཤོས་ཡིན། རེད་དེ། གཞུང་འདི་ནི་སྔ་མོའི་དགའ་ལྡན་ཕོ་བྲང་གི་རྒྱུན་བསྲིངས་བསྡད་པ་ཙམ་དང་། སློབ་གྲྭ་ཁག་ནི་རྒྱ་གར་སྲིད་བློན་དང་པོ་ནེ་རུས་མཛུབ་སྟོན་བྱས་པ། དགོན་སྡེ་གྲྭ་ཚང་ཁག་ནི་བོད་ནང་གི་གྲྭ་བ་མང་པོ་བཙན་བྱོལ་དུ་འབྱོར་བས་དགོན་སྡེ་རྙིང་པ་ཚོ་རྒྱུན་བསྲིངས་བསྡད་པ་དེ་རེད།
སྤྱིར་བོད་མིའི་གཤིས་རྒྱུད་ན་གསར་གཏོད་ལ་མི་དགའ་བའི་རྣམ་འགྱུར་ཆེན་པོ་ཡོད་པ་ནི་སྔར་མེད་གསར་སྤྲོས་ཞེས་མི་འདོད་པ་ཆེན་པོ་བྱེད་པ་དེས་མཚོན་ནུས་མོད། ཡ་མཚན་པ་ཅིག་ལ་བོད་མི་ཚོ་སྤྲེའུ་ནང་བཞིན་ཕན་ཚུན་ལད་མོ་བྱེད་པར་ཤིན་ཏུ་དགའ། སྔོན་མ་དང་བསྡུར་ན་ད་ཆ་ང་ཚོའི་སྤྱི་ཚོགས་ལ་འགྱུར་བ་ཆེན་པོ་དང་རྣམ་པ་གསར་པ་སྣ་ཚོགས་ཤིག་མཐོང་རྒྱུ་ཡོད་པ་དངོས་ཡོད་གནས་ཚུལ་རེད་དེ། དེ་ཚོ་ནི་འཛམ་གླིང་སྤྱིའི་འཕྲུལ་ཆས་གསར་བརྗེ་དང་ཚོང་ལས་ཡར་རྒྱས། ཆ་འཕྲིན་སྟབས་བདེ་རུ་སོང་བ་སོགས་ཀྱིས་དབང་མེད་དུ་ང་ཚོའང་དེ་ནང་དྲུད་སོང་བ་ཅིག་མ་གཏོགས། ང་རང་ཚོའི་འཇོན་ནུས་དམིགས་བསལ་འཐོན་པ་འདྲ་གང་ཡང་མ་མཐོང་།
ང་ཚོ་བཙན་བྱོལ་བོད་མིར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི། མི་གཅིག་གིས་ཚོང་ཁང་བཙུགས་ན་ཚང་མས་དེ་ལ་ལད་མོ་བྱེད་པ་དང་། མི་གཅིག་གིས་ཇ་ཁང་བཟུང་ན་ཚང་མས་དེ་ལྟར་ཨེ་ཡོང་བལྟ། ཡང་མི་གཞན་ཅིག་ཕྱི་རྒྱལ་ལ་ཕྱིན་ན་ཚང་མ་ཕྱི་རྒྱལ་དུ་འཚང་ཁ་བརྒྱགས་ངེས། དེ་ལྟར་སྤྲེའུས་ཤིང་ཏོག་བཏུས་པ་ལྟ་བུའི་གཤིས་སྤྱོད་དེས་མི་ཚེ་ལ་གྲུབ་འབྲས་ཁྱད་པར་ཅན་སྟོན་རྒྱུ་ཡོད་པ་ཉུང་ཉུང་ཡིན། དེ་ཚོ་ནི་གཞི་རྩ་རང་གིས་ཕུགས་རྒྱང་རིང་པོ་མཐོང་མ་ཐུབ་པ་དང་གདེང་ཚོད་མེད་པ། རང་གི་གནས་བབ་ངོ་མ་ངོས་འཛིན་མ་ཐུབ་པར་ལན་པོ་ཡོད་པ་མ་ཟད། འགག་རྩ་ཐུག་ས་སོ་སོའི་ས་ནས་རང་གི་གནས་ཚོད་ལ་དཔག་པ་དང་རང་གི་གཤིས་ཀ་དང་མཐུན་པའི་ཤེས་ཚད་ཡར་རྒྱས་བཏང་སྟེ། གསར་གཏོད་དང་མདུན་སྐྱོད་བསམ་བློ་གཏན་ནས་མེད་པས་ལན་པ་རེད།
ང་ཚོས་མི་ལོ་ལྔ་བཅུ་རིང་སོ་སོའི་ངོས་ནས་འགྱུར་བ་གསར་པ་ཅིག་བཏང་བ་ནི། བཙན་བྱོལ་གཞུང་གི་ཆབ་སྲིད་ལམ་ལུགས་༧གོང་ས་སྐྱབས་མགོན་ཆེན་པོའི་དགོངས་པ་བཞིན། མང་གཙོའི་ལམ་ལུགས་སུ་བསྒྱུར་བ་དེ་ཙམ་ལས་ཕལ་ཆེར་སྟོན་རྒྱུ་མེད་ཅིང་། དེ་ཡང་དུས་རབས་ཀྱིས་མ་ཡོང་ཐབས་མེད་འགྱུར་བ་ཅིག་ཡིན་པ་༧གོང་ས་ཆེན་པོས་སྲིད་སྐྱོང་ཁྲི་འདོན་ཉིན་གསལ་བཤད་གནང་ཡོད། ཧ་ཅང་ཆེ་ས་རག་ས་ནས་བཤད་ན། ང་ཚོས་མི་ལོ་ལྔ་བཅུ་ལྷག་རིང་རྒྱ་གར་ནང་སྐྱབས་བཅོལ་དུ་བསྡད་བཞིན་དུ། རྒྱ་གར་དུ་བསྡད་ཆོག་གི་ཆོག་མཆན་ཙམ་མ་གཏོགས། རྒྱ་གར་གྱི་ཁྲིམས་མཐུན་སྐྱབས་བཅོལ་བའི་ངོ་བོ་དང་ཐོབ་ཐང་ད་དུང་མེད་པར་ལུས་ཡོད་པས། རིག་གཞུང་ཚོགས་པ་དེ་འདྲའི་ངོ་བོའི་སྟེང་དེབ་སྐྱེལ་གྱི་གཞུང་དེའང་རྒྱ་གར་ནང་སྲིད་དོན་གཡོ་འཁྱོམ་ཅུང་ཟད་བྱུང་ཚེ། ཉེན་ཁའི་ནང་ཚུད་ངེས་ཡིན་པར་ཐེ་ཚོམ་བྲལ།
འདི་འདྲ་གནད་འགག་གང་ཆེ་སར་ཡར་རྒྱས་མེད་པ་དང་དཀའ་ངལ་མང་པོ་ཡོད་པ་ཡོངས་རྫོགས། ང་ཚོར་ལད་མོ་བྱེད་རྒྱུ་མ་གཏོགས་གསར་གཏོད་བྱེད་མི་ཤེས་པས་ལན་པ་རེད། དཔེར་ན། ཕྱི་རྒྱལ་ཁག་ནས་གཞུང་འབྲེལ་ཡིན་མིན་ཀུན་ལ་རོགས་ཚོགས་ཁག་གིས་ཟབ་སྦྱོང་གི་རོགས་དངུལ་མང་པོ་ཅིག་ཕུལ་བཞིན་པ་རྣམས། རྒྱ་གར་ནང་རྟག་པར་འགོ་ཁྲིད་ཟབ་སྦྱོང་ཆེད་གཏོང་གི་ཡོད། དེ་འདྲ་ཁྱད་མཚར། བོད་མི་ཚང་མ་དཔོན་པོ་བྱས་ན་འབངས་མི་སུས་བྱེད་རྒྱུ་རེད། སེམས་ཅན་ཁམས་དང་མོས་པ་སྣ་ཚོགས་པ་གསུངས་པ་བཞིན། མི་ཚོར་ཆུང་དུས་ནས་བཟུང་གཤིས་སྤྱོད་དང་དགའ་ཕྱོགས། རིག་པའི་རྣོ་ཕྱོགས་མི་འདྲ་བར་ཡོད་པས། ཆུང་དུས་ནས་དེར་བསྟུན་བསྐྱེས་བསྲིང་དང་ནུས་སྟོབས་སྤེལ་རྒྱུ་ཧ་ཅང་གིས་གལ་ཆེན་ཡིན་ནའང་། ང་ཚོར་སློབ་གྲྭ་ཁག་ཟུར་དུ་ཡོད་པ་ཙམ་ལས་ལོ་ལྔ་བཅུའི་སྔོན་ནས་བཟུང་ད་ལྟར་བར་དུ། ཨིན་ཇིའི་རྒྱ་གར་ལ་བཟོས་པའི་ཤེས་ཡོན་སྲིད་ལག་བསྟར་ལ་འགྱུར་བ་གཏོང་ཐུབ་མེད་ལ། འཁོར་ཡུག་དང་དགེ་རྒན། སློབ་དེབ་སོགས་གང་ཐད་ནས་ཀྱང་མཐུན་རྐྱེན་དེ་འདྲ་བསྐྲུན་ཐུབ་མེད་སྟབས། སློབ་ཕྲུག་ཚོ་དར་མའི་གནས་སྐབས་སུའང་ལད་ཟློས་བྱེད་པ་དང་མྱུར་ལམ་འཚོལ་བ། སླ་བཅོས་བྱེད་པ་དང་འཆར་ཅན་དུ་འགྲོ་བ་ཙམ་མ་གཏོགས། ལས་ཀ་གང་ཅིའི་སྟེང་ནས་ནུས་པ་ལྡན་པ་དང་འབུར་དུ་འཐོན་པ། གསར་པ་དང་ཕུགས་འཕེར་པོ་ཡོང་གི་མེད་པ་རེད།
དེ་བས་ང་ཚོ་བཙན་བྱོལ་སྤྱི་ཚོགས་འདི་ངོ་མ་འདྲ་འདྲའི་ནང་གི་མི་འདྲ་བ།གཞན་ལས་ཁྱད་འཕགས་ཅན། བོད་ཕྱི་ནང་གཉིས་ཀར་ཕན་ཁྱད་འདོན་ཐུབ་པ་དང་། ང་རང་ཚོའི་གནས་སྟངས་དང་འཐབ་རྩོད་གང་ཅིར་འགྱུར་བ་གསར་པ་ཅིག་འགྲོ་འདོད་ཡོད་ན། ང་ཚོའི་སྤྱི་ཚོགས་གསར་གཏོད་གང་མང་ཡོང་དགོས་ཀྱི་ཡོད་ལ། གསར་གཏོད་ཡོང་བར་མི་སོ་སོའི་གཤིས་ཀ་དང་འཇོན་ནུས་ལ་དཔག་སྟེ་བསམ་བློ་གཏོང་དགོས་ཤིང་། དེའིའང་རྨང་གཞི་སློབ་གྲྭ་ཁག་ནང་གི་གཞི་རིམ་ཤེས་ཡོན་ལམ་ལུགས་ནས་འགྱུར་བ་བཏང་སྟེ། ཕྲུ་གུའི་གཤིས་ཀ་དང་མཐུན་པའི་རིགས་ལམ་ཡར་རྒྱས་ཀྱི་མཐུན་རྐྱེན་གང་དགོས་སྦྱར་དགོས་པ་ལས། ཕྲུ་གུ་ཚོར་བཙན་དང་ཨུ་ཚུགས་ཀྱིས་དགེ་རྒན་ཟོག་པོ་རྐྱང་གིས་ཉི་མ་འཁྱོལ་ཐབས་བྱས་ན། སྡུག་ས་ནས་བཤད་ན་ཕྲུ་གུའི་མི་ཚེ་འཕྲོ་བརླག་བཏང་གི་ཡོད་པ་ཤེས་དགོས་པ་རེད།
སུད་ཚོང་ཞེས་གྲགས་པའི་གྱོན་ཆས་འཚོང་དུ་འགྲོ་སྲོལ་དེ་ཚོ་ལ་ངེས་པར་དུ་ཆིག་སྒྲིལ་དང་། ཉམས་མྱོང་བརྗེ་རེས། གཞི་རྒྱ་སྐྱེད་ཐབས་ལྟ་བུ་རེ་བྱས་ན་ཡར་རྒྱས་འགྲོ་ངེས་ཅན་རེད། མ་གཞི་ང་ཚོའི་དབུ་ཁྲིད་ཚོ་བླ་མ་ཡིན་སྟབས་དཔལ་འབྱོར་གྱི་གནད་དོན་ལ་ཐུག་དུས་སྦྱིན་བདག་འཚོལ་བ་མ་གཏོགས་མི་ཤེས་པས་མི་མང་ལ་བྱ་མིག་ཡར་ལྟ་བྱ་ས་མེད་པས་ལན་པ་ཡིན་ན་ཡང་སུས་ཤེས།
ཕྱི་རྒྱལ་ལ་འགྲོ་སྲོལ་དེ་རྒྱ་ཆེ་ས་ནས་བལྟས་ན་ཐབས་སྡུག་ཤོས་ནང་གི་སྡུག་ཤོས་རེད། ཕྱི་རྒྱལ་ལ་སྐྱེས་པའི་བོད་རིགས་ནང་ན་བོད་སྐད་ཤེས་མཁན་བརྒྱ་ཆ་གཅིག་ཀྱང་ཡོད་མེད་མི་ཤེས། ཕྱི་རྒྱལ་ལ་འགྲོ་བ་དེས་མི་ཡར་རྒྱས་ལ་འགྲོ་སྲིད་པ་རེད་མོད་མི་རིགས་སམ་སྤྱི་ཚོགས་ཡར་རྒྱས་ལ་མི་འགྲོ་བ་གཏན་ཁེལ་རེད།
དེ་ནས་སྤྱིར་ན་རྒྱལ་བ་རིན་པོ་ཆེས་ཚན་རིག་ཚན་རིག་ཅེས་མ་ཎི་འདོན་འདོན་མཛད་ཀྱིན་ཡོད་མོད། ཚན་རིག་གི་ཁེ་ཕན་ངོ་མ་ལག་ལེན་ཏུ་བསྟར་ཐུབ་པ་འཕྲོད་རྟེན་དང་། ཁོར་ཡུག་སྲུང་སྐྱོབ། སྣོད་བཅུད་ཆ་ཆ་སྙོམས་རྒྱུན་གནས། ཐོན་ཁུངས་སྲུང་སྐྱོབ་སོགས་སྐོར་ལ་བཀའ་སློབ་དེ་ཙམ་གནང་ཐུབ་གིན་མི་འདུག
དེ་ལྟར་ངས་གོང་དུ་བཤད་པའི་དོན་ཚན་དེ་དག་ནི་འདིར་རྩོམ་པ་པོ་མཆོག་གིས་གསུངས་པ་བཞིན་བོད་མིས་གསར་བཏོད་མི་ནུས་པའི་སྐོར་ལ་བསམ་ཚུལ་ཐོལ་བྱུང་མ་ཁ་ཤས་ཞུས་པ་ཙམ་ཡིན།
སྤྱིར་ན་དྲང་པོར་བཤད་ན་བཙན་བྱོལ་ཁྲོད་དུ་གསར་བཏོད་ཁ་ཤས་བྱས་ཡོད་པ་རེད། དེ་དག་ནི། གཅིག་དེ་ད་ཡོད་བཙན་བྱོལ་བོད་གཞུང་གི་དམངས་གཙོའི་སྒྲིག་འཛུགས་འདི་རེད། འདི་ལ་ཆོས་རྒྱུད་ཀྱི་སྤྱི་འཐུས་དང་ཆོལ་ཁའི་སྤྱི་འཐུས་སོགས་ཡོད་པ་ཅུང་དམིགས་བསལ་བ་ཞིག་རེད། རང་བཙན་མེད་སྟབས་དམངས་གཙོའི་གོ་མ་ཆོད་པ་མ་གཏོགས་རང་བཙན་ཡོད་ན་དམངས་གཙོ་དམིགས་བསལ་བ་ཞིག་ཡིན་ཡིན་པ་རེད།
གཉིས་ནི། སྐད་ཡིག་སྐོར་ལ་ཁ་སྐད་དང་སྔར་ཡོད་ཡིག་སྐད་ཟུང་དུ་འབྲེལ་བའི་གསར་འགྱུར་འདོན་པ་དང་། དེབ་རྩོམ་པ་སོགས་ཁ་སྐད་དང་ཡིག་སྐད་བར་ཐག་ཅུང་ཐུང་དུ་བཏང་འདུག་སྙམ།
གསུམ་པ་ཞིག་ནིཤ་ཤེས་ཡོན་སློབ་སྦྱོང་སྤྲོད་སྟངས་སྐོར་ལ་གསར་བཏོད་ཡིན་མིན་མི་ཤེས་མོད་གང་ལྟར་རྒྱ་གར་གྱི་སློབ་གྲྭའི་ཤེས་ཡོན་སྤྲོད་སྟངས་དེའི་སྟེང་ལ་བོད་ཡིག་དང་ནང་ཆོས་སོགས་ཡོད་པ། བོད་འབྲེལ་དུས་ཆེན་གུང་སེངས་སོགས་ཀྱང་ཡོད་པ་དེ་འདྲའི་ཅུང་མ་འདྲ་བ་ཞིག་བཟོས་འདུག དེ་ཚོ་གསར་བཏོད་ཀྱི་བཟོ་འདྲ་བོ་རེད་བསམ།
བོད་པ་གསར་གཏོད་པ་དང་གསར་རྗེས་བ་མང་པོ་ཞིག་ལྔ་བཅུ་ང་བརྒྱད་ལ་སླེབས་ཚར་བ་རེད། ཚང་མས་ཡོད་པ་དེ་ཞིག་ནས་མེད་པར་བཏང་བ་རེད། ཧ་ཧ་ཧ།
ད་ཡང་གསར་གཏོད་པ་དང་གསར་རྗེས་བ་ཡོད་མདོག་དང་དགོས་མདོག་བཤད་ཀི་ཡོད་པ་འདྲ། ཨོཾ་མ་ཎི་པ་དྨེ་ཧཱུྃ། ད་ཁྱེད་ཚོ་ཡག་པོ་བྱས་ནས་བཞུགས་སྡོད། ཧ་ཧ་ཧ།
རང་དབང་གཙང་མ་ཞིག་རག་པ་ཡིན་ན། བོད་ཕྱི་ནང་གཉིས་ཀ། ཡག་ཐག་ཆད་རེད། ག་རེ་དགོས་བ་དེ་ཡོད་ཐག་ཆོད་རེད། མ་ཁོ་མ་ལོ་ཚོ། མཁས་མདོག་བསྟན་ནས་སྡུག་མདོག་བཤད་ཀི་་མ་འདུག་ལོ། ཧ་ཧ་ཧ།
རང་གི་ཡུལ་ལུང་གི་གནམ་གཤིས། ཐོན་ཁུངས། ཆོས་དང་ལེགས་བྱང་། སྐད་ཡིག་ཁྱིམ་མཚེས་དང་བསྟུན་ནས་གསར་གཏོད་བྱེད་དགོས་པ་ལས། ཚང་མ་པེ་ཅིང་དང་། ནའུ་ཡོརྐ་ལ་དཔེ་བྱས་ན། སྨྱོན་པ་རེད།
ཁྱེད་རྣམ་པ་སྐུ་ཁམས་བཟང་།
ང་རང་དྲྭ་རྒྱའི་ཐོག་མཉམ་ཞུགས་བྱེད་པ་ཐིངས་དང་པོ་ཡིན། རྣམ་པ་ཚོས་བོད་མི་ཡིས་གསར་གཏོད་དགོས་ཚུལ་ཕན་ཚུན་བཀའ་བསྡུར་ལེགས་པོ་གནང་བ་མཇལ་ནས་དགའ་པོ་ཞེ་དྲག་བྱུང་ཞུ་རྒྱུ་ཡིན།