གཤོག་ཐོགས། རོང་བོ་ཐང་དཀར་གྱིས་འོས་སྦྱོར་བྱས།
དུས་རབས་ཉེར་གཅིག་པ་ནི་ང་ཚོས་ཁ་གཅིག་གྲག་གིས་ཆ་འཕྲིན་དང་ལག་རྩལ། ཚན་རིག་དང་དཔལ་ཡོན་སོགས་སྣ་སྒོར་མོ་ནས་ཡར་རྒྱས་གོང་འཕེལ་དང་དར་བ་རྩེར་སོན་པའི་དུས་རབས་ཤིག་ཡིན་པར་འུར་སྒྲོག་བྱེད་ཀྱིན་ཡོད་ལ། དེ་དང་དུས་མཉམ་དུ་མི་སུ་ཡིན་ཡང་མཁོ་ཆས་དང་འགྲོ་འདུག་གང་གི་ཐད་ནས་ཀྱང་རྙོག་འཛིང་ནས་སྟབས་བདེ་དང་། སྣ་གཅིག་ནས་སྣ་མང་རང་བཞིན་ལྡན་པའི་དུས་ཀྱི་རླུང་ཤུགས་ཆེན་པོའི་འཕེལ་འགྱུར་འོག་ནས་གནའ་རབས་བཤད་ཏེ་འདུག་ལོང་མེད་པར་འཇིག་རྟེན་གསར་བའི་གྲུ་ཟུར་གང་རུང་ན་རང་ནུས་ལ་དཔག་པའི་མཁའ་དབུགས་གསར་བ་རེ་རྒུམ་ཅི་ཐུབ་ལ་འབད་ཀྱིན་ཡོད།
དུས་རབས་འདིའི་རླབས་རྒྱུན་དྲག་པོས་མི་རིགས་དང་ཡུལ་ལུང་། རྒྱལ་མཚམས་སོགས་ཀྱི་དབྱེ་བ་མེད་པར་ཐམས་ཅད་རྟོགས་དཀའ་བའི་བརྡ་འཕྲིན་གྱི་དུས་རབས་སམ་ཡོད་ཚད་མགྱོགས་མྱུར་ལྡན་པའི་གློག་འོད་ཀྱི་འཇིག་རྟེན་གང་དེར་སྤུར་གྱིན་པ་དང་། བོད་མི་ཚོ་ཡང་ཚ་རླབས་འདིའི་བཞུར་རྒྱུན་ཁྲོད་ན་སྲོལ་རྒྱུན་ལ་ཕྱིར་མིག་འཕེན་གྱིན་གོམ་པ་འཁྱར་འཁྱོར་གྱིས་མདུན་སྐྱོད་བྱེད་ཀྱིན་པའི་བཟོ་འདྲ་བོ་ཡིན།
ལྷག་པར་བོད་ཀྱི་སྐད་ཡིག་ཀྱང་ལག་རྩལ་སྔོན་ཐོན་དང་བྱེད་ནུས་ཁྱད་མཚར་ལྡན་པའི་དུས་རབས་འདིའི་ཐོན་རྫས་གྲགས་སྙན་ཅན་ཏེ། རྩིས་འཁོར་དང་ཁ་པར་རྩེ་གྲས་སོགས་སུ་གང་འདོད་འདོད་དུ་སྤྱོད་ཐུབ་པ་བྱུང་བ་འདིས་ཀྱང་ཉག་ཕྲ་བའི་བོད་ཀྱི་རིག་གནས་ལ་དབུགས་རྒྱུན་གསར་བ་ཞིག་མཐུད་ཡོད་པ་མ་ཟད། ང་ཚོར་རེ་བ་དང་སྙིང་སྟོབས་གསར་བ་ཞིག་ཀྱང་བསྐྲུན་ཡོད་པ་ལྟ་ཅི་སྨོས། ཚུལ་འདི་ནི་མ་མཐའ་ཡང་བོད་དང་བོད་ཀྱི་སྐད་ཡིག་གང་ལ་མཚོན་ན། ཆ་འཕྲིན་དང་དཔལ་ཡོན་ལྡན་པའི་དུས་རབས་འདིར་མི་རིགས་གཞན་དག་དང་འདྲ་བར་མཉམ་ཞུགས་བྱས་པའི་མཚོན་རྟགས་དམིགས་བསལ་བ་ཞིག་ཡིན་ངེས་པས། འདིའི་ཐད་ནས་ང་ཚོས་སྤོབས་པ་བསྐྱེད་པ་དང་དགའ་འབོད་བྱེད་འོས་པ་ཙམ་ཅི་ལ་མིན།
འོན་ཀྱང་། བོད་ཡིག་ནི་རྩིས་འཁོར་དང་ཁ་པར་ནང་དུ་སྤྱོད་རུང་བ་ཙམ་གྱིས་ས་ཆོད་ཆེན་པོ་མི་ཡོང་སྟབས། རབ་བྱུང་ན་དེང་སྐབས་ཆར་རྗེས་ཀྱི་ཤ་མོ་རྡོལ་བ་ལྟ་བུའི་གསར་བྱུང་མཉེས་ཆས་སྣ་མང་གི་ནང་དུ་ཡང་ས་མཚམས་དང་བཀག་རྒྱ་མེད་པར་བཀོལ་སྤྱོད་ཐུབ་པ་ཞིག་ངེས་པར་དགོས་མོད། ད་ལྟ་ནང་རྒྱལ་དུ་མཉེན་ཆས་ཁྲི་ཁྲི་འབུམ་འབུམ་ཡོད་པ་ལས་ཅུང་རྒྱུག་ཆེ་བའི་སྐད་འཕྲིན་དང་པོད་འཕྲིན་ལྟ་བུ་རེ་གཉིས་ཀྱིས་མ་གཏོགས་བོད་ཡིག་ལ་གཏན་ནས་རྒྱབ་སྐྱོར་དང་ངོས་ལེན་ཐོབ་ཀྱིན་མེད་པའི་ཚུལ་འདི་ནི་ཅི་འདྲའི་ཡིད་སེམས་ཕངས་པ་ལ།
བྱེད་ནུས་སྣ་མང་ལྡན་པའི་གསར་ཐོན་གྱི་མཉེན་ཆས་འདྲ་དང་མི་འདྲ་བ་ཕལ་ཆེ་བས་བོད་ཡིག་ལ་རྒྱབ་སྐྱོར་བྱེད་པ་ཕར་ཟད། ཐ་ན་“བོད་ཡིག་ནི་སྤྱོད་རུང་བའི་ཡིག་རིགས་ཀྱི་ཁོངས་སུ་མི་གཏོགས་”ཞེས་མཐའ་གཅིག་ཏུ་བོད་ཡིག་ལ་དམའ་འབེབས་དང་ཟུར་ཟ་ཁོ་ན་བྱས་ཡོང་སྐབས། སེམས་སུ་ཚོད་ཚོད་ལ་མི་འདོད་བཞིན་དུ་ཡིད་ཆད་བློ་ཕམ་གྱི་མིག་ཆུ་ནག་པོ་དེ་དབང་མེད་དུ་ལྷུང་འོང་།
དེ་ལས་ཀྱང་ཡིད་སེམས་ཐང་ལ་ལྷུང་འགྲོ་བའི་སྣང་ཚུལ་ཡ་ང་བ་ཞིག་ནི། གསར་དར་མཉེན་ཆས་འགའ་ཤས་ཀྱི་ནང་དུ་བོད་ཡིག་བཀོལ་སྤྱོད་བྱས་ཚེ། ཁྲིམས་འགལ་དང་སྒྲིག་འགལ་བྱས་སོང་ཟེར་བའི་ཉེན་བརྡ་སྙིང་ལ་གཟན་པ་རེ་ཚོད་མེད་དུ་བསྒྲགས་ཡོང་བ་དེ་རེད།
སྤྱིར་ང་ཚོའི་སྐད་ཡིག་ནི་རྩིས་འཁོར་དང་ཁ་པར་གྱི་ཡིག་རིགས་གྲས་སུ་བདམས་ཐོན་བྱུང་ཟིན་པའི་ཁུལ་འདྲ་བོ་ཡིན་ཡང་། དེང་སྐབས་རྒྱུག་ཆེ་བའི་མཉེན་ཆས་མང་ཤོས་ཀྱིས་བོད་ཡིག་ལ་དམིགས་བསལ་བཀག་འགོག་བྱེད་པ་དང་། བོད་ཡིག་སྤྱོད་པ་ནི་ཁྲིམས་འགལ་རང་དུ་བརྩི་བཞིན་འདུག་པའི་ཚུལ་འདི་བསམ་ན། དབུགས་རྒྱུན་ཆད་ལ་ཁད་ཀྱི་ཉམ་ཐག་པའི་བོད་ཡིག་ནི་སྔར་བཞིན་ཅི་འདྲའི་སྙིང་རྗེ་བའི་གནས་སུ་ལྷུང་ཡོད་པ་ལ་ཨང་།
མ་འོངས་པར་བོད་ཡིག་ནི་དུས་རབས་ཀྱི་འཕེལ་འགྱུར་དང་མཐུན་ཞིང་བོད་པའི་འཚོ་བར་མེད་དུ་མི་རུང་བའི་མཁོ་ཆས་ཤིག་ཏུ་འགྱུར་དགོས་ན། མིའི་རིགས་ལ་ལུས་དང་གྲིབ་མ་བཞིན་དུ་འབྲལ་ཐབས་མེད་པའི་སྔོན་ཐོན་གྱི་འཕྲུལ་ཆས་ཁྱད་མཚར་ཅན་ཏེ། རྩིས་འཁོར་དང་ཁ་པར་སོགས་སུ་བཀོལ་སྤྱོད་ཡོད་པ་ཙམ་དུ་མ་ཟད། གསར་དར་མཉེས་ཆས་གང་ཡོད་ཐམས་ཅད་ཀྱིས་བོད་ཡིག་བཀོལ་སྤྱོད་ལ་བཀག་རྒྱ་མི་བཟོ་ཞིང་བོད་ཡིག་ལ་ཁྲིམས་མཐུན་གྱི་ཁོར་ཡུག་ཅིག་ངེས་པར་སྤྲོད་ཐུབ་བྱ་དགོས་པ་དེ་ཡིན། མ་གཏོགས་ང་ཚོས་བོད་ཡིག་ཅན་གྱི་ཁ་པར་ལག་ལ་ཐོགས་པ་ཙམ་ལས། བོད་ཡིག་བཀོལ་སྤྱོད་ཀྱི་ཁྱབ་ཁུངས་སྔར་བཞིན་ཧ་ཅང་གུ་དོག་པ་ཀུན་གྱིས་ཤེས་གསལ་ལྟར་རེད།
དཔེར་ན། གལ་སྲིད་དེང་སྐབས་ཆེས་རྒྱུག་ཆེ་བའི་མཉེན་ཆས་གྲགས་སྙན་ཅན། སྐད་འཕྲིན་དང་པོད་འཕྲིན་ལྟ་བུས་ཀྱང་བོད་ཡིག་ལ་རྒྱབ་སྐྱོར་ཐོབ་མེད་རྒྱུའི་དབང་དུ་བཏང་ན། ད་ནི་ང་ཚོའི་ཁ་པར་དུ་བོད་ཡིག་ཡོད་པས་ཅི་བྱ། ཨང་གྲངས་སོགས་ལ་བོད་ཡིག་གཏགས་པ་དང་འཕྲིན་ཐུང་རེ་ཟུང་བོད་ཡིག་གིས་བྲིས་པ་ཙམ་ལ་ས་ཆོད་ཅི་ཞིག་ཡོད། དེ་ཙམ་གྱིས་བོད་ཡིག་སྲུང་སྐྱོབ་དང་དར་རྒྱས་སུ་གཏོང་བར་རྔོ་ཇི་ཙམ་ཐོག་སྲིད།
ཚད་དེ་འདྲར་ལྷུང་ཚར་ན་བོད་ཡིག་ལ་དུས་རབས་དང་བསྟུན་པའི་འཕོ་འགྱུར་གཏོང་མ་ནུས་པའི་རྟགས་མཚན་མངོན་གསལ་དོད་པོར་སླེབས་པ་ཡིན་པས། སྐབས་དེར་ང་ཚོས་ཤ་ཚ་སྙིང་ཉེ་ཡོད་མདོག་དང་རིགས་ཞེན་ཆེ་མདོག་ཁ་བོས་སྐད་ཡིག་དར་སྤེལ་ལ་ཇི་ཙམ་འབད་ཀྱང་རེ་འབྲས་ནི་སྟོང་བ་ཉག་གཅིག་ཡིན་པ་རྗེས་སུ་དཔོག་ཐུབ།
དེ་ལྟ་ན། དེང་དུས་ཆེས་དགའ་བསུ་ཐོབ་ཀྱིན་པའི་སྐད་འཕྲིན་ལྟ་བུས་བོད་ཡིག་ལ་ངོས་ལེན་མེད་ཚེ། བོད་ཡིག་གི་མདུན་ལམ་ལ་ས་སྤུངས་པ་ལྟ་བུའི་ཉེས་སྐྱོན་སྣ་ཚོགས་ཤིག་འབྱུང་བ་ངེས་པ་དེ་བཞིན་དུ། ད་ཆ་རྒྱུག་ཆེ་བའི་གསར་བྱུང་མཉེན་ཆས་མང་བོས་བོད་ཡིག་ལ་རྣམ་འགྱུར་ཡག་པོ་རང་མི་སྟོན་པའི་ཉེན་ཚབས་འདིས་ཀྱང་། མ་འོངས་པར་བོད་ཀྱི་སྐད་ཡིག་ལ་སྔར་མེད་པའི་གོད་ཆགས་གནམ་ལ་མི་ཤོང་བ་ཞིག་བསྐྱེད་ངེས་པར་གདོན་མི་ཟ། སྐབས་དེར་ཐབས་རྡུགས་ན་ཁ་བ་གངས་རིའི་ལྗོངས་སུ་ཡང་ཡིག་རིགས་གཞན་གྱིས་བོད་ཡིག་གི་གོ་ཐོབ་འཕྲོག་ཡོད་ཀྱང་སྲིད།
ཞོལ་ནས་དཔེ་མཚོན་ཙམ་དུ་དེང་སྐབས་རྒྱུག་ཆེ་ཞིང་བོད་ཡིག་ལ་ངོས་ལེན་དང་རྒྱབ་སྐྱོར་མེད་པའི་མཉེན་ཆས་རེ་ཟུང་ངོ་སྤྲོད་ཙམ་བགྱིས་པ་ཡིན་ན།
མཉེན་ཆས་འདི་ལ་མཚོན་ན་གསར་བྱུང་གི་རྩོམ་པ་པོ་དང་རྩོམ་པ་པོ་རྒན་རབས་པ་ཡིན་ན་ཡང་འདྲ། གཞན་སློབ་གྲྭ་བ་དང་ལས་རིགས་སྣ་ཚོགས་སུ་གཏོགས་པའི་ཡི་གེ་བ་མང་བོས་ཆེས་དགའ་བསུ་འཐོབ་ཀྱིན་པའི་རྩོམ་ཡིག་གསར་རྩོམ་དང་སྦྱོང་བསྡར་བྱེད་སའི་སྟེགས་བུ་གལ་ཆེན་ཞིག་ཡིན། འདི་ལ་བྱེད་ནུས་ཁྱད་མཚར་བ་མང་བོ་ཡོད་ཅིང་འཛད་སྤྱོད་པར་དགོས་མཁོ་གང་ཡོད་ལྟར་མཉེན་ཆས་གཞན་དག་དང་བསྡུར་ན་གསར་གཏོད་དང་སྔོན་ཐོན་གྱི་ཁྱད་ཆོས་མང་ལ་བཀོལ་སྤྱོད་རང་བཞིན་ནི་ཧ་ཅང་སྟབས་བདེ་བོ་བཟོས་ཡོད།
རེད་དེ། ཟླ་ངོ་ཁ་ཤས་ཀྱི་སྔོན་ནས་བཟུང་བོད་ཡིག་སྤྱོད་པར་བཀག་རྒྱ་བཟོས་ཤིང་བོད་རྩོམ་མཐའ་དག་སྙིགས་སྒམ་དུ་གཡུག་ཅི་ཐུབ་ལ་འབད་ཀྱིན་འདུག གལ་སྲིད་བོད་ཡིག་སྤྱད་པ་ཡིན་ན་“མཉེན་ཆས་འདིའི་སྒྲིག་ཁྲིམས་དང་འགལ་སོང་ཞེས་”ཉེན་བརྡ་མགོ་ན་བ་རེ་འཕྲོ་རིམ་འཕྲོར་བསྒྲགས་ཡོང་བས་འདི་ཡང་བོད་ཡིག་ལ་ངོ་དཀར་པོ་ཞིག་རྩ་བ་ནས་མི་སྟོན་པའི་གྲས་ཡིན།
ཧི་མ་ལ་ཡ་ཞེས་པའི་མཉེན་ཆས་འདི་ནི་ཚང་མས་ཤེས་གསལ་ལྟར་སློབ་ཁྲིད་དང་གཏམ་བཤད། བཞད་གར། གྱེར་འདོན། སྒྲོག་འདོན། བཤད་པ་སོགས་མདོར་ན་སྐད་ཆའི་སྒྱུ་རྩལ་ངོམ་སའི་གར་སྟེགས་རྫིག་པོ་འདྲ་ཞིག་ཡིན་ལ། བྱེད་ནུས་ཀྱི་ཆ་ནས་ཀྱང་ཡོད་ཚད་འཛོམས་བསྡད་ཡོད་མོད། ཞན་ཆ་སྙིང་གཟེར་བ་ཞིག་ཡོད་པ་ནི། བོད་ཡིག་རིག་ས་ན་མེད་པ་ཕར་ཞོག ཐ་ན་བོད་སྐད་ཙམ་ཡང་གོ་མི་ཉན་པར་བོད་དང་འབྲེལ་བ་ཡོད་ཚད་ཐན་ལྟས་ཤིག་ཏུ་མཐོང་བའི་གྲས་སུ་གཏོགས།
མཉེན་ཆས་འདི་ལ་དེང་སྐབས་ན་གཞོན་ཚོས་གསར་དུ་དགའ་མོས་བྱེད་པའི་ཚ་རླབས་ཤིག་འཕྱུར་གྱིན་འདུག འདི་ལ་གཙོ་བོ་ཐད་གཏོང་བྱེད་པ་དང་བརྙན་ཐུང་ལེན་པ། སྒྲ་ལྡན་གྱི་པར་རིས་ཁྱད་མཚར་བ་མང་བོ་བཅོས་བསྒྱུར་འདྲ་མིན་བྱས་ཏེ། བརྒྱུད་བཀོད་གནང་བ་སོགས་ཀྱི་བྱེད་ནུས་སྣ་ཚོགས་ཤིག་མཆིས་ཞིང་། བོད་པ་རྒྱ་དགའ་ཚོས་བོད་ཡིག་ལས་རྒྱ་ཡིག་ཆལ་ཆོལ་ཙམ་ཤེས་པ་གཟི་བརྗིད་དུ་མཐོང་བ་དང་དེ་ནི་དུས་རབས་ཀྱི་རྗེས་ཆོད་པའི་མཚོན་རྟགས་དམིགས་བསལ་བ་ཞིག་ཏུ་རློམ་ཏེ། མཉེན་ཆས་འདིའི་སྟེང་ལ་རྒྱ་ཡིག་ཁ་ཆག་སྣ་རལ་ཙམ་སྤེལ་གྱིན་ཡིད་སེམས་སྤྲོ་བས་ཚིམས་ཡོད་མོད། བོད་ཡིག་སྤྱོད་རྒྱུར་དགའ་བ་ཚོས་གནས་འདི་ནས་ཡུ་མུག་དང་ཕངས་སེམས་བསྐྱར་མ་ཙམ་ལས་ཅི་ཡང་མི་རྙེད་པའི་ཚོད་ཡིན། རྒྱུ་མཚན་མཉེན་ཆས་འདིས་ཀྱང་བོད་ཡིག་ནི་འགོས་ནད་ཇི་བཞིན་རིང་དུ་སྤངས་པས་སོ།།
མཉེན་ཆས་འདི་ནི་ང་ཚོའི་འཚོ་བའི་ཆ་ཤས་ལྟ་བུར་ཏུ་གྲུབ་ཚར་ཡོད་པས་འདི་ལ་ཁྱད་ཆོས་དང་བྱེད་ནུས་ཅི་ཞིག་ལྡན་མིན། འདིས་ང་ཚོའི་འཚོ་བའི་དགོས་མཁོ་གང་ཞིག་སྐོང་ཐུབ་མིན་ནི། ཁག་མཐིལ་གྱི་རི་མོ་བཞིན་དུ་ཚང་མས་མཁྱེན་གསལ་ལྟར་ན་ངས་སྤྲོས་བཤད་ཀྱི་ངལ་བ་དེ་བརྟེན་དགོས་མི་འདུག སྤྱིར་མཉེན་ཆས་འདི་སྔོན་ཆད་ནས་དར་ཁྱབ་ཆེ་ཞིང་དགོས་མཁོའི་རང་བཞིན་ལྡན་པ་ཞིག་ཡིན་མོད། ད་བར་དུ་བོད་ཡིག་ལ་བཟུང་བའི་རྣམ་འགྱུར་བཙན་མཁྲེགས་ཅན་དེ་བསྒྱུར་མྱོང་མེད་ལ། བོད་ཀྱི་འཛད་སྤྱོད་པ་གང་མང་གི་དགོས་མཁོ་ཤེས་བཞིན་དུ་བོད་ཡིག་རྡོག་རོལ་དུ་གཏོང་བའི་སྦྱོར་བ་སྔར་བཞིན་རྩོམ་གྱིན་གདའ།
སྒྲ་འཇུག་མཉེན་ཆས་འདིས་ལོ་ངོ་དུ་མར་བོད་ཡིག་ལ་ཁ་ངོ་སྤྲད་ཅིང་རྒྱབ་སྐྱོར་ཏོག་ཙམ་གནངས། རྗེས་སུ་རྒྱུ་རྐྱེན་ཅི་ཡིན་ཆ་མ་འཚལ་མོད། ཁོ་བ་ཚོར་རླུང་ལངས་སྟངས་ཤིག་གིས་བོད་ཡིག་ནི་བཙན་གྱིས་ནག་ཁོང་དུ་དེད་འདུག འདི་དང་འདིའི་རིགས་ཀྱིས་བོད་ཡིག་ལ་མཐོང་ཆུང་དང་དམའ་འབེབས་བྱས་པ་མང་དྲགས་པས། ད་ལྟ་ཡིན་ན་བོད་སྐད་ཀྱི་གཏམ་བཤད་དང་། འཆད་ཁྲིད་སོགས་སྒྲ་འཇུག་བྱེད་སའི་མཉེས་ཆས་ལེགས་ཤོས་གཅིག་ཀྱང་མེད་པའི་ཚོད་དུ་འདུག
བོད་སྐད་ཀྱི་གཏམ་བཤད་དང་འཆད་ཁྲིད་ཀྱི་སྒྲ་འཇུག་ཕལ་ཆེ་བ་དུམ་ཚན་མང་ཞིང་དུས་ཡུན་ཐུང་བ། ཉན་མི་བདེ་ཞིང་ཤོང་ཚད་མང་བོ་གཅོད་པ། ཐད་ཀར་འཛུབ་གནོན་བྱས་པས་མི་གྲག་པར་ཕབ་ལེན་བྱེད་དགོས་པ་སོགས་ཀྱི་གནད་དོན་གང་མང་ལྷག་ཡོད་པ་འདི། མདོར་ན་དེད་ན་འདི་དག་གིས་མཚོན་པའི་གསར་བྱུང་མཉེས་ཆས་མང་བོས་བོད་ཡིག་ལ་ཐོབ་འོས་པའི་ཁོར་ཡུག་དེ་སྣང་མེད་དུ་བཅོམ་པ་དང་བོད་ཡིག་སྤྱོད་པ་ནི་སྒྲིག་ཁྲིམས་དང་འགལ་ཞིང་ནག་ཉེས་འབའ་ཞིག་ཏུ་མཐོང་བའི་བྱས་འབྲས་ཉག་གཅིག་ལས་མ་འདས།
ཁོ་བ་ཚོས་དམིགས་ཡུལ་དང་ཀུན་སློང་ག་འདྲ་ཞིག་གི་དབང་གིས་བོད་ཡིག་གཞི་མེད་དུ་བཅོམ་རྩིས་དང་རྩ་བརླག་ཏུ་གཏོང་འདོད་ཀྱི་སྦྱོར་རྩུབ་ཅི་འདྲ་བརྩམས་ཀྱང་། ང་ཚོའི་ངོས་ནས་སོ་སོའི་ཕ་སྐད་མ་ཡིག་ལ་སྔར་ལས་ལྷག་པའི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལྗོངས་གསར་བ་ཞིག་འཚོལ་རྒྱུ་དང་། རང་གི་རིག་གནས་གང་དེ་དུས་བསྟུན་བཅོས་བསྒྱུར་བྱེད་ཐབས་སུ་འབད་པ་ནི་མ་བཅོལ་ཕྲག་ཏུ་བབས་པའི་འགན་འཁྲི་དེ་ཅིས་ཀྱང་ཡིན་ངེས།
གོང་སྨོས་ཀྱི་མཉེས་ཆས་དེ་དག་ནི་དཔེ་མཚོན་ཙམ་ཡིན་ལ། ད་དུང་འདིར་མ་འདུས་པའི་གསར་བྱུང་མཉེས་ཆས་བརྒྱ་ཕྲག་མང་བོས། བོད་ཡིག་ལ་བརྙས་བཅོས་དང་མཐོང་ཆུང་གི་རྣམ་པས་འགྲམ་ལྕག་ཚ་བེར་བ་རེ་གཞུ་ཀྱིན་ཡོད་པ་ནི་ཚང་མར་ཁ་གསལ་གཏིང་གསལ་ཡིན་སྟབས། བག་འཁུམས་འཐོམས་སྦྲིད་ཀྱི་ངང་ན་གཉིད་དུ་ཡུར་བའི་ང་ཚོ་ཡང་ད་ནི་སད་རན་པ་མ་ཡིན་ནམ།
དེར་བརྟེན། བརྒྱ་བཤད་ཚིག་གི་རྩ་བ་མདོར་དེད་ན། ཆུ་མ་ཡོང་གོང་གི་རགས་ཞེས་པའི་དཔེ་ལྟར་ད་ལྟ་ཉིད་ནས་ང་ཚོས་སྟོབས་ཤུགས་ཡོད་རྒུ་རྩལ་སྤུག་གིས་བོད་ཡིག་ལ་རྒྱབ་སྐྱོར་ཐོབ་ཀྱིན་མེད་པའི་གཉེན་ཆས་གསར་བ་དེ་དག་གི་འབྲེལ་ཡོད་ལས་ཁུངས་སོགས་སུ་བོད་ཡིག་ལ་ངོས་ལེན་དང་རྒྱབ་སྐྱོར་བྱེད་པར་རེ་འདུན་ཞུ་བ་དང་། བོད་ཡིག་བཀོལ་སྤྱོད་ཀྱི་ཁེ་དབང་གཙང་མ་ཞིག་སྟེར་བར་ཚུལ་མཐུན་གྱིས་བསམ་འཆར་ལྷུག་པོ་འདོན་རྒྱུ་དེ་ང་ཚོས་ཆེས་སྒྲུབ་འོས་པའི་ཁ་ཚ་དགོས་གཏུགས་ཀྱི་དོན་གནད་ཉག་གཅིག་ཡིན་པར་ངོས་ཟིན་ཡོད་དགོས་པ་དེའོ།།
དྲ་གྲོགས་སོ་སོའི་ངོས་ནས་ཀྱང་ཕྱར་བ་གྲུ་འདེགས་ཀྱི་དཔེ་ལྟར། བོད་ཡིག་སྤྱོད་པ་ནི་ཁྲིམས་འགལ་རང་དུ་མཐོང་བཞིན་པའི་གསར་བྱུང་མཉེན་ཆས་ཁག་ལ། བོད་ཡིག་རང་ལ་དབང་བའི་ས་ཁུངས་ཕྱིར་སྤྲོད་དང་། བོད་ཡིག་བཀོལ་སྤྱོད་ཀྱི་ཁེ་དབང་གཙང་མ་ཞིག་སྟེར་བར་རེ་ཞུ་དང་བཅས་བསམ་འཆར་མང་ཙམ་འདོན་པར་རེ་སྐུལ་ནན་གྱིས་ཞུའོ།།
༄༅། འཛམ་གླིང་ཡིག་རིགས་ཀྱི་ཡང་རྩེ། བོད་ཀྱི་ཡེ་གེ་དེ་མཐོང་ཚེ།
དྲིན་ཆེན་ཐོན་མི་ཡི་བཀའ་དྲིན། དྲན་ནས་མིག་ཆུ་ཞིག་ཤོར་སོང།
མེས་པོའི་མཛད་རྗེས་ཀྱི་རྡོ་རིང། མཐོང་ཚེ་འཛམ་གླིང་གི་འཁོར་བསྒྱུར།
ཁྲི་སྲོང་སྡེ་བཙན་གྱི་བཀའ་དྲིན། དྲན་ནས་མིག་ཆུ་ཞིག་ཤོར་སོང།
ཕེ་རིང་བཏབ་ནས་ཅི་ཕན། གདམ་ཀ་གཉིས་ཡོད། གཅིག་ནི་མཉེན་ཆས་འདི་རིགས་ཁྲིམས་ལ་གཏུག་དགོས། གཅིག་ནི་རང་ཉིད་ཀྱིས་བོད་ཡིག་ཅི་འདོད་དུ་བཀོལ་ཐུབ་ཅིང་བཀོལ་ཆོག་པའི་མཉེན་ཆས་གསར་པ་བཟོ་དགོས། དེ་མིན། གནའ་ཞིག་ལ། རྒྱ་རྒན་ཞིག་འུ་ཐུག་ནས། རང་ལ་བུ་ཞིག་མེད་ན། རྒྱ་མོའི་བུས་ཕན་མི་ཐོགས་ཀི་ཟེར་བ་དེ་དང་ཅི་ཁྱད། རང་རེའི་བོད་ཀྱི་ཁ་དཔེ་ལའང་། བྱི་ལ་གཡར་མས་ཙི་ཙི་མི་སོད་ཟེར་བ་མིན་ནམ། སྡུག་སྐད་བརྒྱབ་ནས་ཡོང་རྒྱུ་སྐར་མ་གང་ཡང་ཡོད་ནི་མ་རེད།