གནས་ཚུལ་མཁོ་གཏོང་བ། བོད་རང་བཙན་སློབ་ཕྲུག་ཚོགས་པ།
ལྡི་ལི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོར་བོད་དོན་ཆེད་སྤེལ་བའི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་གྲུབ་མཚམས། འཛམ་གླིང་གི་ས་ཕྱོགས་གང་སར་གནས་པའི་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་སྲིད་འཛིན་དང་སྲིད་བློན་ཁག་ལ་བརྙན་པར་གྱི་ལམ་ནས་བོད་དོན་ཆེད་འཛམ་གླིང་གི་དབུ་ཁྲིད་ཚོས་ངེས་པར་དུ་མཉམ་རུབ་ཐོག་ཕྱག་ལས་འགོ་འཛུགས་གནང་དགོས་སྐོར་གྱི་དགོེེས་འདུན་བཏོན་ཡོད་ལ། བརྙན་པར་གྱི་ལམ་ནས་བཟོས་པའི་རེ་སྐུལ་ཞུ་འབོད་གྲངས་༡༢༠་ལྷག་གྲུབ་ཚར་ཡོད། ད་ལྟའི་བོད་ནང་གི་གནས་སྟངས་ཉིན་རེ་ལས་ཉིན་རེར་ཛ་དྲག་ཅན་དུ་འགྱུར་བཞིན་ཡོད་ལ། བོད་ནང་གི་རྒྱལ་གཅེས་དཔའ་བོ་༩༥་ལྷག་ཙམ་གྱིས་རང་ལུས་མཆོད་མེར་ཕུལ་ནས་རྒྱ་ནག་གི་གདུག་རྩུབ་ཀྱི་སྲིད་ཇུས་ལ་ངོ་རྒོལ་བྱས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ངོས་ནས་བོད་མིའི་སེམས་ནང་གི་རེ་འདོད་ཁག་ལ་ཉན་འཇོག་དང་དང་ལེན་བྱེད་རྒྱུའི་ཚབ་ཏུ། བོད་ཀྱི་ས་ཆ་ཡོངས་རྫོགས་དྲག་དམག་ཅན་དུ་བསྒྱུར་ནས་སྐབས་བབ་ཀྱི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་བཏང་དང་གཏོང་མུས་ཡིན་ལ། རྒྱ་ནག་གཞུང་གི་མེ་ཐོག་སྣུམ་བླུགས་ཀྱི་བྱེད་ལས་ཁག་ནི་བོད་ནང་གི་ད་ལྟའི་་རང་ལུས་མེར་བསྲེགས་ཀྱི་རྒྱུ་རྐྱེན་ཁོ་ན་ཡིན་པ་ཕྱི་གསལ་ནང་གསལ་ཡིན།
དེ་ཡང་ཟླ་འདིའི་ཚེས་༥་ཉིན། ཞི་ཅིན་ཕིན་གྱིས་སྣེ་ཁྲིད་པའི་ད་ལྟའི་པེ་ཅིན་གཞུང་གི་འགོ་ཁྲིད་ཚོས་ “མི་སུ་ཞིག་གིས་རས་ལུས་མེར་བསྲེགས་བྱེད་པར་ངན་སྐུལ་བྱེད་པའམ་རོགས་འདེགས་བྱེད་པ་འཇུ་བཟུང་བྱས་ཚེ་མི་དེར་མི་གསོེད་ལག་དམར་གྱི་ཉེས་འགེལ་བྱ་རྒྱུའི་ཡིན་”སྐོར་གྱི་བསྒྲགས་གཏམ་སྤེལ་ནས་ཁོང་ཚོའི་མཁྲེགས་འཛིན་གྱི་སྲིད་བྱུས་དང་ལངས་ཕྱོགས་གསལ་སྟོན་བྱས་ཡོད།
ཟླ་སྔོན་མ་གཅིག་པུར་ཆ་བཞག་ན་བོད་ནང་གི་བོད་མི་༢༨་ལྷག་གིས་རང་ལུས་མེར་བསྲེགས་བཏང་ནས་བོད་ནང་གི་དངོས་ཡོད་གནས་སྟངས་སྔར་ལས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་གོ་ལ་ཧྲིལ་པའི་ཁྱོན་ལ་གསལ་སྟོན་བྱས་ཡོད་ལ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོའི་གོ་སྐབས་དེ་དམ་བཟུང་བྱས་ནས་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཁྲི་སྟོང་མང་པོས་འཛམ་གླིང་གི་ས་ཕྱོགས་གང་སར་བོད་མིའི་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་ཁྲོད་ཆ་ཤས་བླངས་ནས་འཛམ་གླིང་གི་དབུ་ཁྲོད་ཚོས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་བབ་ཐོག་ལ་ཁ་ཞེ་གཉིས་མེད་ཀྱི་ལས་འགུལ་དོན་ཐོག་ལ་སྨིན་པ་ཞིག་དང་ལག་ལེན་འཁྱོལ་བ་ཞིག་ངེས་པར་དུ་སྤེལ་དགོས་པའི་དགོས་འདུན་ནན་མོ་བཏོན་ཡོད། ལྷག་པར་དུ་རྒྱ་གར་ནང་བོད་དོན་ལས་འགུལ་བ་ཚོའི་ངོས་ནས་༢༠༡༢་ལོའི་ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་མཁན་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་དང་རྒྱ་གར་གྱི་སྲིད་བློན་མན་མོཧན་སཱན་མཆོག་གིས་རྒྱལ་སྤྱིའི་མཉམ་སྦྲེལ་གྱི་བོད་དོན་ལས་འགུལ་ཁྲོད་དུ་ཞུགས་ནས་ཚང་མས་མཉམ་རུབ་ཐོག་རྒྱ་ནག་གཞུང་ལ་གནོན་ཤུགས་འཕར་མ་སྤྲད་པའི་ཐོག་ད་ལྟའི་བོད་ནང་དུ་སྤེལ་བཞིན་པའི་རྒྱ་ནག་གཞུང་གི་གདུག་རྩུབ་ཀྱི་སྲིད་ཇུས་མཇུག་སྒྲིལ་བྱེད་དུ་འཇུག་དགོས་པའི་རེ་འབོད་བཏོན་ཡོད་ལ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་ཚོས་རྒྱ་གར་གྲོས་ཚོགས་འཐུས་མི་དང་། ཆེད་ལས་མཁས་པ། གསར་འགོད་པ། སློབ་ཕྲུག བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་བཏོན་པའི་འབོད་སྐུལ་གྱི་བརྙན་པར་གྲངས་༥༠་ལྷག་ཙམ་རྒྱ་གར་གྱི་སྲིད་བློན་ཡིག་ཚང་ལ་སྐྱེལ་བ་མ་ཟད། སྲིད་བློན་མཆོག་འཛམ་གླིང་གི་དབུ་ཁྲིད་ཁག་གི་བོད་དོན་རྒྱབ་སྐྱོར་གྱི་མཉམ་འབྲེལ་ལས་གཞི་ཁྲོད་མཉམ་ཞུགས་གནང་བའི་རེ་སྐུལ་ནན་མོ་ཞུས་ཡོད།
“ཧ་ཅང་ཐབས་སྡུག་པའི་གནས་སྟངས་ཤིག་གི་ཁྲོད་དུ་མི་ཚོས་རང་ལུས་མེར་བསྲེགས་གཏོང་དགོས་པའི་ཚད་ལ་སླེབས་པ་ནི་ངོ་མ་བློ་ཡུལ་ཤོང་དཀའ་བ་ཞིག་ཡིན་མོད། འོན་ཀྱང་རྒྱ་ནག་གཞུང་གི་བཙན་དབང་འོག་གནས་པའི་དེ་རིང་གི་བོད་མི་ཚོར་ཆ་མཚོན་ན་དེ་ནི་དངོས་ཡོད་ཀྱི་གནས་ཚུལ་རང་ག་བ་ལྟ་བུ་ཞིག་ཆགས་ཡོད་”ཅེས་ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་གཞི་རིམ་འབྲེལ་མཐུད་པ་སཱ་ར་ཧག་ལགས་ཀྱིས་བརྗོད་སོང་། ད་དུང་ཁོ་མོས་མུ་མཐུད་ནས། “བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་གྱུར་བའི་དུས་སྐབས་འདིར་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་དང་སྲིད་བློན་མན་མོཧན་སཱིན་མཆོག་གཙོས་འཛམ་གླིང་གི་དབུ་ཁྲིད་ཚང་མའི་མཉམ་འབྲེལ་རང་བཞིན་ལྡན་པའི་ཕྱི་འབྲེལ་གྱི་ཐེ་བྱུས་ངེས་པར་དགོས་ལ། ངའི་རྒྱལ་ཁབ་རྒྱ་གར་གྱིས་དུས་ད་ལྟའི་བར་དུ་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཐད་ལ་བརྗོད་ཚིག་ཅིག་ཀྱང་མ་སྤེལ་བར་ཁུ་སིམ་མེར་བཞུགས་པར་ང་རང་རྒྱ་གར་གྱི་མི་སེར་ཞིག་ཡིན་པའི་ཆ་ནས་ཧ་ཅང་སེམས་སྐྱོ་བོ་བྱུང་། རྒྱལ་ཚོགས་རང་བཞིན་གྱི་མཉམ་འབྲེལ་ལས་འགུལ་ནི་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཐུབ་པའི་ནུས་སྟོབས་ཅན་གྱི་ལམ་ཁ་ཡག་ཤོས་དེ་ཡིན་ལ། ལམ་ཁ་དེ་བརྒྱུད་ནས་བོད་ནང་གི་ད་ལྟའི་ཡིད་སྐྱོ་བའི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེ་གང་མགྱོགས་མཚམས་འཇོག་བྱེད་ཐུབ་ངེས།”ཞེས་བརྗོད་སོང་།
ཟླ་འདིའི་ཚེས་༡༢་ཉིན་ཨ་རིར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་ཨ་རིའི་ནང་གི་བོད་པའི་ཚོགས་སྡེ་འདྲ་མིན་གྱི་ཚོགས་མི་ཁག་ཨ་རིའི་གྲོགས་ཚོགས་ཀྱི་ཚོགས་མི་༤༢༠་ལྷག་གི་ལས་ཁུངས་སུ་བཅར་ནས་ཁོང་ཚོའི་ངོས་ནས་ཨ་རིའི་གྲོགས་ཚོགས་ཀྱི་ཚོགས་མི་ཧྥི་རན་ཁི་་བོལ་ཧྥུ་དང་ཇེམ་སི་་མེད་ཁི་གྷ་བིན་གཉིས་ཀྱིས་སྲིད་འཛིན་ཨོ་བྷ་མ་མཆོག་ལ་བོད་དོན་ཆེད་རྒྱལ་མང་རང་བཞིན་གྱི་མཉམ་འབྲེལ་རུ་ཁག་ཅིག་རྩ་འཛུགས་བྱེད་པར་བཏོན་པའི་དགོས་འདུན་ཞུ་ཡིག་དེའི་ཐོག་ལ་རྒྱབ་སྐྱོར་གྱི་མཚན་རྟགས་བསྐྱོན་པར་རེ་སྐུལ་ཞུས་ཡོད་པ་མ་ཟད། བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོའི་ངོས་ནས་སྲིད་འཛིན་ཨོ་བྷ་མ་མཆོག་ལ་བཏོན་པའི་བརྙན་པར་གྱི་འབོད་སྐུལ་ཞུ་ཚིག་ཁག་༥༠་ཙམ་སྲིད་འཛིན་མཆོག་བཞུགས་གནས་ཀྱི་ཕོ་བྲང་དཀར་པོའི་ཉེ་འགྲམ་དུ་གློག་བརྙན་གྱི་ཚུལ་དུ་མི་མང་ཚོར་བསྟན་ཡོད། ད་ལྟའི་ཆར་བོལ་ཧྥུ་དང་ཇེམ་སི་་མེད་ཁི་གྷ་བིན་གཉིས་ཀྱི་དགོས་འདུན་ཞུ་ཡིག་དེའི་ཐོག་ཨ་རིའི་གྲོགས་ཚོགས་ཚོགས་མི་༤༢་ལྷག་གིས་མཚན་རྟགས་བསྐྱོན་ཚར་ཡོད་ལ། ལས་འགུལ་དེ་མུ་མཐུད་ནས་མཇུག་སྐྱོང་གནང་མུས་ཡིན་འདུག ལས་འགུལ་དེའི་སྐོར་ལ་བརྙན་པར་གྱི་ལམ་ནས་ཞིབ་ཕྲ་གཟིགས་འདོད་ཚེ་འབྲེལ་ཐག་https://www.youtube.com/watch?feature=player_embedded&v=Y1LpEoK_GFs#!འདིའི་ཐོག་ལ་བསྣུན།
“ཨ་རི་དང་། ཡོ་རོབ་མཉམ་འབྲེལ་མཐུན་ཚོགས། ཁེ་ན་ཌ། འཇར་མན།ཧྥ་རན་སི། ཕོ་ལན་ཌི། སིད་སི། ཇེག་སྤྱི་མཐུན་རྒྱལ་ཁབ་བཅས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་བོད་ནང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་ངོས་ལེན་དང་དེའི་ཐོག་ལ་བཟང་ཕྱོགས་ཀྱི་གོམ་པ་སྤོ་དགོས་པའི་དགོས་འདུན་བཏོན་ཡོད། བོད་རྒྱལ་ཁབ་དང་བཅས་པ་ཤི་གསོན་གྱི་དུས་སྐབས་སུ་སླེབས་པའི་ད་ལྟའི་ཛ་དྲག་གི་དུས་སྐབས་འདིར་རྒྱ་གར་གཞུང་གི་ངོས་ནས་གོ་མེད་ཚོར་མེད་ཀྱི་བརྟུལ་ཞུགས་སྤངས་ནས་བོད་དོན་ཐད་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་བྱེད་རྒྱུ་ནི་ད་ལྟའི་དུས་ཀྱི་གལ་གནད་ཆེ་ཤོས་དེ་ཆགས་འདུག” ཅེས་རྒྱ་གར་རྒྱལ་ཡོངས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་བསྟན་འཛིན་འཇིགས་བྲལ་ལགས་ཀྱིས་བརྗོད་སོང་། ཁོས་མུ་མཐུད་ནས་ “རྒྱ་ནག་གཞུང་གི་ཐོག་ལ་ཕན་ནུས་ལྡན་པའི་གནོན་ཤུགས་ཤིག་སྤྲོད་པ་ལ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཕྱི་འབྲེལ་གྱི་ཐེ་བྱུས་ནི་སྐབས་བབ་ཀྱི་གདམ་ག་ཉག་ཅིག་ཡིན།” བརྗོད་སོང་།
ད་དུང་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་གཉིས་ཀྱིས་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ངོས་ནས་བོད་དོན་ལ་སྔར་ལས་ལྷག་པའི་རྒྱབ་སྐྱོར་དང་འགན་ཁུར་བཞེས་གནང་ཡོང་བའི་དམིགས་བསལ་ཞུ་ཡིག་ཅིག་ཀྱང་ཕུལ་ཡོད་ལ། ཞུ་ཡིག་དེའི་ནང་། “ད་ལོ་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་དེ་ཉིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེ་བའི་འཛམ་གླིང་ནང་སྐད་གྲགས་ཆེ་བའི་ནོལ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་མཁན་གྱི་གྲས་སུ་ཚུད་འགྲོ་གི་ཡོད། བོད་ནང་གི་ད་ལྟའི་ཆབ་སྲིད་ཀྱི་གནས་སྟངས་དེ་ཕྱི་ལོ་༡༩༨༩་ལོ་དང་བསྡུར་ན་ཆེས་རྣོ་ངར་ཅན་དུ་ཡོད་ནའང་།༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ཆ་མཚོན་ན་ནོལ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་ནས་ལོ་ངོ་ཉེར་གསུམ་འཁོར་བའི་དུས་སྐབས་འདིར་ད་དུང་ཡང་རང་ཉིད་ཀྱི་ཕ་ཡུལ་དུ་ཞི་བདེ་དང་ལྷིང་འཇགས་བསྐྲུན་རྒྱུའི་འཆར་སྣང་དེ་མངོན་འགྱུར་ཡོང་བར་ངང་སྒུག་བྱས་ནས་བསྡད་ཡོད། དེ་བས་རྒྱལ་སྤྱིའི་སྥྱི་ཚོགས་ཧྲིལ་པོའི་ངོས་ནས་ངེས་པར་དུ་བོད་མི་རིགས་ཉིད་ད་ལྟའི་གཉན་འཕྲང་གི་གནས་བབ་འདི་ལས་ངེས་པར་དུ་སྐྱོབ་དགོས་ལ། ལྷག་པར་དུ་ང་ཚོས་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ངོས་ནས་རྒྱལ་མང་མཉམ་སྡེབ་ཀྱི་ནུས་ཤུགས་ཁྲོད་དཀའ་རྙོག་ཅི་རིགས་སྔོན་འགོག་དང་སྟངས་འཛིན་བྱེད་པའི་སོ་སོའི་ལངས་ཕྱོགས་དང་ཁས་ལེན་དམ་བཅའ་གཞིར་བཞག་ཐོག་ད་ལྟའི་བོད་ཀྱི་དཀའ་རྙོག་སེལ་བར་རྒྱལ་མང་རང་བཞིན་གྱི་མཉམ་འབྲེལ་རུ་ཁག་རྩ་འཛུགས་ཀྱི་སྣེ་ཁྲིད་བྱེད་པའི་རེ་ལྟོས་བྱེད་ཀྱི་ཡོད།་ཅེས་གསལ་བོར་འཁོད་ཡོད།
བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་མི་ཚོའི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ནས་ལས་འགུལ་འདྲ་མིན་རྩོམ་གྱིན་ཡོད། ང་ཚོ་ནི་ལས་འགུལ་པ་དང་གཞོན་སྐྱེས་མི་སྣས་གྲུབ་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་པ་ཞིག་ཡིན་ལ། ཤེས་ཡོན་དང་། འཚེ་མེད་ཞི་བའི་ལས་འགུལ།གཞི་རིམ་གྱི་བཀོད་སྒྲིག་ལ་སོགས་པའི་སྦྱོང་བརྡར་ཁག་བརྒྱུད་ནས་བོད་མིའི་གཞི་རྩའི་ཐོབ་ཐང་དང་ཆབ་སྲིད་ཀྱི་རང་དབང་རྩོད་ལེན་བྱེད་ཀྱིན་ཡོད་ལ། ང་ཚོའི་ལས་གཞི་ཁག་བརྒྱུད་ནས་གཞོན་སྐྱེས་ཚོར་འགོ་ཁྲིད་ཀྱི་སྦྱོང་བརྡར་སྤྲད་དེ་ཁོང་ཚོས་མ་འོངས་པར་འཛམ་གླིང་ནང་གི་དྲང་བདེན་གྱི་འཐབ་རྩོད་དང་ལས་འགུལ་ཁག་གི་ཁྲོད་དུ་སྣེ་ཁྲིད་བྱེད་ཐུབ་པའི་ནུས་པ་བསྐྱེད་བསྲིང་བྱེད་རྒྱུ་དེ་ཡིན།
ཕྱི་ལོ་༢༠༡༢་ལོའི་ཟླ་༡༢་པའི་ཚེས་༡༩་ཉིན།
ལས་འགུལ་འདིས་ཁྱབ་བསྒྲགས་ཆེན་པོ་ཐོན་ས་རེད། སློབ་ཕྲུག་ཚོ། འོ་རྒྱལ་ཆེ།
གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་བརྩམས་གནང་བར། བོད་རང་བཙན་སློབ་ཕྲུག་ཚོགས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། ” ང་ཚོ་ནི་ལས་འགུལ་པ་དང་གཞོན་སྐྱེས་མི་སྣས་གྲུབ་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་པ་ཞིག་ཡིན་ལ། ཤེས་ཡོན་དང་། འཚེ་མེད་ཞི་བའི་ལས་འགུལ།གཞི་རིམ་གྱི་བཀོད་སྒྲིག་ལ་སོགས་པའི་སྦྱོང་བརྡར་ཁག་བརྒྱུད་ནས”གསལ་འདུག་པ་དགའ་འོས་པ་ཞིག་རེད། སློབ་ཕྲུག་དང་ན་གཞོན་ཚོ་བོད་མི་རིགས་ཀྱི་ཁྱབ་དཔལ་རིག་གསུམ་གྱི་རྐང་འགན་འཁུར་མཁན་ཡིན་ཕྱིར། དེ་སྤྱོང་བརྡར་དང་ཟབ་ཁྲིད་བཀོད་སྒྲིག་བྱེད་རྒྱུ་ནི། དམིགས་བསལ་གྱི་བྱ་འགུལ་གལ་ཆེན་ཞིག་རེད་འདོད།