ཨ་རིག་འགྱུར་མེད།
གསར་འགྱུར་སྙིང་བསྡུས།
ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་དྲུག་པ་དེ་ཉིད། ངྷ་སའི་ཉེ་འཁོར་གྱི་ས་གནས་པ་ལམ་པུར་གྱི་ནེའུ་གྷལ་སྤྱི་གླིང་དུ་ (Neugal Park) སྐོང་འཚོག་གནང་སྟེ། ཚོགས་ཆེན་སྟེང་སྐབས་དྲུག་པའི་རྒྱུན་ལས་རྣམས་གསར་འདེམས་བྱས་ཡོད་ལ། ཐེངས་འདིར་གསར་དུ་བདམས་ཐོན་བྱུང་བའི་རྒྱུན་ལས་རྣམས་ནི།
ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ལྷག་པ་སྐྱིད་འཛོམས། ༼ ཚོགས་གཙོ། ༽
ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་གྱི་གསར་འགོད་པ་མགུར་འབུམ་རྒྱལ། ༼ ཚོགས་གཞོན། ༽
བོད་ཀྱི་ཆ་འཕྲིན་དྲ་བའི་རྩོམ་སྒྲིག་པ་ཡེ་ཤེས་ཆོས་བཟང་། ༼ དྲུང་ཆེ། ༽
ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་ཁམས་སྐད་སྡེ་ཚན་གྱི་གསར་འགོད་པ་བསྟན་འཛིན་དབང་རྒྱལ། ༼ རྩིས་པ། ༽
བོད་ཀྱི་དུས་བབ་གསར་ཁང་གི་གསར་འགོད་པ་དོན་གོ ༼ འབྲེལ་མཐུད་པ། ༽ བཅས་ཡིན་འདུག
བཅར་འདྲི།
དྲི་བ། ཐོག་མར་ཁྱེད་རང་ངོ་སྤྲོད་ཐུང་ངུ་ཞིག་གནང་རོགས།
ལན། ངའི་མིང་ལ་ལྷག་པ་སྐྱིད་འཛོམས་ཟེར་གྱིན་ཡོད། འཛིན་རིམ་བཅུ་གཉིས་བར་དུ་ངྷ་སྟེང་བོད་ཁྱིམ་དུ་ཕྱིན་པ་དང་། མ་ངྷ་རཱ་སི་ཡི་ཤུའི་མཐོ་སློབ་ནས་མཐོ་རིམ་སློབ་སྦྱོང་བྱས་པ་ཡིན། ༢༠༠༧ ལོར་ཇི་ནེ་ (Chennai) ནས་གསར་འགྱུར་རིག་པའི་ཐོག་ M.A གཙུག་ལག་རབ་འབྱམས་པ་ཐོན་པ་ཡིན། ལོ་དེའི་ཕྱི་ཟླ་ ༡༠ ནང་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་ལྟེ་གནས་ཁང་དུ་ལས་ཀ་བྱེད་མགོ་བརྩམས་པར་མ་ཟད། འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་ལྟེ་གནས་ཁང་ཐོག་མར་འཛུགས་མཁན་གྱི་གྲས་དང་། ལྟེ་གནས་ཁང་གི་གསར་འགྱུར་བརྒྱུད་ལམ་བེད་སྤྱོད་གཏོང་སྟངས་སྐོར་གྱི་སྦྱོང་བརྡར་སྤྲོད་མཁན་གྱི་གྲས་སུ་ཡོད། དེ་བཞིན་ཨ་རིའི་ Tibet Connection ཟེར་བའི་དབྱིན་ཇིའི་རླུང་འཕྲིན་ཁང་ཞིག་ཏུ་དབྱིན་སྐད་ཐོག་ལས་ཀ་བྱེད་ཀྱིན་ཡོད་ལ། ད་ལྟའང་བྱེད་མུས་མིན། ༢༠༠༨ ལོར་བོད་ནང་དུ་ཞི་རྒོལ་ཆེན་མོ་བྱུང་བ་དང་། སྐབས་དེར་རྔ་པ་ཁུལ་དུ་ཛ་དྲག་གི་དོན་རྐྱེན་བྱུང་བར་ང་དང་འཕགས་ཡུལ་ཀིརྟི་བྱེས་པ་གྲྭ་ཚང་གི་གྲྭ་ཚེ་རིང་ལགས་དང་། Tibet Connection གསར་ཁང་གི་གསར་འགོད་པ་གཉིས་བཅས་ང་ཚོས་ཐོག་མར་ཀིརྟི་དགོན་དུ་གསར་འགོད་གསལ་བསྒྲགས་བསྐྱངས་པ་ཡིན།
དེ་ལྟར་གྲྭ་ཚེ་རིང་ལགས་དང་མཉམ་དུ་བོད་ནང་དུ་འབྲེལ་བ་བྱུང་བར་བརྟེན། ཁོང་བརྒྱུད་དེ་གཞིས་ལུས་བོད་མི་རྣམས་ཀྱིས་སྐབས་དེའི་གནས་སྟངས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་ཁྱབ་བསྒྲགས་ཤུགས་ཆེར་བྱེད་རོགས་ཞེས་བསྐུལ་བ་དང་། ང་རང་ཉིད་ལ་མཚོན་ན་གཅིག་ནས་རླུང་འཕྲིན་གྱི་ལས་ཀ་བྱེད་མཁན་ཞིག་དང་། གཉིས་ནས་འགན་ཞིག་ཡོད་པའི་ཆ་ནས་གང་ཡོང་ཡོང་བྱས་པ་ཡིན། དེའི་རྗེས་ཨ་རིའི་རླུང་འཕྲིན་ཁང་དུ་གསར་འགོད་པའི་ལས་ཀ་བྱེད་འགོ་བརྩམས་ཏེ། ད་ལྟའི་བར་དུ་ལས་ཀ་བྱེད་ཀྱིན་པ་ཡིན།
དྲི་བ། ཁྱེད་རང་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་ཆེན་སྟེང་སྐབས་དྲུག་པའི་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོར་བདམས་ཐོན་བྱུང་བ་རེད། དེར་བརྟེན་ཡོང་རྒྱུར་བསྡད་པའི་མ་འོངས་པའི་ལས་རྒྱུན་ལོ་གསུམ་རིང་ལས་དོན་གང་འདྲ་ཞིག་བྱ་འཆར་ཡོད་དམ།
ལན། ང་ལ་མཚོན་ན་བོད་ཀྱི་གསར་འགོད་མཐུན་ཚོགས་ནང་གསར་དུ་འཛུལ་ཚར་ཙམ་རེད། ཚོགས་མི་གསར་བ་ཞིག་རེད། ངས་དམིགས་བསལ་གྱིས་འདི་དང་གན་བྱ་རྒྱུ་ཡིན་ཞེས་ཞུ་ཐུབ་ཀྱི་མི་འདུག གང་ཡིན་ཟེར་ན་ཟླ་འདིའི་ཚེས་ ༢༢ ཉིན་རྩིས་སྤྲོད་རྩིས་ལེན་བྱ་རྩིས་ཡོད། དེའི་རྗེས་གཞི་ནས་འཆར་གཞི་གང་འདྲ་ཞིག་བསྒྲིག་དགོས་ཀྱི་འདུག་ལྟ་གི་ཡིན། ངས་བསམ་ཚུལ་གཙོ་བོ། བོད་ཀྱི་གསར་འགོད་པ་མང་བོ་ཞིག་ལ་ཆེད་ལས་སློབ་སྦྱོང་ཐོན་པའི་གོ་སྐབས་བྱུང་མེད་སྟབས། བོད་ཀྱི་གསར་འགོད་པ་དག་ལ་ཆེད་ལས་པའི་ཟབ་སྦྱོང་གང་མང་མང་ཞིག་སྤྲོད་ཐུབ་ན་སྙམ་གྱིན་ཡོད། ཟབ་སྦྱོང་དེ་ཡང་དངོས་གནས་ཁ་ཡོད་ལག་ཡོད་ཀྱི་ཟབ་སྦྱོང་ཞིག་དང་། དེང་སྐབས་འཕྲུལ་ཆས་མང་བོར་འགྱུར་བ་འགྲོ་གིན་ཡོད་སྟབས་དེ་ལ་དཔག་པའི་ཟབ་སྦྱོང་སྤྲོད་ཐུབ་ན་ཡག་པོ་འདུག དཔེར་ན། པར་པ་སྐད་གྲགས་ཅན་དེ་འདྲ་གདན་ཞུ་བྱས་ཏེ་པར་རྒྱག་སྟངས་ཐད་ཟབ་སྦྱོང་སྤྲོད་པ་ལྟ་བུ་བྱུང་ན་བསམ་གྱིན་ཡོད།
གཞན་ང་ཚོ་རྒྱ་གར་དུ་བསྡད་རིང་རྒྱ་གར་ཡུལ་མི་མཉམ་དུ་འབྲེལ་བ་ཤུགས་ཆེར་བྱེད་དགོས་སྟབས། ཧི་མ་ཅལ་ཙམ་མིན་པར་ལྡི་ལི་དང་ལྷོ་ཕྱོགས་སོགས་ཀྱི་ཡུལ་མིའི་གསར་འགོད་པ་མཉམ་དུ་འབྲེལ་ལམ་ཤུགས་ཆེ་རུ་བཏང་སྟེ། ཡུལ་མིའི་གསར་འགོད་པས་བོད་ཀྱི་གནད་དོན་སྟེང་དོ་སྣང་མང་ཙམ་བྱུང་ན་སྙམ་གྱིན་ཡོད། དེ་ལྟར་བྱུང་ན་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་འགྱུར་རྒྱུར་རེ་བ་ཡོད། གང་ལྟར་ང་ཚོ་བོད་ཀྱི་གསར་འགོད་པར་གཞན་གྱི་གསར་འགོད་པ་དང་མི་འདྲ་བའི་འགན་ཞིག་ཡོད་པ་རེད། ཡང་དེང་སྐབས་མི་མང་དཀྱུས་མའི་གསར་འགོད་པ་མང་དུ་འགྲོ་བཞིན་ཡོད་པས། ཁོང་ཚོ་མཉམ་དུ་ འབྲེལ་བ་གཏིང་ཟབ་ཏུ་གཏོང་དགོས་སྙམ། དེ་ལྟར་བྱས་ན་ཁོང་ཚོར་སློབ་སྦྱོང་ཞིག་རེག་གི་རེད་ལ་ང་ཚོར་ཡང་གནས་ཚུལ་ཞིག་རེག་གི་རེད། དེ་བས་ཀྱང་གལ་ཆེ་ཤོས་ཁོང་ཚོས་སྐབས་རེར་གསར་འགྱུར་སྤྲད་པ་ཙམ་མིན་པར་དུས་རྒྱུན་དུ་འབྲེལ་བ་ཉར་ཏེ་བོད་ཀྱི་གསར་འགོད་པ་དང་མི་མང་དཀྱུས་མའི་གསར་འགོད་པའི་བར་དུ་འབྲེལ་བ་ཟབ་ཏུ་སོང་ན་ཕན་ཚུན་གཉིས་ཀར་ཕན་ཐོགས་འབྱུང་གི་རེད།
དེ་བཞིན་རྒྱལ་སྤྱིའི་གསར་འགོད་པ་དང་རྒྱ་གར་གྱི་གསར་འགོད་པ་སུ་ཡིན་རུང་ Style book ཟེར་བ་ཞིག་འདོན་སྤེལ་བྱེད་ཀྱིན་ཡོད་སྟབས། བོད་ཀྱི་གསར་འགོད་པས་ཀྱང་དེ་ལྟ་བུའི་དམིགས་བསལ་གསར་འགོད་ལས་རིགས་དང་འབྲེལ་བའི་དེབ་པར་སྐྲུན་བྱེད་པ་སོགས་བྱ་ཐུབ་ན་བསམ་གྱིན་ཡོད།
དྲི་བ། བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱིས་འདས་པའི་སྐབས་ལྔའི་རིང་གི་ལས་དོན་བྱེད་ཕྱོགས་ཐད་ལ་འདོད་པ་མ་ཁེངས་ས་དང་། ཡང་གྲུབ་འབྲས་ཡག་པོ་བྱུང་བའི་ལས་དོན་རིགས་རྒྱུན་སྐྱོང་བྱ་འདོད་པ་དེ་འདྲ་འདུག་གམ།
ལན། ད་ལྟའི་ཆར་དེ་འདྲ་གང་ཡང་བསླེབས་མ་སོང་། གང་ཡིན་ཟེར་ན་རྩིས་སྤྲོད་རྩིས་ལེན་གཞི་ནས་ཡོང་རྒྱུ་ཡིན་སྟབས། རྩིས་སྤྲོད་རྩིས་ལེན་གྲུབ་རྗེས་འདས་པའི་གྲུབ་འབྲས་དང་ལས་དོན་ལ་བལྟས་ཏེ། མ་འོངས་པར་ག་རེ་བྱེད་ཀྱི་ཡོད་མེད་ལ་ལྟ་དགོས་སྙམ། གལ་ཆེ་ཤོས་འདས་པའི་རྒྱུན་ལས་རྣམས་ཀྱིས་ད་བར་ཕྱག་ལས་གནང་བ་རེད་ལ། དེ་ཚོ་ཚང་མ་གླ་མེད་དང་བླངས་ལྟ་བུ་རེད། དེར་བརྟེན་ཁོང་ཚོས་གང་གནང་བ་དེར་རྗེས་སུ་ཡི་རངས་དང་ཁོང་ཚོས་ག་རེ་གནང་བ་དེ་ཡར་རྒྱས་ཡོང་བ་དང་། ལས་དོན་ཡག་པོ་ཡོད་རིགས་མུ་མཐུད་རྒྱུན་སྐྱོང་བྱ་རྒྱུ། ཡང་གྲུབ་འབྲས་ཐོན་མེད་རིགས་ལ་གྲུབ་འབྲས་འཐོན་རྒྱུར་ག་རེ་བྱ་རྒྱུ་ཡོད་མེད་སོགས་ལ་ལྟ་དགོས་ཀྱི་འདུག
དྲི་བ། ད་ལྟའི་ཆར་གསར་འགོད་མཐུན་ཚོགས་ནང་རྒྱ་གར་དང་བལ་ཡུལ་གྱི་གསར་འགོད་པ་ཉི་ཤུ་ལྷག་ལས་མེད་སྟབས། མ་འོངས་པར་ཨ་རི་དང་ཡུ་རོབ། ཐེ་ཝན་སོགས་སུ་ཡོད་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་གསར་འགོད་པ་རྣམས་ཚོགས་མིར་བསྡུ་བ་དང་། བོད་ཀྱི་གསར་འགོད་མཐུན་ཚོགས་རྒྱ་ཆེ་རུ་གཏོང་རྒྱུར་དགོངས་པ་བཞེས་ཀྱིན་ཡོད་དམ།
ལན། དེ་གལ་ཆེན་པོ་རེད། ཕྱི་རྒྱལ་དུ་ཡོད་པའི་གསར་འགོད་པ་རྣམས་ཀྱང་བོད་ཀྱི་གསར་འགོད་མཐུན་ཚོགས་སུ་མཉམ་ཞུགས་བྱ་ངེས་རེད་སྙམ་གྱིན་འདུག དེང་སྐབས་དྲ་རྒྱའི་བརྒྱུད་ལམ་ཤུགས་ཆེ་རུ་ཕྱིན་ཡོད་ལ། ང་ཚོས་དྲ་རྒྱ་བརྒྱུད་འབྲེལ་ལམ་བྱ་ཆོག་པས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་ཡོད་པའི་བོད་རིགས་གསར་འགོད་པ་རྣམས་ལ་འབྲེལ་བ་བྱ་ཐུབ་ཀྱི་རེད་སྙམ། ཡིན་ནའང་། གལ་ཆེ་ཤོས་ ༡༩༩༧ ལོ་ནས་འགོ་བཙུགས་ཏེ་ད་བར་ལོ་བཅུ་བཞི་ཕྱིན་པའི་གསར་འགོད་མཐུན་ཚོགས་ནང་། གསར་འགོད་པ་སྒེར་ངོས་ནས་འགན་བླངས་ཏེ་འཛུལ་ཞུགས་བྱ་རྒྱུ་གལ་ཆེན་པོ་རེད་ལ། དེ་ལྟར་བྱུང་ན་བོད་ཀྱི་གསར་འགོད་མཐུན་ཚོགས་འདི་བཞིན་ཚགས་ཚུད་དང་ཡར་རྒྱས་ཡོང་གི་རེད་སྙམ་གྱིན་ཡོད། གསར་འགོད་མཐུན་ཚོགས་སུ་འཛུལ་རྒྱུར་ཆ་རྐྱེན་རེ་ཟུང་ཡོད་པ་རེད། དེ་ཚོར་དྲ་རྒྱའི་སྟེང་ནས་གཟིགས་ཏེ་གལ་ཏེ་རང་ཉིད་ལ་གསར་འགོད་མཐུན་ཚོགས་ནང་འཛུལ་རྒྱུར་ཆ་རྐྱེན་ཚང་གི་ཡོད་ན། ངེས་པར་དུ་འཛུལ་དགོས་པ་རེད་སྙམ།
དྲི་བ། ཐེངས་འདིའི་ཚོགས་ཆེན་སྟེང་རྒྱུན་ལས་སྐབས་གཅིག་རིང་འཇིགས་ཞུམ་བྲལ་བའི་སྨྲ་བརྗོད་པ་ཞེས་པའི་གཟེངས་བསྟོད་བྱ་དགའ་ཞིག་སྤྲོད་རྒྱུར་ཐག་གཅོད་བྱུང་བ་རེད། དེའི་སྐོར་ངོ་སྤྲོད་ཐུང་ངུ་ཞིག་གནང་རོགས།
ལན།འཇིགས་ཞུམ་བྲལ་བའི་སྨྲ་བརྗོད་པ་ཞེས་པའི་གཟེངས་རྟགས་དེ་བོད་ཕྱི་ནང་གི་གསར་འགོད་པ་གཙོ་བྱས་པའི་གནས་ཚུལ་མཁོ་གཏོང་བ་དང་པར་བ། བརྙན་ལེན་པ། རྩོམ་པ་པོ་སོགས་ཀྱིས་རང་སྲོག་བློས་གཏོང་གི་བསམ་བློའི་འདུ་ཤེས་བརྟན་པོའི་འོག་བོད་མི་རིགས་ལ་ཞབས་འདེགས་ཞུས་པར་གདེངས་འཇོག་དང་གུས་བཀུར་མཚོན་ཆེད་དུ་འབུལ་རྩིས་ཡོད་པ་ཞིག་རེད།
གཟེངས་རྟགས་བཞེས་མཁན་གྱི་འོས་མིར་ཆ་རྐྱེན་ག་རེ་ཚང་དགོས་པ་རེད་ཟེར་ན། གསར་འགྱུར་གྱི་ལས་ཀ་གཉེར་མཁན་ནམ། གསར་འགྱུར་ལས་རིགས་དང་འབྲེལ་བ་ཡོད་པ། དཔེར་ན། འཇིག་ཞུམ་མེད་པར་གསར་འགྱུར་མཁོ་སྤྲོད་གནང་མཁན། སྨྲ་བརྗོད་རང་དབང་དང་རྩོམ་འབྲིའི་རང་དབང་ཐད་ནུས་པ་འབུར་ཐོན་ཡོད་པ། དུས་རྒྱུན་གྱི་བསམ་བློའི་ཀུན་སྤྱོད་ལེགས་ཤིང་། སྤྱི་ཚོགས་ཁྲོད་ཚད་བརྒལ་གྱི་ལྟ་སྟངས་ངན་པ་མེད་པ། བོད་མིའི་སྤྱི་ཚོགས་ལ་ཕན་པའི་ཕྱག་ལས་དེ་བཞིན་སྐབས་འཕྲལ་ཙམ་མ་ཡིན་པར་ངང་རྒྱུན་རིང་པོར་གནས་ཐུབ་པ། འོས་མི་རྣམས་ཀྱི་མཛད་རྗེས་དང་ཕྱག་ལས་ཡོད་ཚད། དངོས་ཤུགས་བརྒྱུད་གསུམ་གང་རུང་ནས་བོད་མིའི་རྩ་དོན་དང་འབྲེལ་བ་ངེས་པར་ཏུ་ཡོད་པའམ་བྱས་རྗེས་འབུར་ཐོན་དང་ཁ་གསལ་དགོས་པ་སོགས་འོས་ཆོས་ཁག་ཅིག་ཚང་དགོས་པ་རེད།
དེ་སྔོན་གཞིས་བཞུགས་རྩོམ་པ་བོ་འོད་ཟེར་ལགས་སུ་རྒྱལ་སྤྱིའི་གསར་འགོད་པའི་ཉིན་མོར་གཟེངས་རྟགས་གནང་བ་ལྟར། མ་འོངས་པར་རྒྱལ་སྤྱིའི་གསར་འགོད་པའི་ཉིན་མོ་དང་སྟབས་བསྟུན། རྒྱུན་ལས་སྐབས་གཅིག་རིང་གོང་གསལ་འོས་ཆོས་ཁག་ཚང་བའི་གསར་འགོད་པ་ཞིག་ལ་གཟེངས་རྟགས་གནང་རྩིས་ཡོད་པ་རེད།
དྲི་བ། མཐའ་མར་སྤྱི་ཚོགས་མེ་ལོང་ཚགས་པར་བརྒྱུད་འབོད་སྐུལ་འདྲ་ཞུ་རྒྱུ་ཡོད་དམ།
ལན། གོང་ནས་ཁྱེད་རང་གིས་དྲིས་པ་ལྟར་རྒྱལ་སྤྱིའི་སྤྱི་ཚོགས་ནང་ཡོད་པའི་བོད་རིགས་གསར་འགོད་པ་རྣམས་ཀྱིས། གསར་འགོད་མཐུན་ཚོགས་ཀྱི་སྒྲིག་གཞི་ལ་གཟིགས་ཏེ། གལ་སྲིད་རང་ཉིད་ལ་གསར་འགོད་མཐུན་ཚོགས་ནང་འཛུལ་རྒྱུར་ཆ་རྐྱེན་ཚང་གི་ཡོད་ན། ངེས་པར་དུ་གསར་འགོད་མཐུན་ཚོགས་ནང་འཛུལ་རོགས་གནོངས། གང་ཡིན་ཟེར་ན་བོད་ཀྱི་གསར་འགོད་པ་རྣམས་ཕན་ཚུན་ངོ་ཤེས་དང་འཕྱར་གྲི་མཉམ་འདེགས་ཡོང་བ། བོད་ཀྱི་གནད་དོན་ཐོག་ཚང་མས་མཉམ་རུབ་ཀྱིས་ནུས་པ་འདོན་ཐུབ་པ་སོགས་རྒྱུ་མཚན་མང་བོ་ལྡན་ཡོད་ལ། ཡང་གཅིག་བཤད་ན་སྐྱིད་སྡུག་ལྟ་བུ་ཞིག་ཀྱང་ཆགས་ཡོད། དཔེར་ན་བོད་ནང་དུ་དོན་གྲུབ་དབང་ཆེན་ལྟ་བུའི་གསར་འགོད་པ་མང་བོ་ཞིག་བཙོན་དུ་ཚུད་ཡོད་པ་རེད་ལ། ང་ཚོས་ཁོང་ཚོའི་ངོ་ཚབ་ལྟ་བུ་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ནང་ནུས་པ་འདོན་དགོས་པ་རེད་སྙམ། །
( སྤྱི་ཚོགས་མེ་ལོང་སྤྱིའི་འདོན་ཐེངས་ ༡༡༧ སྟེང་བཀོད། )
ངེད་ཀྱི་གཞིས་ཁྱིམ་ནས་བཅར་འདྲི་ཞོག་བོར་འདུག ད་བྱས་དུས་འདི་ན་འདུག ༼ ཀུ་རེ་ཡིན། ༽
ཁ་བརྡ་ཚང་གིས་གུས་པའི་བཅར་འདྲི་འདི་འདིར་བཀོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཀློག་མཁན་རྣམས་ལ་ཞུ་འདོད་པ་ནི། འདིའི་ནང་གི་ཟླ་འདིའི་ཞེས་པ་ཟླ་སྔོན་མ་ཡིན་པ་ལས་ཟླ་འདི་རང་མིན། ལས་བྲེལ་གྱི་རྐྱེན་པས་བཅར་འདྲི་འདི་ད་བར་ངས་གློག་ཀླད་ངོས་ནས་ལྷག་པ་ལས་སྤྱི་ཚོགས་མེ་ལོང་སྟེང་སྔ་ས་ནས་བཀོད་ཚར། གཟིགས་ཡོད་ཤག
གསལ་འདེབས་ཙམ་གྱི་ཕྱིར་དུའོ། །
སྟོང་པ་སྟོང་རྐྱང་རེད། རྫུན་གྱི་ཁུག་མ་རེད།
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ།
by Chap Tsang Jamphel on Sunday, June 19, 2011 at 3:53am
རྨ་ཆེན་གངས་རིའི་སྤྲིན་དཀར་གྱི་ཁ་བཏགས་བསྐྱངས་ཤིང།རྨ་ཆུ་སྔོན་མོའི་རླབས་ཀྱིས་མེ་ཏོག་གཏོར། དགེ་བཅུའི་མཚན་མས་ཡོངས་སུ་མཛེས་པའི་བསྐལ་བཟང་གི་དུས་སྟབས་འདིར་རང་རེའི་གངས་ཅན་ལྗོངས་སུའང་མ་ཡུམ་སྟེ་བུ་མོའི་སློབ་གྲྭའི་ལོ་རྒྱུས་དེབ་ཐེར་གྱི་སྟོང་ཆ་ཐོག་མར་བསྐང། ཡུལ་གྲུ་འདི་ནི་རང་རེའི་བོད་ཀྱི་ལོ་རྒྱུས་དེབ་ཐེར་འདིར་རྨ་ཆེན་གངས་རིའམ་རྨ་ཆེན་སྦོམ་ར་ཞེས་ས་བཅུ་པ་ཐོབ་པའི་བླ་རི་གྲགས་ཅན་དེ་ཉིད་ཀྱི་འདབས་རི་ཡིན་ཞིང། གནས་འདིར་འཚོ་བའི་བོད་རིགས་མི་དམངས་རྣམས་ཀྱིས་མི་རབས་ནས་མི་རབས་བར་ངལ་རྩོལ་གྱི་ལག་ཟུང་ལ་བརྟེན་ནས་ལོ་རྒྱུས་ཀྱི་འཕེལ་འགྱུར་རེ་རེའི་ཁྲོད་དུ་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་བྱུང་བ་རབ་དང་རིམ་པ་ཕར་ལ་སྐྱེལ་ཞིང་། རེ་སྨོན་དང་སྤྲོ་སེམས་ཀྱིས་ཁེངས་པའི་མདུན་ལྗོངས་རེ་རེ་བང་དུ་བསུས།
ལོ་ངོ་གསུམ་ལྷག་གི་ཡར་སྔོན་ཞིག་ལ་གཞན་ཕན་ལྷག་བསམ་ཀློང་ནས་ཀུན་ལ་ཕན་བདེ་སྩོལ་མཁན་དེང་རབས་བོད་ཀྱི་ཁེ་ལས་པའམ་སློབ་གསོ་བ་འཇིགས་མེད་རྒྱལ་མཚན་མཆོག་གིས་ལྷག་བསམ་དཀར་པོས་ལྷིང་འཇིགས་ཀྱི་ཡུལ་གྲུ་འདིར་རྨི་ལམ་གྱི་ཞིང་ཁམས་ཤིག་དང་རྒྱང་རིང་ནས་རྒྱང་རིང་ལ་འཐེན་པའི་འཚོལ་ཤུལ་གྱི་ལམ་བུ་ཞིག་སྟེ། གངས་ལྗོངས་ཀྱི་ཨ་མ་ལགས་ལ་དྲིན་མཇལ་དང་། མ་ཡུམ་ལགས་ལ་ལྷན་སྐྱེས་སུ་མངའ་བའི་ཁྱད་འཕགས་སློབ་གསོིའི་ཡོན་ཏན་ལ་གོང་བཀུར་བྱ་ཆེད་དུ་བོད་ཀྱི་ཤེས་རིག་གི་ཆུ་མགོ་འབུས་སའི་བུ་མོའི་སློབ་གྲྭ་ཞིག་གསར་དུ་བཙུགས་པའི་མོད་ལ་ཨ་སྔོན་ཕར་མཐར་བསྐྱོད་པའི་ཐང་དཀར་གྱི་གཤོག་འགྱུར་ལ་འགྲན་པའི་ཉམ་ཆུང་ཆུང་གི་བུ་མོ་སྐོར་ཞིག་གིས་གནས་འདི་རུ་ཀ་ཁའི་གྲེ་འགྱུར་སྙན་མོ་རྨ་ཆེན་གངས་ཀྱི་གཙང་ཆབ་ལ་བསྟོད་དེ་ཕུགས་བསམ་གྱི་ས་བོན་ཐོག་མར་བཏབ། དེ་ནི་གངས་ཅན་བུ་མོའི་སློབ་གྲྭ་བཙུགས་པའི་བརྗེད་དཀའ་བའི་བཀྲ་ཤིས་རྟེན་འབྲེལ་གྱི་ཉིན་མོ་རེད།
དུས་དེ་ནས་རང་དབང་གི་འཇིག་རྟེན་འདི་ནས་ཤེས་རིག་གི་ལམ་དུ་སློང་མོར་ཆས་འདོད་པའི་ཉམ་ཆུང་ཆུང་གི་བུ་མོ་འདི་ཚོར་རིག་པ་ཡི་སྨྱུག་གུ་རྒྱས་ལ། མཛེས་སྡུག་གི་ཞིང་ཁམས་འདི་ནས་མ་ཡུམ་སློབ་གྲྭའི་ལང་ཚོ་སྨིན། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་འདི་ཕྱི་ལོ་ ༢༠༠༥ ལོའི་ཟླ་ ༡༠ པར་གོང་རིམ་པ་སོ་སོས་ཆོག་མཆན་ཐོབ་འོག་ཡུལ་ཐ་ཁུལ་གྱི་དབུལ་ཕུང་ཅན་གྱི་བུ་མོ་དང་། ད་ཕྲུག་བུ་མོ། དབང་པོ་སྐྱོན་ཅན་གྱི་བུ་མོ་བཅས་རོང་འབྲོག་བོད་རིགས་ཀྱི་བུ་མོ་རྐྱང་རྐྱང་བསྡུ་ལེན་གྱིས་བྱས་ཏེ། བོད་ཀྱི་ཤེས་རིག་གི་གཞུང་དང་། ལག་ལེན་རྒྱུད་འཛིན་པ་གསོ་སྐྱོང་བྱེད་པའི་བུ་མོའི་སྒེར་འཛིན་སློབ་གྲྭ་ཞིག་ཡིན་ལ། མིག་སྔར་བོད་ཁུལ་དུ་ཆེས་ཐོག་མར་བཙུགས་པའི་བུ་མོའི་སློབ་གྲྭ་གཅིག་པུ་དེ་རེད། སློབ་གྲྭ་འདི་ཆགས་ཡུལ་ལ་མཚོན་ན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྟ་བོ་གྲོང་རྡལ་གྱི་ཉེ་འགྲམ་ནས་བར་ཐག་སྤྱི་ལེ་ ༦༠ ལྷག་གི་མཚམས་སུ་བོད་སྲོལ་རྒྱུན་གྱི་བཟོ་བཀོད་མངོན་པར་བཀྲ་ཞིང། བརྗིད་ཆགས་ཀྱི་རི་བོའི་མུ་འཁྱུད་ཀྱིས་ཡོངས་སུ་བསྐོར་བའི་འདབས་རོལ་ན་གསལ་ལ་མེར་ཆགས་ཡོད།
ང་ཚོ་ལྟ་མཁན་རྣམ་པ་དང་གནས་འདིར་གནས་སྐོར་བྱེད་མཁན་གྱི་གྲོགས་པོ་སུ་ཡིན་རུང་དང་ཐོག་གནས་འདི་མཐོང་མ་ཐག་གནས་འདི་ནི་ཤེས་བྱ་ཡི་སྨྱུ་གུ་རྒྱས་སའི་ར་བ་དང་མི་གཤིས་ཀྱི་དང་མ་ཆགས་སའི་གནས་མཆོག་ཅིག་ཡིན་པ་ཡིད་ལ་འགོག་མེད་དུ་སྟེར་སྲིད། རྒྱུ་མཚན་ནི་གནས་འདིའི་ས་གཙང་ལ་མཁའ་དབུགས་ལེགས་པ་མ་ཟད། ད་དུང་གཡང་དཀར་ལུག་གི་འབད་སྒྲ་དང་བྱ་དང་བྱེའུའི་མགྲིན་སྒྲ་སྙན་མོ་ལས་གཞན་སུག་སྒྲ་སོགས་རྣ་བར་མི་སྙན་པའི་སྒྲ་ཅི་ཡང་མེད། སློབ་གྲྭ་འཛུགས་མཁན་འཇིགས་མེད་རྒྱལ་མཚན་མཆོག་གི་གཏོང་ཕོད་ཆེ་བའི་སྙིང་སྟོབས་དང་། བདག་ལས་གཞན་གཅེས་ཀྱི་ལྷག་བསམ་འོག་ཕྱོགས་སོ་སོའི་རོགས་སྐྱོར་མ་དངུལ་སྒོར་ས་ཡ་གསུམ་དང་འབུམ་ལྔ་ལྷག་བཏང་ནས་བུ་མོའི་སློབ་གྲྭ་འདི་བཙུགས་པ་ཞིག་རེད། དེང་རབས་བོད་ཀྱི་སློབ་གསོ་གཉེར་མཁན་འཇིགས་མེད་རྒྱལ་མཚན་མཆོག་གི་ངོས་ནས་བརྗོད་ན་འདི་ལྟ་བུའི་སློབ་གྲྭ་ཞིག་གསར་དུ་བཙུགས་པ་ནི། ཁོ་རང་གི་མཚན་སྙན་གྲགས་ཤིག་དང་། ཡང་ན་དཔལ་འབྱོར་སོགས་ཀྱི་ཁེ་ཕན་ཙམ་ལ་དམིགས་པ་ཞིག་མ་ཡིན་པ་ང་ཚོ་བསམ་བློ་གཏོང་ཤེས་པ་ཞིག་གིས་གླེང་མི་དགོས་པ་ཞིག་རེད།
ང་ཚོས་ཅི་ནས་ཀྱང་གཞན་ཕན་ལས་ལ་སྩོལ་བ་ཞུ་མཁན་གྱི་མི་ལ་རྒྱབ་སྐྱོར་ཞུ་རྒྱུ་ནི་ཧ་ཅང་གལ་འགངས་ཆེ། ཁོང་གིས་ནང་བསྟན་རིག་གནས་ཀྱི་དགོན་སྡེ་ཁག་ལ་སྦྱངས་པ་མཐར་ཕྱིན་བྱེད་པའི་ཞོར་ལ་སྔ་གཞུག་ཏུ་ར་རྒྱ་འཇིགས་མེད་ཤེས་རིག་ནོར་བུའི་གླིང་དང་། གངས་ལྗོངས་སྤྲི་ཆར་བཟོ་གྲྭ་སོགས་བོད་ཀྱི་རིག་གནས་སྤྱི་དང་། དཔལ་འབྱོར་ལས་རིགས་ལ་ཕན་པའི་ལས་གང་མང་ཞིག་བསྒྲུབས་པའི་མོད་ལ་གོང་རིམ་པ་སོ་སོའི་འགོ་ཁྲིད་དང་། རྒྱལ་ནང་གི་འབྲེལ་ཡོད་གཟིགས་སྐྱོང་མི་སྣས་གཟེངས་བསྟོད་ཐོབ་པ་མ་ཟད། གདེངས་འཇོག་ཀྱང་ཚད་མཐོན་པོ་གནང་མྱོང། ད་ལྟ་ང་ཚོའི་མིག་ལམ་དུ་མངོན་པའི་མཐའ་ཡས་སྤང་ལྗོངས་ཐང་དུ་གསར་བཞད་མེ་ཏོག་སྣ་བརྒྱའི་འཛུམ་བཞད་མངོན་པ་དང་གཉིས་སུ་མེད་པའི་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭའི་སློབ་གྲོགས་ཚོ་མཐོང་བ་ཙམ་གྱིས་ང་ཚོར་ཞི་འཇམ་དང་མ་ཡུམ་ལགས་ཀྱི་བྱམས་བརྩེའི་དྲོད་ཁོལ་ཞིག་དབང་མེད་དུ་སྦྱིན་སྲིད་ལ། མ་ཡུམ་ལགས་ཀྱི་བྱིན་རླབས་ཀྱིས་ང་ཚོ་བུ་བུ་མོ་སུ་ཡིན་རུང་ཁོང་གི་སླད་མེད་ཀྱི་བརྩེ་སེམས་དང་། རིས་མེད་ཀྱི་གཅེས་སྐྱོང་དེ་དྲན་སྲིད། དེར་བརྟེན་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་བུ་མོའི་སློབ་གསོ་ནི་མ་ཡུམ་སློབ་གསོ་ཡིན་ལ། མ་ཡུམ་སློབ་གསོ་ནི་མིའི་རིགས་ཀྱི་སློབ་གསོའི་རྩ་བ་ཡིན་ཞེས་བཤད་པ་ལྟར། ཡུལ་ཐ་ཁུལ་དང་འཚོ་བ་ཉམ་ཐག་པའི་བུ་མོ་རྣམས་ལ་སློབ་གསོ་རྣམ་དག་ཅིག་མྱོང་བའི་གོ་སྐབས་བསྐྲུན་རྒྱུ་དང་། འབྲོག་ཁུལ་གྱི་སློབ་གསོའི་རྣམ་པ་ལེགས་བཅོས་བྱེད་པ། འབྲོག་པ་མང་ཚོགས་ཀྱི་བསམ་བློའི་རིག་གནས་ཀྱི་གོ་རྟོགས་ཇེ་མཐོར་གཏོང་བ་བཅས་ལ་དམིགས་ནས་གོང་རིམ་པས་ཆོག་མཆན་ཐོབ་འོག་ཞག་སྡོད་ལམ་ལུགས་ཀྱི་འགན་བབ་སློབ་གསོ་སྤེལ་ཆོག་པའི་བུ་མོའི་སློབ་གྲྭ་འདི་བཙུགས་པ་རེད། སློབ་གྲྭ་འཛུགས་དུས་སློབ་ཕྲུག་སློབ་མ་བརྒྱད་ཅུ་ལྷག་བསྡུས་ནས་ཡུལ་གྲུ་འདིར་བུ་མོའི་སློབ་གྲས་སྟོང་པའི་ལོ་རྒྱུས་ཀྱི་དེབ་ཐེར་ལ་བརྗེད་དཀའ་བའི་རྫོགས་ཚིག་སླད་མེད་ཅིག་བྲིས་ཤིང།
འདས་པའི་ངོ་ལོ་གསུམ་ལྷག་གི་རིང་རྨ་ཆེན་རྫོང་སྲིད་གཞུང་གིས་རྒྱབ་སྐྱོར་འོག་དགེ་རྒན་མངགས་གཏོང་བྱས་ནས་རིམ་བཞིན་དགེ་རྒན་གྱི་དཔུང་ཁག་ཆེ་བརྟན་དང་། སློབ་མའི་གྲངས་འབོར་ཇེ་མང་དུ་སོང་སྟེ་དགེ་ལས་ཉི་ཤུ་ལྷག་དང་། སློབ་མ་ཉིས་བརྒྱ་དྲུག་ཅུ་ལྷག་ཡོད། སློབ་ཁང་དང་། སྨན་ཁང་། དཔེ་ཁང་། སློབ་མའི་ཟ་ཁང་སོགས་འཐུས་ཚང་དུ་གྱུར་ཡོད་པ་མ་ཟད། ད་དུང་སློབ་མའི་ལག་ནས་ཟ་རིན་དང་སྨན་རིན་སོགས་འགྲོ་གྲོན་ཕྲན་ཙམ་ཡང་ལེན་གྱི་མེད། སློབ་ཁྲིད་བཀོད་སྒྲིག་གི་ཐད་ནས་ཀྱང་རྒྱལ་ཁབ་ཀྱི་བསླབ་གཞི་གཏན་ཁེལ་བྱས་པའི་ཞོར་ལ་སློབ་གསེང་སྐབས་སུ་བོད་སྲོལ་རྒྱུན་གྱི་རིག་རྩལ་བྱེད་སྒོ་སྣ་ཚོགས་སྤེལ་བཞིན་ཡོད་པ་དང་། རང་གི་སྐད་ཡིག་ལ་མཁས་དགོས་པ་དང་། གཞན་གྱི་ཡིག་རིགས་ཤེས་དགོས་པའི་རྩ་དོན་གཞིར་བཟུང་ནས་བོད་ཀྱི་རིག་གནས་ལ་རྨང་གཞི་བཟོ་བའི་ཚད་མའི་རྩོད་གྲྭ་དང་། འཛམ་གླིང་སྤྱི་སྐད་དུ་བརྩི་རུང་བའི་དབྱིན་ཇིའི་སྐད་སོགས་ཀྱི་རྨང་གཞིའི་ཤེས་བྱའི་སྐོར་གཙོ་གནད་དུ་བཟུང་ནས་སློབ་ཁྲིད་བཀོད་སྒྲིག་གི་ཐབས་ལམ་ལེགས་ཤོས་སྤྱོད་བཞིན་ཡོད་པ་བཅས་ཡིན།
གསལ་བཤད། གོང་གསལ་གྱི་གནས་ཚུལ་དེ་མཚོ་སྔོན་བོད་སྐད་མདོ་འཛིན་པ་ཞིག་གིས་བརྙན་འཕྲིན་བརྒྱུད་ཡོངས་ཁྱབ་ཀྱིས་ངོ་སྤྲོད་བྱས་པ་གཞིར་བཟུང་བྱས་ཏེ་ཕབ་བཤུས་བྱས་པ་ཞིག་ཡིན།
ལྷག་པ་སྐྱིད་འཛོམས་ལགས་ལ་ད་རེས་བོད་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོར་འོས་ཐོབ་བྱུང་བར་རྟེན་འབྲེལ་ཞུ།
ལྷག་པ་སྐྱིད་འཛོམས་ལགས་གཙོ་བོར་གྱུར་པའི་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་རྒྱུན་ལས་གསར་པ་རྣམས་ལ་རྟེན་འབྲེལ་ཞུ་བ་དང་འབྲེལ། འབྱུང་འགྱུར་གྱི་ལོ་གསུམ་གྱི་རིང་གསར་འགོད་པ་ཞིག་གིས་ཁུར་དགོས་པའི་འགན་འཁྲི་དེ་དང་། ད་ལྟའི་བཙལ་བྱོལ་དུ་ཡོད་པའི་བོད་མི་ཞིག་གིས་ཁུར་དགོས་པའི་འགན་འཁྲི་འདི་གཉིས་དོ་མཉམ་པའི་ཐོག་ནས་ལས་རིགས་གང་ལའང་ནུས་པ་ཞིག་ཐོན་པའི་རེ་བ་དང་སྨོན་འདུན་ཡོད།
ལྷག་པ་སྐྱིད་འཛོམས་ལགས་ཀྱི་གཙོ་བྱས་བའི་བོད་ཀྱི་གསར་འགོད་པ་རྣམས་ཀྱི་ལས་དོན་གང་ཡོད་ལམ་འགྲོ་ཡོངས་བའི་སྨོན་འདུན་ཡོད་ཐུགས་རྗེ་ཆེ།