བཅར་འདྲི་ཞུ་ཡུལ། ལྕགས་མོ་འཚོ།
བཅར་འདྲི་ཞུ་མཁན། རིག་འབྱུང་དོན་གྲུབ་བཀྲ་ཤིས།
༡ཐོག་མར་ཁྱེད་རང་གསར་འགོད་ལས་རིགས་ལ་དོ་སྣང་དང་དགའ་མོས་སླེབས་པའི་བརྒྱུད་རིམ་མདོར་བསྡུས་ཤིག་གསུངས་ན་འགྲིག་གམ།
ལན། ང་རང་ལ་མཚོན་ན་སློབ་ཆེན་གྱི་སློབ་མའི་དུས་ནས་བཟུང་གསར་འགྱུར་ལྟ་ཀློག་བྱེད་པར་ཧ་ཅང་དགའ་བོ་ཡོད་པས།ནམ་རྒྱུན་རྒྱ་ནག་གི་མཉམ་བསྒྲགས་གསར་འགྱུར་སོགས་ལའང་ལྟ་མཁན་ཞིག་ཡིན།དེ་བཞིན་སློབ་གྲྭའི་གུང་གསེང་དུས་སུ་ཕྱིར་ཕ་ཡུལ་དུ་ལོག་དུས་ཨ་རིའི་རྒྱང་སྲིང་དང་ཧྥ་རན་སུའི་རླུང་འཕྲིན་སོགས་ཕྱི་རྒྱལ་གྱི་རྒྱ་སྐད་རླུང་འཕྲིན་ལ་ཉན་རྒྱུར་ཧ་ཅང་དགའ་བོ་ཡོད།།དེ་བས་ལོ་མཉམ་གྱི་སློབ་གྲོགས་གཞན་དག་ལས་ལྷག་པར་ཆབ་སྲིད་ཐོག་དོ་སྣང་སླེབས་ལ།སེམས་གྱི་སྡུག་བསྔལ་ཡང་ཇེ་ཆེར་སོང་།སྟབས་ལེགས་པ་ཞིག་ལ་བོད་ནང་དུ་ཡོད་དུས་སྔ་རྗེས་སུ་རླུང་འཕྲིན་དང་ཚགས་པར་ཁང་དུ་གསར་འགྱུར་གྱི་ལས་དོན་གཉེར་བའི་གོ་སྐབས་ཀྱང་མི་ཉུང་བ་ཞིག་བྱུང་།ཡིན་ནའང་ཕྱིའི་གསར་འགྱུར་བརྒྱུད་ལམ་དང་རྒྱ་ནག་གཞུང་གི་སྟངས་འཛིན་འོག་གི་གསར་འགྱུར་བརྒྱུད་ལམ་ནི་རྦད་དེ་ཁ་ཁ་རེད་།བོད་དུ་གསར་འགྱུར་ལས་ཀ་བྱེད་དུས་གཙོ་བོ་ཏང་གི་རྩ་དོན་བཞིའི་ནང་དོན་དང་འགལ་ཡོད་མེད་ཀྱི་ཨང་རྩིས་ལྟ་བུའི་སྒྲོམ་གཞིའི་ནང་འགྲོ་བ་མ་གཏོགས།གསར་འགྱུར་དངོས་ཀྱི་རིན་ཐང་དང་འབྲེལ་བའི་ཐོག་དེ་འདྲའི་དོ་སྣང་བྱེད་ཀྱི་མ་རེད་།གལ་ཏེ་སྤྱི་ཚོགས་དང་འབྲེལ་བའི་གསར་འགྱུར་ཞིག་ཡིན་ནའང་ས་གནས་སྲིད་གཞུང་དང་དོ་ཕོག་བྱུང་མིན་དེ་ཨང་དང་པོར་འཇོག་གི་རེད་།ལྷག་པར་མི་རིགས་གྲངས་ཉུང་གི་གསར་འགྱུར་ལས་རིགས་དོན་གཉེར་མཁན་ཚོས་དེ་བས་སྲིད་དོན་ཐད་ཧ་ཅང་སེམས་ཆུང་བྱེད་དགོས་པ་དང་།གནས་ཚུལ་མང་ཆེ་བ་རྒྱ་ཡིག་ནང་བྲིས་ཟིན་པ་རྣམས་ཡིག་བསྒྱུར་བྱེད་པ་གཙོ་བོར་འཇོག་གི་འདུག སྤྱིར་གསར་འགྱུར་སྐོར་གྱི་གཞུང་ལུགས་ཁྲིད་སྐབས་ཕྱོགས་ལྷུང་མེད་པ་དང་དྲང་བདེན་།དུས་ཚོད་ཀྱི་རང་བཞིན་བཅས་གསར་འགྱུར་གྱི་ཚད་གཞི་ཡིན་པ་བརྗོད་བཞིན་ཡོད་ནའང་།དོན་དངོས་ཀྱི་ལག་ལེན་ཁྲོད་རྦད་དེ་ཁ་ཁ་རེད་། བཙན་བྱོལ་དུ་འབྱོར་ནས་ཡང་བསྐྱར་གསར་འགྱུར་ལས་རིགས་གཉེར་བའི་ལས་སྐལ་ཐོབ་དུས། དངོས་གནས་གསར་འགྱུར་བརྒྱུད་ལམ་ནི་སྲིད་གཞུང་དང་ཚོགས་པ་གང་རུང་གི་དྲིལ་བསྒྲགས་ལག་ཆ་མ་ཡིན་པར་གནས་ཚུལ་ཅི་རིགས་ཤེས་རྟོགས་ཀྱི་སྟེགས་བུ་ཞིག་ཡིན་པ་རྟོགས་ལ། རང་ཉིད་གཞོན་དུས་ནས་དགའ་མོས་ཀྱི་ལས་རིགས་འདི་ཡང་བསྐྱར་གཉེར་བའི་བགོ་སྐལ་ཐོབ་པར་སྤྲོ་བ་ཆེན་པོས་བརྟས།
༢ ཁྱེད་རང་གསར་འགོད་པ་ཞིག་གི་ངོས་ནས་གསར་འགོད་ལས་རིགས་ཟེར་བ་འདི་གལ་ཆེ་ཆུང་ཇི་འདྲ་ཞིག་ལ་བརྩི་གི་ཡོད་དམ།
ལན། གོང་ནས་བཤད་ཟིན་པ་ལྟར་འདི་ནི་རང་ཉིད་གཞོན་དུས་ནས་ཧ་ཅང་དགའ་མོས་ཀྱི་ལས་རིགས་ཤིག་ཡིན་པ་མ་ཟད།རང་ཉིད་ལ་མཚོན་ན་གསར་འགོད་ལས་རིགས་འདི་ཉིན་རེའི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཇ་དང་ཚྭ་ལྟ་བུར་གྱུར་ཡོད་ལ།འཛམ་གླིང་ཐོག་ཉིན་རེར་གནས་ཚུལ་ཅི་བྱུང་རྦ་གསང་མེད་པར་ཉན་མཁན་དང་ཀློག་མཁན་གྱི་མིག་ལམ་དང་མཐོང་ལམ་དུ་དུས་ལྟར་ཕུལ་རྒྱུ་དེ་ལས་གལ་ཆེ་བ་ཞིག་མཐོང་གི་མེད་ལ།ཐ་ན་གུང་གསེང་དུས་སུ་ལམ་སང་གློག་ཀླད་དང་བརྙན་འཕྲིན་གྱི་ཁ་ཕྱེས་ནས་གསར་འགྱུར་ཅི་ཡོད་ལ་མ་བལྟས་ན་སེམས་ནས་དོན་དག་ཅིག་སྒྲུབ་མེད་བསམ་པའི་ཚོར་བ་ཞིག་རང་བཞིན་གྱིས་ཡོང་གི་འདུག
༣ མི་མང་པོ་ཞིག་གིས་གསར་འགོད་པ་ཞིག་ཡིན་ན། གནས་ཚུལ་ཕྱོགས་ལྷུང་མེད་པར་འགོད་ཐུབ་རྒྱུ་གལ་ཆེན་པོ་རེད་ཟེར། དེ་བདེན་པ་རེད་དམ། བདེན་པ་ཡིན་ན། གནས་ཚུལ་ཕྱོགས་ལྷུང་མེད་པ་ཟེར་བ་དེ་ཇི་འདྲ་ཞིག་ལ་ངོས་འཛིན་དགོས་སམ།
ལན། དེ་བདེན་པ་རེད་། གསར་འགོད་པ་ཞིག་གི་གཞི་རྩའི་འགན་ནི་གནས་ཚུལ་ཕྱོགས་ལྷུང་མེད་པར་འགོད་རྒྱུ་དེ་རེད་།གནས་ཚུལ་ཕྱོགས་ལྷུང་མེད་པ་ཟེར་བ་དེ་གནས་ཚུལ་གྱི་ཡག་ཉེས་ལ་མ་བལྟས་པར་གནས་ཚུལ་ཅི་བྱུང་དུས་ཐོག་དྲང་མོ་དྲང་རྐྱང་ཐོག་འགོད་རྒྱུ་དེ་ཡིན་རྒྱུ་རེད་།
༤ གསར་འགོད་པ་ཞིག་ཡིན་ན། དྲང་བདེན་སྐྱོང་མཁན་ཞིག་ཡིན་དགོས་རྒྱུ་གལ་ཆེན་པོ་རེད་དམ་མ་རེད། རྒྱུ་མཚན་ཅི།
ལན་། གསར་འགོད་པ་ཞིག་ན་གནས་ཚུལ་དྲང་མོར་འགོད་རྒྱུ་དེ་གསར་འགོད་པའི་འགན་རེད་།ཡིན་ནའང་གསར་འགོད་པ་ཁྲིམས་དཔོན་མ་རེད་།གསར་འགོད་པའི་ལས་འགན་ནི་མི་མང་ལ་གནས་ཚུལ་ངོ་མ་དེ་ནོར་འཕྲུལ་མེད་པར་དུས་ཐོག་མཁོ་སྤྲོད་བྱས་ནས། མི་མང་གིས་རང་དབང་གི་སྤྱི་ཚོགས་འཚོ་བའི་ཁྲོད་ནུས་བ་འདོན་སྤེལ་བྱེད་རྒྱུ་དེ་རེད་།
༥ ངེད་ཀྱི་བསམ་པར། མཚམས་ལན་རེར་བོད་རིགས་གསར་འགོད་པ་ཚོའི་ནང་ན་གནས་ཚུལ་དང་བསམ་ཚུལ་མཉམ་བསྲེས་བྱེད་མཁན་འདུག ཁྱེད་རང་གི་ངོས་ནས་འདིའི་ཐོག་ལ་དགོངས་ཚུལ་ཅི་ཡོད།
ལན། དེ་གསར་འགོད་པའི་ཐིག་ལམ་ལས་བརྒལ་བ་རེད་།གསར་འགོད་པ་ཞིག་ཡིན་དུས་མི་རིགས་དང་རྒྱལ་མཚམས་ཀྱི་དབྱེ་བ་མེད་པར་གནས་ཚུལ་གང་ཞིག་བྱུང་བ་དེར་བདར་ཤ་བཅད་ནས་།གནས་ཚུལ་རིན་ཐང་ཡོད་པ་དང་དངོས་གནས་ཡིན་པའི་ཆ་དེ་ཕྱི་ལ་བསྒྲགས་པ་ལས་།སོ་སོའི་སྒེར་གྱི་དགའ་སྡང་ཕྱོགས་ཞེན་གྱི་དབང་དུ་ཁྱེར་ན་འགྲིག་གི་ཡོད་པ་མ་རེད་ལ། སོ་སོའི་བསམ་ཚུལ་ཡང་གསལ་བོ་བྱས་ནས་མཉམ་བསྲེས་བྱས་ན་འགྲིག་གི་མ་རེད།
༦ བོད་རིགས་གསར་འགོད་པ་ཚོས་མཚམས་རེར་གནས་ཚུལ་ཁུངས་འཕེར་ཐུབ་པ་འགོད་ཐུབ་ཀྱི་མི་འདུག་བསམ་པའི་བསམ་ཚུལ་ཡོང་གི་འདུག འདིའི་ཐད་ནས་ཁྱེད་ལ་དགོངས་ཚུལ་ཅི་ཡོད།
ལན། བོད་རིགས་གསར་འགོད་པ་ཚོས་བོད་ནང་གི་གནས་ཚུལ་བསྡུ་ལེན་དུས་སུ་རྒྱ་ནག་གཞུང་གི་བཀག་སྡོམ་གྱིས་ང་ཚོ་ཐད་ཀར་བོད་ནང་བསྐྱོད་ཐུབ་ཀྱི་མེད་པར་བརྟེན། དཀའ་ངལ་ངེས་ཅན་ལ་འཕྲད་ཀྱི་འདུག ང་རང་ལ་མཚོན་ན་གནས་ཚུལ་མང་ཆེ་བ་ཁ་པར་བརྒྱུད་འབྲེལ་བ་བྱེད་ཀྱི་ཡོད་ལ།གནས་ཚུལ་ཞིག་རེག་ཀྱང་ཡོང་ཁུངས་མང་པོ་མེད་པ་དང་།གཞུང་ཕྱོགས་ནས་ནམ་ཡང་ལན་འདེབས་མི་བྱེད་པ།ཡང་དུས་ཚོད་ཀྱི་ཆ་ནས་ང་ཚོ་བོད་མི་ཚོར་དུས་ཚོད་ཀྱི་འདུ་ཤེས་དྲག་པོ་མེད་པས་།དུས་ཚོད་ཏག་ཏག་མི་ཤེས་བ་།ཡང་གནས་ཚུལ་ཡོང་ཁུངས་གཉིས་བ་བརྗོད་མཁན་བཙན་བྱོལ་ཁྲོད་ཀྱི་བོད་མི་ཚོས་བོད་ནང་གི་གནས་ཚུལ་བརྗོད་དུས་ཁ་ཤས་ཀྱིས་རང་ཉིད་ཀྱི་བསམ་ཚུལ་དང་དྲིལ་བསྒྲགས་ཤུགས་ཆེན་པོས་མཉམ་བསྲེས་བྱེད་པ་བཅས་ཀྱི་གནས་ཚུལ་ཐོན་གྱི་ཡོད་ཕྱིར་།དེའི་བར་རོལ་ནས་གནས་ཚུལ་བདེན་པ་དེ་འཚོལ་དུས་དཀའ་ངལ་ངེས་ཅན་ཞིག་ལ་འཕྲད་ཀྱི་འདུག་ལ་།མཚམས་རེར་ནོར་འཁྲུལ་ཕྲན་བུ་རེ་ཤོར་བའི་གནས་ཚུལ་ཡང་བྱུང་གི་འདུག
༧ བོད་རིགས་གསར་འགོད་པ་ཚད་ལྡན་ཞིག་ཡོང་བ་ལ་ཆ་རྐྱེན་གཙོ་བོ་གང་དང་གང་ཚང་དགོས་སམ། ཁྱེད་ཀྱི་བསམ་ཚུལ་ཅིག་གསུང་རོགས།
ལན། བོད་རིགས་གསར་འགོད་པ་ཚོ་ཡང་དམངས་གཙོའི་སྤྱི་ཚོགས་ཁྲོད་ཀྱི་གསར་འགོད་པ་སྤྱི་མཚུངས་ལྟར་།དྲང་བདེན་དང་ནོར་འཕྱུག་མེད་པར་དུས་ཐོག་གནས་ཚུལ་མཁོ་སྤྲོད་བྱེད་དགོས་པ་མ་ཟད་།གནས་ཚུལ་བཙལ་ནས་གསར་འགྱུར་བཟོ་རྒྱུ་མ་ཟད་།གནས་ཚུལ་བཀོལ་སྤྱོད་མ་བྱས་སྔོན་ངེས་པར་དུ་བདར་ཤ་གཅོད་དགོས་པ་རེད་།གསར་འགོད་པ་ནི་དྲིལ་བསྒྲགས་བྱེད་མཁན་མ་ཡིན་ལ་ཁ་བརྡ་བཤད་མཁན་ཡང་མ་ཡིན་པར་།གནས་ཚུལ་ངོ་མ་ཇི་མ་ཇི་བཞིན་བཀོད་མཁན་དེ་རེད་།
༨ ཁྱེད་ཀྱིས་བསམ་ན། ད་ཕན་ང་ཚོར་ཡོད་པའི་གསར་འགོད་བརྒྱུད་ལམ་ཁག་གིས་བོད་དོན་ཁྱབ་བསྒྲགས་ཀྱི་ཐད་ལ་ནུས་ཤུགས་ཆེན་པོ་ཐོན་གྱི་འདུག་གམ།
ལན། ངས་གོང་ནས་བཤད་ཟིན་པ་བཞིན་གསར་འགྱུར་བརྒྱུད་ལམ་ཁག་ནི་གཞུང་དང་ཚོགས་པ་གང་རུང་གི་དྲིལ་བསྒྲགས་ལག་ཆ་མ་རེད་ལ་དེས་གནས་ཚུལ་ཁྱབ་བསྒྲགས་ཀྱང་བྱེད་ཀྱི་མ་རེད་།ཡིན་ནའང་གནས་ཚུལ་གང་ཞིག་ངོ་མ་དང་དྲང་མོར་མི་མང་ལ་མཁོ་སྤྲོད་བྱེད་ཀྱི་ཡོད་པས་ཆ་ནས་གནས་ཚུལ་ཤེས་རྟོགས་ཆེད་ཏན་ཏན་ནུས་བ་ཐོན་གྱི་ཡོད་ངེས།
༩ བཙན་བྱོལ་གྱི་གསར་འགོད་བརྒྱུད་ལམ་ཁག་གི་དམིགས་ས་གཙོ་བོ་གང་ལ་གཏད་ན་དགེ་ཕན་ཆེ་བ་མཐོང་གི་འདུག་གམ།
ལན། བཙན་བྱོལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གི་དམིགས་ས་གཞིས་བྱེས་བོད་ཀྱི་སྤྱི་ཚོགས་དང་ལྷག་པར་དུ་བོད་ནང་གི་གནས་ཚུལ་གཙོ་བོར་འཛིན་དགོས་པར་བསམ།
༡༠ ད་ཕན་བཙན་བྱོལ་སྤྱི་ཚོགས་སུ་ཆེད་ལས་གསར་འགོད་པ་ཉུང་ཤས་ཤིག་ལས་མེད་པའི་རྒྱུ་རྐྱེན་གཙོ་བོ་གང་ལ་ཐུག་འདུག་དགོངས་ཀྱི་འདུག
ལན། བཙན་བྱོལ་གྱི་བོད་སྤྱི་ཚོགས་ཙམ་མ་ཡིན་པར་།ཡོངས་ཁྱབ་ཀྱིས་བོད་ཕྱི་ནང་གཉིས་ཀྱི་སྤྱི་ཚོགས་ཧྲིལ་པོར་བོད་མི་ཆེད་ལས་གསར་འགོད་པ་མང་པོ་མེད་པར་བསམ་གྱི་ཡོད་པ་རེད། དེ་བདེན་པ་རེད། རྒྱུ་མཚན་ནི་བོད་ཕྱི་ནང་གཉིས་སུ་ད་བར་ཆེད་གཉེར་བོད་ཡིག་གི་གསར་འགྱུར་ལས་རིགས་ཐད་ཀྱི་སློབ་གྲྭ་ཆེན་མོའམ་གཙུག་ལག་ཁང་ཕར་ཞོག ཐ་ན་སློབ་གྲྭ་ཆེན་མོ་ཁག་ཏུ་བོད་ཡིག་ནང་གསར་འགྱུར་ཆེད་ལས་སྐོར་གྱི་སྡེ་ཚན་ཞིག་ཀྱང་མེད་པ་འདྲ། ཡིན་ནའང་དབྱིན་ཡིག་དང་རྒྱ་ཡིག་སོགས་སྐད་རིགས་གཞན་པའི་ཐོག་གསར་འགྱུར་ཆེད་ལས་སློབ་གཉེར་གནང་མཁན་བོད་མི་གྲངས་ཀ་ཉུང་ཉུང་ཞིག་ཡོད་པ་རེད། དེ་མིན་དམིགས་བསལ་གསར་འགྱུར་ཆེད་གཉེར་སློབ་གྲྭར་འགྲོ་མྱོང་མེད་ཀྱང་། བོད་ཕྱི་ནང་གི་གསར་འགྱུར་ལས་རིགས་མི་སྣ་མང་པོ་ཞིག་གིས་སོ་སོའི་ལས་གནས་སུ་འབད་འབུངས་ཀྱི་བྱ་བའི་བརྒྱུད་རིམ་ཁྲོད་ཤེས་བྱ་དང་ཉམས་མྱོང་མང་པོ་བསགས་ཡོད་པ་མ་ཟད་། སྐད་རིགས་གཞན་པའི་ཆེད་ལས་མཁས་པ་གདན་འདྲེན་གྱིས་གསར་འགྱུར་ཆེད་ལས་སྐོར་གྱི་ཤེས་ཡོན་སྦྱོང་བརྡར་སྤྲད་པ་སོགས་ལ་བརྟེན་ནས། ད་ཆ་གསར་འགྱུར་ལས་རིགས་ཕྱོགས་ཀྱི་ཆེད་ལས་ཤེས་ཚད་དང་གཅིག་མཚུངས་ཀྱི་བོད་མི་གསར་འགོད་པ་བོད་ཕྱི་ནང་གཉིས་ན་མི་ཉུང་བ་ཞིག་ཡོད་པར་སྙམ།
༡༡ རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་སྣང་བོད་ནང་གི་གནས་སྟངས་ཐོག་ལ་འདྲེན་ཐབས་སུ་བཙན་བྱོལ་གྱི་གསར་འགོད་བརྒྱུད་ལམ་ཁག་གིས་ལས་འགུལ་ཇི་འདྲ་ཞིག་སྤེལ་ན་ནུས་བ་དམིགས་བསལ་ཐོན་གྱི་རེད་དགོངས་ཀྱི་འདུག་གམ།
ལན། གོང་ནས་བཤད་ཟིན་པ་ལྟར་གསར་འགྱུར་བརྒྱུད་ལམ་ཁག་ནི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་མ་རེད་།དེའི་ངོས་ནས་ལས་འགུལ་སྤེལ་ན་འགྲིག་གི་མ་རེད་།ཡིན་ནའང་བོད་ནང་ད་ལྟ་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་མེད་པ་སོགས་དངོས་གནས་ཡིན་པས་།གལ་ཏེ་བོད་ནང་གི་བོད་མི་ཚོས་གནས་སྟངས་དེའི་ཐད་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་མང་པོ་བརྗོད་ཐུབ་ན་རང་བཞིན་གྱིས་རྒྱལ་སྤྱིའི་སྟེང་བོད་ནང་གི་གནས་སྟངས་ཐད་དོ་སྣང་ཇེ་ཆེར་འགྲོ་གི་རེད་།
༡༢ བཙན་བྱོལ་བོད་གཞུང་གི་ངོས་ནས་གཞུང་སྒེར་གསར་འགོད་ལས་རིགས་ཀྱི་བརྒྱུད་ལམ་ཁག་རྒྱ་ཆེ་རུ་གཏོང་ཐབས་སུ་རོགས་རམ་དང་རྒྱབ་སྐྱོར་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་དགོངས་ཀྱི་འདུག་གམ། རྒྱུ་མཚན་ཅི།
ལན། གསར་འགྱུར་ལས་རིགས་ནི་གཞུང་སྒེར་དང་ཚོགས་པ་གང་རུང་གི་དྲིལ་བསྒྲགས་ལག་ཆ་བྱས་ན་འགྲིག་གི་ཡོད་པ་མ་རེད་།ཡིན་ནའང་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་ནང་གསར་འགྱུར་བརྒྱུད་ལམ་ཇི་ཙམ་མང་ན་དེ་ཙམ་གྱིས་བོད་དོན་ཤེས་རྟོགས་ཐད་ནུས་བ་ཐོན་སྲིད།
༡༣ མཚམས་ལན་རེར། བཙན་བྱོལ་གཞུང་གི་གནས་ཚུལ་ཆེ་ཕྲག་ཁག་ཅིག་བོད་རིགས་གསར་འགོད་པ་ཚོའི་ལག་ལ་མ་སླེབས་སྔོན་ནས་ཕྱི་རྒྱལ་གསར་འགོད་པ་ཚོའི་ལག་ལ་ཤོར་འགྲོ་གི་ཡོད་པ་རེད། འདིའི་ཕྱོགས་ལ་ཁྱེད་རང་སྒེར་ལ་བསམ་ཚུལ་ཅི་ཡོད།
ལན། གསར་འགྱུར་བརྒྱུད་ལམ་གང་ཞིག་ཡིན་རུང་གནས་ཚུལ་ཐོག་མར་རེག་པར་བརྩོན་ལེན་དང་མཐོང་ཆེན་བྱེད་ཀྱིན་པའི་ཆ་ནས།བཙན་བྱོལ་གཞུང་གིས་གནས་ཚུལ་དང་པོར་་ཕྱི་རྒྱལ་གསར་འགོད་པར་སྤྲད་ན་རྒྱལ་སྤྱིའི་སྟེང་རང་བཞིན་གྱིས་དོ་སྣང་ཆེན་པོ་ཡོང་གི་ཡོད་པས། དེ་ནི་བོད་དོན་ཤེས་རྟོགས་ཀྱི་ཆ་ནས་ལེགས་པོར་ངོས་འཛིན་བྱེད་ཀྱི་ཡོད།
༡༤ ཁྱེད་རང་ཕྱི་སྡོད་གསར་འགོད་པ་ཞིག་གི་ངོས་ནས། བོད་ནང་གི་གནས་ཚུལ་ཁག་དུས་ཐོག་ལ་མ་རེག་པའི་དཀའ་ངལ་འཕྲད་ཀྱི་འདུག་གམ། དཀའ་ངལ་དེ་དག་ལ་གདོང་ལེན་བྱེད་སྟངས་གསར་བ་མཐོང་གི་འདུག་གམ།
ལན། ང་རང་ཕྱི་ལོག་ན་ཡོད་པའི་གསར་འགོད་པ་ཞིག་ཡིན་པས་ངོས་ནས་དུས་ཚོད་ཀྱི་ཆ་ནས་གནས་ཚུལ་མྱུར་དུ་མ་རེག་པའི་དཀའ་ངལ་ལས་གཞན། གནས་ཚུལ་བརྗོད་མཁན་གྱི་བདེ་འཇགས་ཀྱི་ཆ་ནས་གནས་ཚུལ་དེ་དུས་ཐོག་གཏོང་མི་ཐུབ་པའམ་ཡང་ན་རྩ་བ་ནས་གཏོང་མི་ཐུབ་པ་སོགས་དཀའ་ངལ་གང་མང་ཞིག་ལ་འཕྲད་ཀྱི་ཡོད་པ་རེད། དམིགས་བསལ་གྱིས་འདི་བགྱི་དགོས་ཞེས་མངོན་གསལ་བཤད་རྒྱུ་གང་ཡང་མེད། སྟབས་བསྟུན་ཐབས་མཁས་ཐོག་མུ་མཐུད་དུ་བོད་ནང་གི་གནས་ཚུལ་རེག་པར་འབད་བརྩོད་རྒྱུན་འཁྱོངས་བྱེད་རྒྱུ་དེ་རེད་།
༡༥ ཁྱེད་རང་ཕྱི་སྡོད་བོད་རིགས་རྩོམ་པ་མོ་ཞིག་གི་ངོས་ནས། བོད་ཕྱི་ནང་གི་བོད་རིགས་བུད་མེད་ཚོའི་གནས་སྟངས་ལ་སེམས་ཁྲལ་འདུག་གམ། རྒྱུ་མཚན་ཅི།
ལན། དང་པོ་༼རྩོམ་པ་མོ༽ཟེར་པའི་ཚིག་དེར་དགའ་མ་སོང་།རྩོམ་འབྲི་བ་ཡོངས་ལ་རྩོམ་པ་པོ་ཞེས་པའི་མིང་དེ་ཆགས་ཟིན་པས་།དམིགས་བསལ་ཕོ་དང་མོ་ཡི་དབྱེ་བ་བཀར་བའི་དགོས་པ་རྒྱུ་མཚན་མཐོང་མ་སོང་ལ། གལ་ཏེ་ཡིན་གཅིག་མིན་གཉིས་དབྱེ་འབྱེད་བྱེད་དགོས་ན་བུད་མེད་རྩོམ་པ་པོའམ་སྐྱེས་མའི་རྩོམ་པ་པོ་ཞེས་བརྗོད་ན་འགྲིག་གི་འདུག་སྙམ། ང་ཚོ་བོད་ཀྱི་སྤྱི་ཚོགས་ནང་ནམ་ཞིག་ཕོ་མོའི་དབྱེ་བ་མེད་པར་ནུས་པའི་འཇོན་ཐང་གི་ཆ་ནས་འགྲོ་བ་མི་ཚང་མར་གདེང་འཇོག་གཅིག་མཚུངས་ཡོང་བར་རེ་སྨོན་བྱེད་ཀྱི་ཡོད་།ཡིན་ནའང་རེ་སྨོན་དེ་ལམ་སང་འགྲུབ་ཐུབ་པ་ཞིག་ག་ལ་ཡིན། ནུབ་ཕྱོགས་ཀྱི་དམངས་གཙོའི་ཡར་རྒྱས་རྒྱལ་ཁབ་མང་པོ་ཞིག་ལ་མཚོན་ནའང་ཕོ་མོ་དབྱེ་འབྱེད་ཀྱི་དཀའ་ངལ་གང་ལ་གང་འཚམ་དུས་ད་ལྟའང་གནས་ཡོད་པ་རེད། དེ་བཞིན་བོད་ཕྱི་ནང་གི་བོད་རིགས་བུད་མེད་ཚོའི་གནས་སྟངས་ཡང་སྤྱི་ཚོགས་ཀྱི་ཕྱིའི་དངོས་པོ་དང་ནང་ཤེས་ཡོན་གྱི་ཡར་རྒྱས་དང་བསྟུན་ནས་ཡར་རྒྱས་འགྲོ་གི་འདུག་ལ་འགྲོ་ཡང་དགོས་པ་རེད། བུད་མེད་སོ་སོའི་ངོས་ནས་ཤེས་ཡོན་སློབ་སྦྱོང་རེག་པ་ཡིན་ན་དཔལ་འབྱོར་ཐོག་རང་རྐྱ་འཕེལ་བ་གནང་ཐུབ་པ་དང་། དེ་ནས་སྤྱི་ཚོགས་ཐོག་གོ་གནས་ངེས་ཅན་ཟིན་ཐུབ་ཀྱི་རེད། སྔོན་མ་དང་བསྡུར་ན་དེང་གི་དུས་ནི་བོད་ཕྱི་ནང་གཉིས་སུ་བུད་མེད་ཀྱི་གནས་སྟངས་ཇེ་ལེགས་སུ་འགྲོ་བཞིན་པའི་མཚོན་རྟགས་ཤིག་མཐོང་གི་འདུག ཡིན་ནའང་འདིའི་ཐད་སྤྱི་ཚོགས་སྟེང་མུ་མཐུད་དུ་བུད་མེད་ཚོར་སློབ་སྦྱོང་སོགས་ཀྱི་གོ་སྐབས་སྤྲད་ནས་བུད་མེད་ཚོར་སྤྱི་ཚོགས་ཁོར་ཡུག་ཅིག་བསྐྲུན་དགོས་པ་མ་ཟད། བུད་མེད་སོ་སོའི་ངོས་ནས་ཡང་རང་རྐྱ་འཕེལ་བའི་ཐོག་སྐྱེས་པ་ཚོའི་སྒྲུབ་ཐུབ་པ་གང་ཞིག་ངས་ཀྱང་སྒྲུབ་ཐུབ་བསམ་པའི་སྤོབས་པ་དང་ཡིད་ཆེས་ཁྱེར་ནས་དཀའ་ངལ་སྣ་ཚོགས་ལ་གདོང་ལེན་བྱེད་དགོས་པ་རེད། ད་ལྟ་ནི་བོད་ཕྱི་ནང་གཉིས་སུ་བུད་མེད་རྣམས་ཤེས་ཡོན་སློབ་གསོའི་ཕྱོགས་ཡིན་ན་རེད། ལས་ཞུགས་ཀྱི་གྲངས་འབོར་ཡིན་ན་རེད། དེ་བཞིན་སྤྱིར་བཏང་གི་རོང་འབྲོག་དཀྱུས་མའི་བུད་མེད་ཚོའི་གནས་སྟངས་ཡིན་ན་རེད། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཡར་རྒྱས་འགྲོ་བཞིན་པ་རེད། ཡིན་ནའང་སྤྱིར་བཏང་གི་རོང་འབྲོག་དཀྱུས་མའི་བུད་མེད་དམ་ཁྱིམ་ཚང་གི་བདག་མོ་ཚོ་དོན་དངོས་ཐོག་ཁྱིམ་ཚང་དེའི་དོན་དག་ཆེ་མ་ཆུང་གསུམ་ཐག་གཅོད་གྲོས་བསྡུར་ནང་ཞུགས་ཐུབ་ཀྱི་ཡོད་མེད་དང་དངོས་གནས་ཀྱི་དབང་ཚད་ག་འདྲ་ཡོད་མེད་སོགས་ནི་ད་དུང་འདྲི་རྟགས་ཤིག་རེད་སྙམ།
(ཞོར་འཕྲོས། གོང་བཀོད་དྲི་བ་དག་ལ་ལྕགས་མོ་འཚོས་དྲི་ལན་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག
བོད་རིགས་གསར་འགོད་པ་གཞན་དག་སྟེ། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་དང་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ། ནོར་ལྦེའི་རླུང་འཕྲིན་གྱི་གསར་འགོད་པ། བོད་ཀྱི་དུས་བབ་གསར་འགོད་པ། བོད་ཀྱི་བང་ཆེན་གསར་འགོད་པ། སྤྱི་ཚོགས་མེ་ལོང་གསར་འགོད་པ། ད་དུང་། སྒེར་གཉེར་དུས་དེབ་དང་ཚགས་པར་གྱི་གསར་འགོད་པ་སོགས་ལས་ཐོག་གསར་འགོད་པ་སྤྱི་དང་། ལྷག་པར་དུ་། རྩོམ་སྒྲིག་པ་ཟུར་བ་དང་གསར་འགོད་པ་ཟུར་བ་རྣམས་ཀྱིས་ཀྱང་། བོད་རིགས་ྐློག་པ་པོ་ཚོའི་ཆེད་དུ། སོ་སོའི་བསམ་ཚུལ་ཁ་སྣོན་རྒྱག་རོགས། སོ་སོའི་ཉམས་མྱོང་བགོ་བཤའ་རྒྱག་རོགས།)
བཅར་འདྲི་འདི་དྲ་ངོས་ལ་བཞག་རྗེས། དགོངས་དག་ཚིག་གཅིག་ཞུ་འདོད་བྱུང་། དེ་ནི་”རྩོམ་པ་མོ་”ཟེར་བའི་ཐ་སྙད་དེའི་སྐོར་ནས་ཡིན། ཐ་སྙད་འདི་ངེད་ཀྱིས་གཟབ་ནན་མ་བྱས་བར་ལག་ནས་ཤོར་འདུག ཐ་སྙད་འདིའི་བེད་སྤྱོད་དང་དེ་ལ་དབྱེ་འབྱེད་ཀྱི་རིམ་པ་ཡོད་མེད་སོགས་ངེད་ཀྱིས་མི་ཤེས།
ངེད་ཀྱིས་མི་ཤེས་བ་ཞིག་བེད་སྤྱོད་བཏང་འདུག དེ་ལ་དགོངས་དག་ཞུ་གི་ཡིན།
གསར་འགྱུར་ཉན་མཁན་ཞིག་གི་བསམ་འཆར་བཤད་ན། ལྕགས་མོ་འཚོ་ལ་ཁྱད་ཆོས་བཟང་པོ་གཅིག་ཡོད་པ་ནི། ཁོང་གིས་བཅར་འདྲི་ཞུ་དུས། འདྲི་བ་ཐུང་ལ་ཟབ་པ་དེ་རེད། ཁོང་གིས་ཉན་མཁན་ལ་གུས་ཞབས་ཆེན་པོའི་རྣམ་པ་བཏོན་གྱི་འདུག
དེ་མིན་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་ནང་གི་སྐྱོན་ཆེ་ཤོས་གཅིག་ནི་འདྲི་བ་རིང་པོ་ཞིག་དང་དེ་ལ་གསར་འགོད་པ་རང་ཉིད་ནས་ལན་བརྒྱབ་ནས། བཅར་འདྲི་ཞུ་ཡུལ་མི་དེ་ཁའི་ནང་ལ་མཛུབ་མོ་བཙུགས་ནས་སྡོད་རྒྱུ་དང་། ཉན་མཁན་རྣམས་གསར་འགོད་པའི་ཆིག་ལབ་རིང་མོ་ཞིག་ལ་བསུན་ནས་སྡོད་དགོས་ཀྱི་འདུག
ལྟོས་ཨང་། དཔེར་ན།
གཏམ་གླེང་ཞལ་པར་ཟེར་བའི་ནང་།
“ད་ལྟ་རྒྱ་བོད་གཉིས་ཀྱི་འབྲེལ་མོལ་དེ་ཐེངས་བརྒྱད་ཙམ་གནང་བའི་ནང་། གྲུབ་འབྲས་གང་བྱུང་ཡོད་དམ་ཞུ་རྒྱུ་དང་། ཡང་དེ་བཞིན། དབྱེ་ཞིབ་པ་ཁག་གཅིག་གིས་གསུངས་ན། འབྲེལ་མོལ་དེ་ལ་དོན་དག་བྱུང་མེད་པ་དང་། དེ་རྒྱ་ནག་གཞུང་གིས་ཨ་རིའི་སྲིད་གཞུང་ལ་མགོ་བོ་སྐོར་ཆེད་རེད་ཟེར་བ་དང་། ཡང་ཁག་གཅིག་གི་གསུངས་ན་དེ་ལ་གཏན་གཏན་འབྲས་བུ་ཡོད་རེད་གསུངས་ཀྱི་འདུག ཨ་ནི་དེ་བཞིན་ཁ་སང་རྒྱ་ནག་གི་ཕྱི་འབྲེལ་མགྲིན་ཚབ་པས་ཀྱང་ད་རེས་ཀྱི་འབྲེལ་མོལ་དེས་ཕན་ཚུལ་བསམ་ཚུལ་བརྗེ་བར་ཕན་ཡོད་གསུང་གི་འདུག ཡང་ཁ་སྔོན་རྒྱ་རི་རིན་པོ་ཆེས་གསར་འགོད་པར། ང་ཚོས་འབྲེལ་མོལ་དེ་བརྒྱུད་ནས་རྒྱ་ནག་གི་འགོ་པར་རྒྱལ་བ་རིན་པོ་ཆེའི་དབུ་མའི་ལམ་ལ་འགྲེལ་བཤད་ཡག་པོ་ཞིག་བརྒྱབ་ཡོད་ཟེར།
བྱས་ཙང་། ད་ཁྱེད་རང་གི་བྱས་ན་འདིའི་སྐོར་ལ་དགོངས་ཚུལ་གང་འདྲ་འདུག ལྷག་པར་དུ། ༢༠༠༨ནས་བཟུང་བོད་ནང་ལ་ངོ་རྒོལ་ཆེན་པོ་བྱུང་སྟབས། དེ་རྒྱ་ནག་གཞུང་གིས་ལྟ་ཚུལ་ལ་འགྱུར་བ་ཨེ་ཡོད། དཔེར་ན། བོད་ཀྱི་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་འདི་འདྲ་གསུངས་ཀྱི་འདུག ཚང་མས་འདི་གཅིག་གསན་རོགས་གནང་། འོ་ད་གོང་དུ་བཞུས་པ་བཞིན་ད་རེས་ཀྱི་འབྲེལ་མོལ་ཐོག་ལ་ཨ་ནི་བསམ་ཚུལ་མི་འདྲ་བ་མང་པོ་ཡོང་གི་ཡོད་ཙང་ད་རེས་ང་ཚོས་དམིགས་བསལ་ཁོང་གདན་འདྲེན་ཞུས་ནས་དེའི་སྐོར་ལ་བགྲོ་གླེང་བྱེད་ཀྱི་ཡོད།་ཟེར།
ད་ལྟོས་དང་། འདི་སྨྱོ་ལབ་ལྟ་བུ་ལས་གསར་འགོད་པ་ཤིག་གི་ལས་ཀ་རེད་དམ།
ང་ཚོ་ལ་མང་ཚོགས་ཀྱི་བསམ་འཆར་ཤེས་འདོད་པ་ལས། གསར་འགོད་པའི་དེང་དུས་ཀྱི་མཁྱེན་རྒྱ་དང་ཁོང་གི་བསམ་འཆར་ཤེས་འདོད་མེད། དེར་བརྟེན། ཨེ་ཤ་ཡའི་རླུང་འཕྲིན་གྱི་འགོ་འཛིན་པ་ལགས། གསར་འགོད་པ་ཚོར་འདྲི་བ་འདྲི་སྟངས་ཤིག་སློབ་རོགས་གནང་།
ང་ཚོར་སྤྲད་པའི་འཚོར་སྣང་ནི། གསར་འགོད་པ་ཁག་གཅིག་ང་རྒྱལ་ཆེ་བ། རང་འདོད་ཆེ་བ། རང་གི་ལྟ་བ་ལས་གཞན་ལ་རྩི་འཇོག་དང་གུས་ཞབས་མེད་པ། རླུང་འཕྲིན་འདི་ཁོང་ཚོའི་རང་ངོམས་བྱ་ཡུལ་གྱི་གཡུལ་རྭ་ལྟ་བུ་ཞིག་ཡིན་པའི་འཚོར་སྣང་སྤྲོད་ཀྱི་འདུག
ད་དེ་ལ་འགྱུར་བ་ཞིག་མ་གཏོང་ན་བོད་སྐད་ནང་བཅར་འདྲི་ཉན་པར་བསུན་གྱི་འདུག
ངའི་ཉམས་མྱོང་ལྟར་བྱས་ན་རེབ་གོང་བ་འདི་ཚོ་མྱི་ངན་ཡ དཀར་པོ་དགེ་བ
ངོ་ཚ་རྒྱུ་ཞིག་མེད།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ལགས།
ཚིག་དེ་ཐོག་མར་བེད་སྤྱོད་བྱེད་མཁན་ཁྱེད་རང་མིན་པ་ཤེས་ཡོད་།ཡིན་ནའང་ཐེངས་འདིའི་གོ་སྐབས་བསྟུན་ཚང་མར་རང་གི་བསམ་ཚུལ་བརྗོད་པ་ལས་ཁྱེད་ལ་དམིགས་བསལ་བསམ་འཆར་གང་ཡང་མེད།ཡང་ཁ་སྣོན་ཞིག་ལ་ངས་འདིར་རྩོམ་པ་པོ་ཞེས་པའི་པོ་དེ་བདག་སྒྲར་གོ་གི་ཡོད།ཚང་མས་བསམ་ཚུལ་ལྷུག་པོར་གསུང་རོགས་གནོངས།
ཨ་རླུང་དང་ཨེ་རླུང་གང་ཡིན་ཡང། སྤྱིར་བཏང་གཏན་ནས་སྐྱོན་མེད་ཅིག་འབྱུང་དཀའ་མོད། གང་ལྟར་བོད་ནང་ལ་མཚོན་ན་འདི་གཉིས་མེད་ན་ཕལ་ཆེར་མིག་དང་རྣ་བ་གཉིས་མེད་སོང་བ་ལྟ་བུ་རེད། དེས་ན་གསར་ཁང་འདི་གཉིས་ཡར་རྒྱས་གོང་འཕེལ་དུ་སོང་ན། ཕྱི་བོད་ནང་བོད་གཉིས་ལ་གནས་ཚུལ་སྤེལ་བར་འདི་དག་ལས་ལྷག་པ་ཞིག་མེད་ཡ། ང་རང་ལ་མཚོན་ན་ཨ་རླུང་ཚང་གི་ཀུན་གླེང་དང་། ཨེ་རླུང་ཚང་གི་ཨམ་སྐད་གཉིས་ལ་ཉན་པར་དགའ་བོ་ཡོད་ལ། ཁོམ་སྐབས་དང་བསྟུན་ཉན་གིའང་ཡོད།
请大家看看中国新华网的报道:
“日期:2010-02-24 1
首页-海外反“独”促统-北美洲-华侨华人
2010年2月21日,中国驻洛杉矶副总领事孙伟德出席由旅美心灵音乐制作者和歌唱家央金拉姆发起的“中国海外藏族协会”成立仪式。该协会理事会主席央金拉姆、荣誉理事长陈履安、协会顾问克相仁波切、全球整合医疗联盟主席梅尔森、亚洲学者基金总裁菲利普女士、洛克菲勒家族成员等出席。”
“孙伟德对“中国海外藏族协会”成立表示祝贺。他说,美国民众对西藏和西藏问题还存在不少误解,甚至偏见。相信该协会的成立及其有关活动,将有助于弘扬藏族传统文化,促进中美交流合作。希望更多的美国朋友到西藏去看看,了解真实的西藏。”
昨天,也就是三月六日,在拉萨有五百图伯特人被拘捕,镇压行动和前年一样,在全图伯特进行着.这个藏族协会不是说要让美国朋友了解真实的西藏(中共称图伯特为西藏)吗?怎么连一口气都不出?一个字都不写呢?从整个操作,宣传等等,给人们的印象就是,这个被中共赞赏鼓励的“中国海外藏族协会”,就是中共的统战配套工程之一.中共主谋,陈履安摆宴.
中国新华社及其它媒体对此进行了广泛的报道,这就是信息战,精神战,宣传战,意识战.
བཅའ་འདྲི་ཡག་པོ་ཞིག་བཀླགས་ཟིན་པ་ཡིན། འོན་ཀྱང་། སྐད་ཡིག་གཞན་པ་འབྲི་མཁན་དག་རིག་ནས་སེམས་པ་མ་བདེ་བར་དེ་དག་ལ་འབོད་སྐུལ་ཞིག་ཞུ་རུ་ཡོང་བ་ཡིན། སྐུ་མཁྱེན་སྐད་ཡིག་གཞན་དག་ཤེས་ཀྱི་ཡོད་ན་ཁྱེད་ཅག་གི་བཟང་རེད། འོན་ཀྱང་། རང་སྐད་འབྲི་སར་གཞན་སྐད་གཏན་ནས་འཁྱེར་མ་ཡོང་རོགས།
ལྕགས་མོ་འཚོས་རྒྱ་ནག་གི་རྩོམ་པ་པོ་ཝང་ལི་ཞུང་ལ་བཅར་འདྲི་ཞུས་པའི་སྐོར་འདི་http://www.youtube.com/watch?v=wDKkDJl8kZ0&feature=related
མཐོང་མྱོང་། སྐབས་དེ་དུས་ཝང་གི་བསམ་ཚུལ་དེ་དག་ཉན་འདོད་བྱུང་མོད་དུས་ཚོད་མང་ཆེ་བ་ལྕགས་མོ་མཚོས་སྨྱོ་ལབ་ངང་བཏང་སོང་། དངོས་གནས་བྱས་ན་སྟབས་བདེའི་འཚམས་འདྲི་དང་བཅས་དྲི་བ་དེ་དག་ཚིག་ཐུང་འགའ་ཞིག་ནང་བསྡུ་ཐུབ་པ་ཡིན་མོད། རང་ཉིད་རྨ་བྱ་ལྟར་དུ་ང་རྒྱལ་གྱི་རྣམ་པ་ཞིག་འདོན་ཆེད་ཡིན་ནམ་ཤེས་རྒྱ་ཆེ་འདོད་ཀྱི་ཚུགས་ཀ་ངོམ་འདོད་གང་ཡིན་མི་ཤེས་མོད། གང་ལྟར་ཡང་སྨྱོ་ལབ་རིང་པོ་ཇི་ལྟར་བརྒྱབ་ཚུལ་གོང་ལ་བལྟ་རྒྱུར་བཞག་ཡོད། གསར་འགོད་པ་རྣམས་ཀྱིས་སྐྱོན་འདི་དག་ངེས་པར་དུ་སྤངས་དགོས་པ་རེད། གཞན་ཡང་གོང་དུ་བོད་པ་འབོད་པའི་སྨྱུག་མིང་འཛིན་པ་འདིས་གཏམ་གླེང་ཞལ་པར་གཙོ་སྐྱོང་མཁན་ལ་སྐྱོན་མང་པོ་ཞིག་བཏོན་འདུག གོང་གི་གཏམ་གླེང་དེ་ངས་ཉན་རྒྱུ་མ་བྱུང་། གཏམ་གླེང་ཞལ་པར་གཙོ་སྐྱོང་གནང་མཁན་སྒྲོལ་དཀར་གྱིས་ཉེ་ཆར་ཨ་ཀྱ་རིན་པོ་ཆེ་ལ་བཅར་འདྲ་ཞིག་ཞུས་སོང་ལ་བཅར་འདྲ་དེ་མགོ་ནས་མཇུག་བར་ཉན་རྒྱུ་བྱུང་། http://tinyurl.com/yl923cj བཅར་འདྲི་དེའི་ནང་དོན་གཙོ་བོ་འབབ་ས་ནི་རྒྱ་འོག་ཏུ་འཚོ་ཐབས་ཞེས་པའི་ཨ་ཀྱ་རིན་པོ་ཆེའི་རང་རྣམ་སྐོར་རེད། ཡིན་ན་ཡང་ཁོང་གཉིས་བར་གྱི་གཏམ་གླེང་དེ་གུ་ཡངས་བག་ཕེབས་ཀྱི་མཁའ་དབུགས་ཤིག་གི་ཁྲོད་དུ་བྱེད་ཐུབ་པ་དང་། གྲོགས་པོ་དང་གྲོགས་པོ་གཏམ་གླེང་བ་བཞིན་འཛེམ་ཟོལ་གང་ཡང་མེད་པའི་སྡིངས་ཆ་ཞིག་ཏུ་འཛེགས་ཐུབ་པར་བརྟེན་ཨ་ཀྱ་རིན་པོ་ཆེའི་ཞལ་ལས་དགའ་བའི་དགོད་སྒྲ་ལྷང་ལྷང་དུ་ཕྱུར་བ་མ་ཟད། ཁོང་རང་གི་ཐུགས་ན་ཡོད་པའི་སྐད་ཆ་གལ་ཆེན་པོ་མང་པོ་ཞིག་ཀྱང་ངག་ནས་སྤོབས་པའི་ངང་ཐོན་སོང་། དེ་ནི་ལེ་ཚན་གཙོ་སྐྱོང་མཁན་གྱི་སྐད་ཆའི་སྒྱུ་རྩལ་དང་ཐད་ཀར་འབྲེལ་བ་ཡོད་པ་རེད། གཏམ་གླེང་དེ་ཉན་རྗེས་ང་རང་སེམས་པ་དགའ་པོ་བྱུང་སོང་། རྒྱུས་མེད་པའི་སྒྲོལ་དཀར་ལ་ལས་ཁུངས་ནས་བྱ་དགའ་འགའ་གནང་མྱོང་བ་དེ་དག་ཐོབ་རིན་ཆོག་ཤག་བསམ་བྱུང་། ང་ཚོ་བོད་པ་ཚོ་ལ་སྐྱོན་ཞིག་ཡོད་པ་ནི་ཞེ་སྡང་ཆེན་པོ་དེ་རེད། དེ་ང་ཚོས་ངེས་པར་དུ་གདུལ་དགོས་འདུག གལ་སྟེ་ངའི་སྐད་ཆ་འདི་དག་ཁྱེད་རང་གི་བློ་རུ་མ་ཕྱིན་ན། ཁོང་རྣམ་གཉིས་ཀྱིས་བཅར་འདྲི་ཞུས་ཚུལ་དེ་ཡང་བསྐྱར་གཟིགས་ནས་བསམ་གཞིགས་ཤིག་གནང་དང་། བསྡུར་བ་ལས་ལེགས་ཉེས་ཆུ་ཚད་ཤེས་ཡོང་། ལས་གྲོགས་བར་དུ་ཕན་ཚུན་དགེ་མཚན་མང་ཙམ་མཐོང་རེས་དང་རང་ངོས་ཀྱི་སྐྱོན་མང་ཙམ་ངོས་འཛིན་ཐུབ་རྒྱུ་དེ་གལ་ཆེ་བ་ཡིན་ནོ། །
སྐུ་ཞབས་ལ་ལ་ལགས་ཀྱི་མཆན་བུ་འགའ་སྔ་མོ་ནས་དུས་བབ་དང་ཁ་བརྡ་གཉིས་ཀའི་སྒང་ནས་བྐླགས་མྱོང་ཡོད། མཆན་བུ་ག་རེ་བརྒྱབ་ན་ཡང་། བསམ་བློ་གཏོང་གཞི་ཡོད་ས་ཞིག་ལ་དམིགས་ནས་མཆན་བུ་རྒྱག་ཐུབ་ན་རབ་རེད། དེ་ལྟར་མ་བྱུང་རུང་། མི་གཞི་ལ་དམའ་འབེབ་སོགས་ཀྱི་རིགས་སྤངས་ཐུབ་ན་རྗེས་སོར་ཕྱོགས་གང་ཅིར་དགེ་ཕན་ཆེ།
དེ་ཙམ་ཡིན།
ལ་ལའི་མཆན་དེ་ལ་ང་ཡང་དགའ་མ་སོང་། དོན་མེད་ལྕགས་མོ་འཚོ་ལ་སྡང་ཟུག་བྱས་འདུག དེ་ཡག་པོ་ཁྱོན་ནས་མ་རེད། སྨྱོ་ལབ་བྱས་སོང་ཞེས་ཉེས་འགེལ་བྱས་པའི་སྨྱོ་ལབ་ཀྱི་དཔེ་མཚོན་འདི་ཡིན་ཞེས་བཀོད་ན་ང་ཚོས་སྨྱོ་ལབ་ཡིན་མིན་ཧ་གོ་གི་རེད། དེ་མེད་ན། ལ་ལ་ཁོང་གི་སྐད་ཆ་འདི་སྨྱོ་ལབ་རང་རེད། འོན་ཀྱང་། ལ་ལ་ཁོང་ལ་དྲི་བ་ཞིག་འདྲི་འདོད་བྱུང་། དེ་ནི། ཁྱེད་ཀྱིས་གོང་གི་སྐད་ཆ་དེ་ ལྕགས་མོ་འཚོའི་གདོང་ལ་ལབ་ཐུབ་བམ། རང་གི་མིང་སྦས། མི་གཞན་གྱི་མིང་བཏོན། དེའི་ཁར་ཅ་ཅོའི་ངུ་སྐད་འདོན་པ་འདི་ འགྲོ་བ་མིའི་བྱེད་སྟངས་ཤིག་ཁྱོན་ནས་མ་རེད།
དེ་རིང་གྲོགས་པོ་གསར་འགོད་པ་ཞིག་དང་མཉམ་དུ་སྐད་ཆ་བྱུང་། གྲོགས་པོས་གསུངས་ན། ད་ཕན། གསར་འགོད་ལས་རིགས་ཀྱིས་མི་མང་གི་གུས་བརྩི་དང་གདེང་འཇོག་དེ་ལེན་ཐུབ་ཡོད་མ་རེད་ཟེར། དེ་ལེན་མ་ཐུབ་པའི་རྒྱུ་མཚན་ཡང་། གནས་ཚུལ་ཕྱོགས་ལྷུང་མེད་པར་འགོད་མ་ཐུབ་པས་རྐྱེན་གྱིས་རེད་ཟེར།
འཛིན་གྲ་གྲོལ་རྗེས། ངས་དེའི་ཕྱོགས་ལ་བསམ་བློ་བཏང་། ངེད་ལ་ཡང་དོགས་པ་འགའ་བྱུང་།
དཔེར་ན། རྒྱ་ནག་གི་གསར་འགོད་བརྒྱུད་ལམ་ཁག་ཏུ། ་ད་ཕན་བོད་ཀྱི་གནད་དོན་ཐད། གནས་ཚུལ་ཕྱོགས་ལྷུང་མེད་པར་འགོད་ཀྱི་ཡོད་དམ། བརྒྱ་ཆ་དགུ་བཅུ་འགོད་ཀྱི་མེད་།
བཙན་བྱོལ་གྱི་གསར་འགོད་བརྒྱུད་ལམ་ཁག་ཏུ། རྒྱ་ནག་གི་གནད་དོན་ཐད། གནས་ཚུལ་ཕྱོགས་ལྷུང་མེད་པར་འགོད་ཐུབ་ཀྱི་ཡོད་དམ།
ཨ་རིའི་གསར་འགོད་བརྒྱུད་ལམ་ཁག་ཏུ་། རྒྱ་ནག་གི་གནད་དོན་ཐད། གནས་ཚུལ་ཕྱོགས་ལྷུང་མེད་པར་འགོད་ཀྱི་ཡོད་དམ། འདི་གཉིས་ལ་ཡང་བསམ་བློ་གཏོང་ས་ཞིག་ཡོད།
ངས་ “ལ་ལ་”མིང་ཅན་གྱིས་བཀོད་པའི་ལྕགས་མོ་འཚོའི་གསར་འགྱུར་དེ་ལ་བལྟས་པ་ཡིན། དེ་ནི་ ཝང་ལིས་ཞུང་སོགས་ལ་གཟེངས་རྟགས་ཤིག་སྤྲད་པའི་སྐོར་གྱི་གསར་འགྱུར་རེད་འདུག གསར་འགྱུར་དེ་ནི་མཛད་སྒོའི་སྐོར་གྱི་གསར་འགྱུར་ཁ་གསལ་བ་དང་ཆ་ཚང་བ་ཞིག་འདུག གསར་འགྱུར་གྱི་མགོ་མཇུག་བར་གསུམ་ཁ་ཚང་བ་ཞིག་འདུག རིང་ཚད་ལ་སྐར་མ་ ༥ མ་ཟིན་ཙམ་འདུག དེ་ལ་ནི་སྨྱོ་གཏམ་གཅིག་ཀྱང་མི་འདུག ད་ “ལ་ལ་”མིང་ཅན་མ་དགའ་ས་དེ་ནི་མཇུག་གི་སྐར་ཆ་ཁ་ཤས་ཀྱི་ནང་དུ་གསར་འགོད་པས་དྲི་བ་གཅིག་ལ་མཚམས་སྦྱོར་དང་བཅས་རྒྱ་བོད་སྐད་གཉིས་ཀྱི་ཐོག་ནས་དྲིས་པ་དེ་ལ་ཟེར་བ་འདྲ། རྒྱ་སྐད་མི་ཤེས་མཁན་ང་ལྟ་བུ་ལ་ཡག་པོ་འདུག འོན་ཀྱང་དུས་ཚོད་བསྲི་ཚགས་ཡོང་བར་སྐད་གཅིག་རྒྱང་བསྲིངས་ཞུས་ན་ལེགས་པ་མཐོང་། གང་ལྟར་སྨྱོ་ལབ་བྱས་པ་ཞིག་མི་འདུག་གོ།
གཉིད་མ་ཁུག་སྔོན་ལ་བསྐྱར་དུ་ཚིག་འགའ་ཞུ་གི་ཡིན།
སྒྲོལ་དཀར་ལགས་ཀྱི་གཏམ་གླེང་ཞལ་པར་གྱི་ལེ་ཚན་དེའི་འགོ་ནས་ཅུང་ཙམ་ཉན་པ་ཡིན།
དང་པོ། སྒྲོལ་དཀར་ལགས་ནས། “ཨ་ཀྱཱ་རིན་པོ་ཆེའི་ཆོས་ཚོགས་ཀྱི་མིང་ལ་ནུབ་ཕྱོགས་སྐུ་འབུམ་བྱམས་བརྩེ་གླིང་”ཞེས་གསུངས་སོང་། ངེད་ཀྱིས་ཆོས་ཚོགས་ཀྱི་རྒྱལ་སྒོའི་སྒང་ནས་མཐོང་བའི་མིང་དེ་ནུབ་ཕྱོགས་སྐུ་འབུམ་བྱམས་བརྩེ་གླིང་མ་རེད། དེ་གཅིག་ཡིན།
གཉིས་པ། སྒྲོལ་དཀར་ལགས་ནས། “རིན་པོ་ཆེ་ནས་ཐོག་མར་དེབ་དེ་དབྱིན་ཡིག་ནང་དཔར་བ་རེད་”ཞེས་གསུངས་སོང་། ངེད་ཀྱིས་མཐོང་བའི་དེབ་ཀྱི་ངོས་སུ། ཐོག་མར་སོག་ཡིག་ཐོག་དཔར་འདུག དེའི་རྗེས་སུ་དབྱིན་ཡིག་ཐོག་དཔར་བ་རེད། ད་ལྟ་བོད་ཡིག་ཐོག་བསྒྱུར་བཞིན་པ་དེ་རེད། འདི་བསམ་ཚུལ་མིན། འདི་སྒྲོལ་དཀར་ལགས་ནས་གསུངས་བ་དེ་དང་ངེད་ཀྱིས་མཐོང་བ་དང་གོ་བ་གཉིས་མ་མཐུན་པ་དེ་ཡིན། གཞན། སྒྲོལ་དཀར་ལགས་ཀྱིས་གཏམ་གླེང་ཞལ་པར་ལེ་ཚན་གཙོ་སྐྱོང་གནང་སྟངས་ལ་ཡང་རྗེས་སུ་ཡི་རངས་སོ། དེ་ཙམ་ཡིན།
ཁོམ་ལོང་བྱུང་ན། སང་ཉིན་། གཏམ་གླེང་ཞལ་པར་ལེ་ཚན་དེར་མུ་མཐུད་དུ་ཉན་གི་ཡིན།
ཧིན་རྡུ་ཉི་ཤི་ཡའི་མི་རིགས་གི་གཤེས་ཀ་ལ་རྒྱ་ནག་པ་ཚོ་ཡང་ཞེད་སྣང་སྐྱེ་ཀི་ཡོད་ཟེར། སྦྱོང་བརྡར་རམ་གཤིས་ཀ་དེ་ནི་ཧིན་རྡུ་ཉི་ཤི་ཡའི་ནང་དུ་རྒྱ་ནག་སུམ་འཛུལ་བྱས་པ་ལས་བྱུང་བ་ཞིག་རེད་ཟེར། ཧིན་རྡུ་ཉི་ཤི་ནང་དུ་ལྐོག་ཏུ་རྒྱ་ནག་པ་དག་གི་སྐེ་གཅོད་ཀྱི་ཡོད་པས་རྒྱ་ནག་པ་མང་པོ་ཅིག་ཕྱིར་ལོག་བྱས་ཡོད་ལ། ནང་ན་ཡོད་པ་དག་ཀྱང་ཁུ་སུམ་སུམ་སྡོད་པ་ལས། ར་ཀ་ར་ནག་བྱེད་མི་ཕོད་ཟེར། དེ་བཞིན་དུ་ཕྱི་ཕྱོགས་ཨ་རི་ལྟ་བུ་ལ་མཚོན་ན་ཡང་ཁོང་ཚོ་རྒྱ་ནག་པ་དང་མཉམ་ལས་བྱེད་སྐབས་མི་གཅིག་རྒྱ་ནག་པའི་ནང་དུ་འཚང་ཚར་ན་མི་དེས་གང་འཚམ་ཞིག་ནས་མི་གཞན་ཞིག་སྐད་གཏོང་གི་རེད། དེ་བཞིན་དུ་རང་གི་དཔུང་རོགས་མང་ཙམ་བསྒྲིགས་དེ་སྦྱིན་བདག་གི་གང་བཤད་བཤད་མེད་པ་བཟོ་གི་རེད། གལ་ཏེ་སྦྱིན་བདག་གིས་ཁོང་ཚོའི་མི་གཅིག་ལས་གནས་ནས་ཕུད་ཚེ། ཁོང་ཚོ་ཡོངས་སུ་རྫོགས་པ་ལྡེབ་གཅིག་ལ་ཐོན་འགྲོ་གི་རེད།
འདི་མི་རིགས་གི་གཤིས་ཀ་གཅིག་རེད། ང་ཚོའི་མི་རིགས་ཀི་གཤིས་ཀ་ན་དེ་མེད། ང་ཚོའི་མི་རིགས་ཀྱི་གཤིས་ཀ་ན་རང་ཉིད་ཀྱི་འཚོ་གནས་ཀྱི་ཆེད་དུ་རང་གི་མི་རིགས་ནང་ཁུལ་དུ་གནོད་བསྐྱེལ་ཀྱི་རེད། དེ་བཞིན་དུ་རང་གི་འཚོ་གནས་དང་འབྲེལ་བ་མེད་ན་ཡང་མི་རིགས་ནང་ཁུལ་དུ་གནོད་བསྐྱལ་གྱི་རེད། ཕན་ཚུན་དཔུང་རོགས་བྱེད་པའི་གཤིས་ཀ་རྩ་ནས་མེད།
སྨྱོ་ལབ་ཅེས་པའི་ཚིག་འདི་ཅུང་ཐལ་ཆེ་འདུག བོད་པ་ཟེར་བའི་མཆན་ལས་ཚིག་ངན་དེ་ང་རང་གི་མཆན་ལ་ཡང་སླེབས་འདུག ང་ཚོ་ཁ་སྐད་དུ། ཚིག་ངན་མ་བསླབ་ཀྱང་གོ་བ་ཙམ་གྱིས་ཤེས། ཡོན་ཏན་བསླབ་ཀྱང་རྒྱུད་ལ་འཇགས་པར་དཀའ། ཟེར་བ་དེ་དྲན་བྱུང་། ངས་འདིར་མཆན་དེ་བརྒྱབ་དོན་ཡང་། ལྕགས་མོ་འཚོ་རང་ཉིད་དངོས་ཀྱིས་དེར་ཕེབས་ལྷན་རྒྱས་ཀྱི་བསམ་འཆར་ལྷུག་པོར་གསུངས་རོགས་ཞུས་པ་དེར་རང་ཉིད་ཀྱི་བསམ་འཆར་ཙམ་བཞག་པ་ཡིན། ཁ་བརྡ་ཚང་དུ་ལྕགས་མོ་འཚོའི་མིང་གསལ་བ་དེ་རིང་མཐོང་བ་དང་པོ་ཡིན་ལ། ཁོང་རང་གི་བཅར་འདྲིའི་འོག་ཏུ་ཁོང་སྐུ་ངོ་མས་བསམ་འཆར་ཉན་འདོད་ཆེ་བའི་རྣམ་པ་བསྟན་འདུག་པས་བསམ་འཆར་ལ་ཡག་ཉེས་བསྟོད་སྨད་གཉིས་ཀ་ཡོད་ཆོག་ལ། གོང་དུ་བོད་པ་ཟེར་བས་གཏམ་གླེང་ལེ་ཚན་ལ་ཁ་རྡུང་ཐལ་ཆེ་བ་བཏང་བ་བློར་འཐད་པོ་མ་བྱུང་བས་ལྕགས་མོ་འཚོའི་སྐྱོན་མཐོང་བ་བཤད་ཤོར་དུ་གཏམ་གླེང་ཉན་པའི་རང་གི་མྱོང་ཚོར་གླེང་བ་ཡིན། སྐད་ཆ་དེ་དག་བཤད་དོན་ནི་ངས་གོང་དུ་བཞག་པའི་མཆན་གྱི་ཚིག་མཐའ། ཞེ་སྡང་སྤངས་ནས་ལས་རོགས་ཕན་ཚུན་དགེ་མཚན་མང་ཙམ་མཐོང་རེས་དང་རང་སྐྱོན་རང་ཞིབ་མང་ཙམ་བྱེད་དགོས་འདུག་ཟེར་བ་དེ་ཡིན། གོང་ལ་ལྕགས་མོ་འཚོའི་བཅར་འདྲིར་བལྟས་ན། ཁོང་རང་གསར་འགོད་ལས་རིགས་ལ་ཅུང་བྱང་པ་ཆུད་པ་དང་དེའི་ཐད་ལ་བསམ་མནོ་ཡོད་པ། རིགས་པའི་གཞུང་ལུགས་ཁུངས་འཁྱོལ་བ་ཞིག་མཁྱེན་ལ། བོད་རིགས་གསར་འགོད་པའི་སྐྱོན་ཆ་དང་ཆེད་ལས་ཡོན་ཚད་ཅུང་ཞན་པར་ངོ་ཆོད་ཙམ་ཡོད་པར་གོ་ཡི་འདུག་པས། ངས་ཀྱང་ཁོང་རང་ཆེད་ལས་ཚགས་ཚུད་པོ་གནང་མཁན་ཞིག་གི་ཚད་ལ་བཞག་ནས། ང་རང་གིས་མཐོང་བའི་སྐྱོན་དེ་བཤད་པ་ཡིན། ཝང་ལེ་ཞུང་ལ་བཅར་འདྲི་གནང་བ་དེར་དགེ་རབ་ཀྱིས་གསུངས་བ་ལྟར་བསྡུ་སྒྲིག་བྱས་རྗེས་ཁྱོན་བསྡོམས་དུས་ཚོད་སྐར་མ་༥ཡང་མེད་ཀྱང་གསར་འགོད་པ་ལྕགས་མོ་འཚོ་རང་གིས་ཧ་ལམ་སྐར་མ་༢ཙམ་བཟུང་འདུག ལྕགས་མོ་འཚོས་སྐར་མ་བཟུང་ནས་སྐད་རིགས་གཉིས་ཀྱི་ཐོག་ནས་བཀའ་འདྲི་ཞུས་པའི་རྗེས་ཝང་ལི་ཞུང་གི་ལན་ནི་མཐོང་རྒྱུ་མི་འདུག ཝང་ལེ་ཞུང་བྱ་དགའ་ལེན་པའི་གསར་འགྱུར་ནང་ལྕགས་མོ་འཚོ་ལ་ཝང་བྱ་དགའ་ཐོབ་པའི་མྱོང་ཚོར་དྲི་སྐལ་བྱུང་ཡང་ཝང་གི་གང་བཤད་ལྟད་མོ་བ་ལ་བརྡ་སྤྲོད་ཐུབ་མ་སོང་། ཆུ་ཚད་ལོན་པའི་གསར་འགྱུར་སྤེལ་སྟངས་ནས་བཤད་ན། སྐབས་དེ་དུས་ཝང་ལ་སྐད་ཆ་མང་ཙམ་བཤོད་སའི་དུས་ཚོད་འཇོག་དགོས་པ་དང་། ཝང་གི་སྐད་ཆ་དེ་དག་བོད་སྐད་དུ་བསྒྱུར་བ་ཞིག་སྒྲ་ལྷན་དུ་གསར་འགྱུར་ནང་དུ་འཇོག་དགོས་པ་རེད། དེ་ལྟར་བྱས་ན་ཝང་ལ་བསམ་ཚུལ་གང་བྱུང་བ་དེ་རྒྱ་སྐད་མི་ཤེས་པའི་བོད་རིགས་གསན་མཁན་རྣམ་པས་ཀྱང་རྟོགས་ཐུབ་པའི་དགེ་མཚན་ཡོད་པ་རེད། ཝང་ལ་བྱ་དགའ་ཐོབ་པའི་སྐོར་གང་སར་མཐོང་རྒྱུ་འདུག་ཀྱང་ཁོང་གིས་བྱ་དགའ་ཐོབ་རྗེས་གསར་འགོད་པར་རང་གི་མྱོང་ཚོར་བཤད་པ་དེ་དེ་གཅིག་པུ་རེད། དེ་ནི་ལྕགས་མོ་འཚོ་ལ་ཐོབ་པའི་རང་གཅིག་པུར་དབང་བའི་བརྡ་འཕྲིན་རེད། འོན་ཀྱང་དེ་ལྟད་མོ་བར་བསྟན་ཐུབ་མ་སོང་། གསར་འགོད་པ་ཞིག་ལ་རང་སྒེར་ལ་ཐོབ་པའི་བཅར་འདྲི་དབང་ཆ་ཟེར་བ་དེ་རྩ་ཧ་ཅང་ཆེ་བར་བརྩི་སྲོལ་ཡོད་ལ། དེ་ལས་རང་གི་ནུས་པ་དང་གཞན་ལས་ལྷག་པ་དེ་བཏོན་ཐུབ་དགོས། ངས་དེ་ཟེར་བ་ཡིན། ལྕགས་མོ་འཚོས་ཕལ་ཆེར་བསམ་ཤེས་ཐུབ་ཀྱི་རེད། ཐུགས་ལ་ཕོག་ན་དགོངས་དག་ཞུ་རྒྱུ་ཡིན།
དཀོན་མཆོག་གསུམ། “ལ་ལ་”ཞུ་མཁན་འདི་རྒྱུ་མཚན་འགྲོ་ས་ཡོད་མཁན་ཞིག་དང་། རྒྱུ་མཚན་ལ་བརྟེན་ནས་རང་ཚུགས་འཛིན་པར་བཞེད་མཁན་ཞིག་ཏུ་སྣང་། དགའ་བྱུང་། ཐུགས་རྗེ་ཆེ་ལགས།
དེ་རིང་། མདང་དགོང་བཤད་པ་བཞིན་སྒྲོལ་དཀར་ལགས་ཀྱི་གཏམ་གླེང་ཞལ་པར་ལེ་ཚན་དེར་སྐར་མ་བཅོ་ལྔ་ཙམ་ལ་ཉན་པ་ཡིན། ཆ་ཚང་ཉན་རྒྱུའི་དུས་ཚོད་རག་མ་སོང་། ཆ་ཚང་ཕལ་ཆེར་དུས་ཚོད་གཅིག་ཙམ་འདུག སྐར་མ་བཅོ་ལྔར་ཉན་པའི་རྗེས་སུ། ངེད་ལ་བསམ་ཚུལ་འགའ་བྱུང་། དེ་ནི།
དང་པོ།
བསམ་ཚུལ་དང་དྲི་བ་གཉིས་ཀྱི་ཁྱད་པར་སྐོར་རེད། གསར་འགོད་པ་ཞིག་ཡིན་ན། བསམ་ཚུལ་བསམ་ཚུལ་དང་དྲི་བ་དྲི་བའི་་ངོ་བོར་འཇོག་དགོས་བ་མ་ཟད་། དྲི་བ་དེ་བསམ་ཚུལ་གྱི་ངོ་བོའི་སྒང་ནས་བཤད་ན། དྲི་ལན་རྒྱག་མཁན་ལ་བསམ་ཚུལ་བཤད་རྒྱུ་ལྷག་མེད། སྒྲོལ་དཀར་ལགས་ཀྱིས་ཀྱང་འདིའི་ཐད་ལ་འཐུས་ཤོར་ཅུང་ཙམ་ཕྱིན་འདུག འཐུས་ཤོར་གང་ན་ཕྱིན་ཡོད་མེད་རེ་རེ་བཞིན་། སང་ཉིན་ཁོམ་ལོང་ཞིག་བཙལ་ཏེ་འགོད་ཨེ་ཐུབ་བལྟ་གི་ཡིན།
གཉིས་པ།
དྲི་བ་བསྐྱར་འདྲི་དང་དྲི་བའི་གོ་རིམ་། ད་དུང་དྲི་བའི་སྒྲིག་གཞིའི་སྐོར་ནས་རེད། གསར་འགོད་པ་ཕལ་མོ་ཆེས། དྲི་བ་གཏོང་དུས། དྲི་བ་ལ་བསྐྱར་བསྡུས་མེད་པར་དྲི་བ་ལས་སླ་བོ་ནས་འགོ་བཙུགས་སྟེ་དྲི་བ་ཟབ་པའི་སྒང་ལ་འགྲོ་སྟངས་རིགས་གཅིག་དང་། ཡང་དྲི་བ་དང་པོ་དེའི་ལན་གྱི་ཁོངས་ནས་དྲི་བ་གཉིས་པ་འཇུ་སྟངས་སོགས་རིགས་འགའ་འདུག འདིའི་ཐོག་ལ་ཡང་བསམ་ཚུལ་འགའ་ཕུལ་གི་ཡིན།
གསུམ་པ།
དེ་ནས། གཏམ་གླེང་ཞལ་པར་ལེ་ཚན་དེ། ངག་ཐོག་གི་བགྲོ་གླེང་ཞིག་ཡིན་རུང་། གལ་སྲིད། ངག་ཐོག་ན་ཡོད་པ་དེ་ཡིག་ཐོག་ལ་འཁྱེར་ཡོང་བ་ཡིན་ན། ངག་ཐོག་གི་དོན་དག་དེ་ཡིག་ཐོག་ནས་སྟོོན་ཐུབ་མིན་གྱི་སྐོར་དེ་རེད། འདིའི་ཕྱོགས་ནས་ཀྱང་སྒྲོལ་དཀར་ལགས་ལ་བསམ་ཚུལ་འགའ་ཕུལ་གྱི་ཡིན། གོང་གི་གནད་དོན་གསུམ་དེ། སྐར་མ་བཅོ་ལྔའི་ནང་ཚུད་ནས་ངེད་ལ་བྱུང་བ་ཞིག་ཡིན། ད་དུང་མུ་མཐུད་དུ་ཉན་སྟེ། བསམ་ཚུལ་ཡག་པོ་ཞིག་བཤད་ཨེ་ཐུབ་བལྟ་གི་ཡིན།
ངེད་ཀྱི་རེ་བར། ང་ཚོས་ཀྱང་ཉེ་དགའ་ཕྱོགས་ཞེན་སོགས་ཀྱི་རིགས་སྤངས་སྟེ་། བོད་རིགས་གསར་འགོད་པ་ཚོའི་གསར་འགྱུར་ལ་དབྱེ་ཞིབ་དང་གཟབ་ཉན་བྱས་ཏེ་བསམ་ཚུལ་བཤད་རྒྱུ་གལ་ཆེར་མཐོང་། གཅིག་བྱས་ན། གསར་འགོད་པ་རེ་གཉིས་ལ་ཕན་ཐོགས་པའི་རེ་བ་ཡོད།
སྐུ་ཞབས་ལ་ལ་ལགས་ཀྱིས་གསུངས་བ་བཞིན། སྨྱོ་ལབ་ཟེར་བའི་ཐ་སྙད་འདི་བོད་པའི་མཆན་གྱི་ཁོངས་སུ་བཏབས་འདུག
ལྕགས་མོ་འཚོ་ལགས་ལ་གང་ཡང་ཞུ་རྒྱུ་མེད་མོད།
ཨེ་རླུང་ཁང་གི་མི་འགའ་ཤས་ཤིག་གི་ངོ་གདོང་དེ་ད་ལོའི་འོས་བསྡུའི་སྐབས་གསལ་བོ་མཐོང་།
བཙན་བྱོལ་ནང་གི་ཨེ་རླུང་དང་ཨ་རླུང་གཙོས་པའི་གསར་ཁང་ཁག་གིས་དྲང་བདེན་དང་ཕྱོགས་ལྷུང་མེད་པ་ཟེར་བ་དེ་ནི་གད་མོ་རྐུབ་ནས་འཆོར་ཡ་རང་ལ་གྱུར་ཡོད།
ང་རང་གསར་འགྱུར་ཀློག་རྒྱུ་དང་ཉན་རྒྱུར་དགའ་བོ་ཡོད།ངས་ཉིན་ལྟར་ཨ་རླུང་ཨེ་རླུང་ལ་ཉན་གྱི་ཡོད་ཡིན་ནའང་གསར་འགྱུར་དེ་གཉིས་ལས་ཅུང་ཨེ་རླུང་ལ་དགའ་མོས་ཆེ་བ་ཡོད་རྒྱུ་མཚན་ནི་ཨེ་རླུང་ནས་འཛམ་གླིང་གི་གསར་འགྱུར་ཅུང་མང་བ་བཤད་ཀྱི་འདུག དེ་མིན་ཨ་རླུང་ནས་ག་དུས་ཡིན་ནའང་རྒྱ་ནག་གི་གསར་འགྱུར་ལྟ་བུ་༧ གོང་ས་མཆོག་དང་ཡང་ན་རྒྱ་ནག་ལ་གོད་ཆག་བྱུང་རབས་རྒྱ་ནག་ཕམས་རབས་རྐྱང་བཤད་བསྡོད་ཀྱི་འདུག་། ཡང་ཡང་གཏམ་ལ་སྙན་རྒྱུ་མེད་ཟེར་བ་ནང་བཞིན་རེད། ང་ལ་དགོས་པ་ནི་འཛམ་གླིང་གི་གསར་འགྱུར་ཚ་བོ་ཚ་བོ་དེ་ཚོ་གོ་འདོད་ཡོད། ལྷག་པར་དུ་ཡ་མཚན་ཅན་དང་ངོ་མཚར་ཅན་ལོ་རྒྱུས་ཅན་ཤེས་འདོད་ཡོད། མ་གཞི་ནས་ངས་དབྱིན་སྐད་ཤེས་དུས་བྷི་བྷི་སིའི་གསར་འགྱུར་ལ་མང་བར་བལྟ་ཉན་བྱེད་ཀྱི་ཡོད་དེ་ཚོའི་ནང་ནས་ཤེས་བྱ་མང་པོ་ཞིག་ཐོབ་ཡོང་གི་འདུག བོད་པའི་གསར་འགྱུར་བཤད་མཁན་ནང་དུ་ཁ་ཤས་ཞིག་ཡག་པོ་འདུག་དེ་མིན་སྐད་གསལ་པོ་མེད་པ་དང་གློ་ལུད་པ་སྐད་ཆ་བཤད་པའི་བར་མཚམས་ཆད་པ་སོགས་འབྱུང་གི་འདུག མ་ཟད་སྐད་ཆ་ཤོད་དུས་ཧ་ཅང་གིས་དལ་དྲག་པ་སོགས་ལ་ཉོབ་སྣང་སྐྱེས་ཡོང་གི་འདུག གཞན་ཡང་ཕྱི་ལོགས་ནས་གསར་འགྱུར་གཏོང་མཁན་འགའ་ཞིག་གིས་བོད་ཡིག་ཀྱང་ཡག་པོ་ཀློག་མི་ཐུབ་པ་བྱིས་པའི་ཡི་གེ་ཀློག་སྟངས་འདྲ་བོ་བྱེད་ཡོང་གི་འདུག ལྷག་པར་དུ་དྷི་ལི་དང་རྒྱ་གར་ལྷོ་ཕྱོགས་ནས་གསར་འགྱུར་གཏོང་མཁན་གཉིས་འདུག་དེ་ཚོའི་རིགས་ལ་ཉན་འདོད་རྩ་བ་ཉིད་ནས་ཡོང་གི་མི་འདུག དྷ་ས་ནས་བུ་མོ་ཞིག་གིས་དཔེ་ཡག་པོ་གཏོང་གི་འདུག བྱུང་ན་འཛམ་གླིང་གི་གསར་འགྱུར་ཚ་བོ་དེ་ཚོ་ཅུང་མང་དུ་བཤད་ན་ཡག་པོ་འདུག བོད་མི་མང་པོ་ཞིག་གིས་བོད་སྐད་བོད་ཡིག་ལ་ཕྱི་སྐད་ཕྱི་ཡིག་མི་ཤེས་པར་བརྟེན་དགོས་པ་ཆེན་པོ་འདུག བང་ཆེན་ཟེར་བ་དུས་བབ་ཟེར་བ་དེ་ཚོ་ནི་བདུན་རེའི་གསར་འགྱུར་འདྲ་བ་ལས་ཉིན་རེའི་གསར་འགྱུར་འདྲ་བོ་མི་འདུག
རྩོམ་པ་པོ་་་་ཞེས་པའི་་་པོ་་་ནི་བདག་སྒྲ་ཡིན་ས་རེད། དོན་ལ་རྩོམ་མཁན་སུ་ཡིན་མིན་སྟོན་བྱེད་རེད། ཕོ་མོ་སུ་ཡིན་མིན་གྱི་སྐད་ཆ་ཨ་ཡིན་ན། བུ་མེད་ལ་རྩོམ་པ་མོ་འབྲི་དགོས་ན། དེ་ནས་བུ་ཚོ་ལ་རྩོམ་པ་པོ་མི་འབྲི་བར། རྩོམ་པ་ཕོ་འབྲི་དགོས་པར་སེམས་སོ། ཡང་མིན་ན་པོ་པོ་རྨོ་རྨོའི་སྐད་ཡིན་ན། རྩོམ་པ་མོ་མི་འབྲི་བར། རྩོམ་པ་རྨོ་འབྲི་དགོས་པར་སེམས། མཛེས་མ་ན་ཆུང་ལྷ་ཡི་སྲས་མོ་འདྲ་པོ་དེ་ཚོ་ལ་རྩོམ་པ་རྨོ་བྲིས་ན་ཁྱེད་རང་ཏག་ཏག་བཟོས་ཡོང་ད།