གཡུ་དྲུག་དཀར། ས་རཱ།
ཁ་སང་དེ་རིང་གསར་འགྱུར་གྱི་མདུན་ངོས་སུ། ལོ་ནག་དེའི་གྲིབ་ནག་གོན་པའི་ལོ་ཟླའི་འཇིགས་སུ་རུང་བའི་སྒེར་ཉམས་དེ་མཐོང་བས། གསར་ཤོག་དང་དྲ་ཤོག་ཅི་འདྲ་ཞིག་ལ་ལག་པ་འཆང་ཡང་།སྙིང་འདར་འདར་གྱིས་འཛིན་དགོས་འདུག ལྟོས་དང་། མི་ཆེ་གེ་མོ་ཞིག་མེ་མདས་རྐྱེན་ལམ་དུ་བཏང་འདུག རྩོམ་པ་པོ་ཞིག་བོར་བརླག་ཏུ་སོང་འདུགགྲྭ་བ་གྲངས་དེ་ཙམ་ཞིག་འཛིན་བཟུང་བྱས་འདུག ལས་བྱེད་དེ་དང་དེ་ལས་གནས་ནས་ཕྱིར་འབུད་བྱས་འདུག བཙུན་མ་ཞིག་ལ་གཅར་རྡུང་གིས་ནད་པ་བཟོས་འདུག ཁོ་ལ་རྒྱལ་ཁབ་ལ་ངོ་རྒོལ་བྱས་པའི་ནག་ཉེས་འོག་སྲོག་ཁྲིམས་བཅད་འདུག བླ་མས་མི་མང་ལ་ངན་སྐུལ་བྱས་པའི་དོགས་གཞིའི་འོག་ལོ་ངོ་བཅོ་ལྔའི་བཙོན་འཇུག་ཁྲིམས་ཆད་བཏང་འདུག མོས་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་དོགས་གཞིའི་འོག་འཛིན་བཟུང་གིས་ད་ལྟ་གར་སོང་ཆ་མེད་དུ་གྱུར་འདུག ས་ཆ་ག་གེ་མོ་ཞིག་དམ་བསྒྲགས་བྱས་འདུག དགོན་པ་ཅིག་ཅིག་ཅིག་དམག་གིས་བསྐོར་འདུག་སོགས་སྣོད་བཅུད་གཉིས་ཀའི་ཉེས་ཆད་སྒྲོག་གིན་པའི་གསར་འགྱུར་འདི་དག
ཉི་མ་རེ་རེའི་གསར་ཤོག་དང་དྲ་ཤོག་ཀུན་པོའི་མདུན་ངོས་ཁེབས་ནས་ཡོང་གིན་པའི་གསར་འགྱུར་འདི་དག ལྟ་ཕོད་པ་ཞིག་ཡིན་ནམ། ྐློག་ཕོད་པ་ཞིག་ཡིན་ནམ། བསམ་ཕོད་པ་ཞིག་ཡིན་ནམ།
གསར་འགྱུར་འདི་དག་ལ་ཡིག་ཕྲེང་རེ་འགའ་ལས་མེད་ཀྱང་། ཟུངས་ཁྲག་དྲོན་མོའི་དམར་མདོག་གིས་བྲིས་པའི་གསར་འགྱུར། ཚེ་སྲོག་གི་ང་རོ་ལྷག་མས་བཀོད་པའི་གསར་འགྱུར། ཚེ་བཙོན་གྱི་ལྕགས་མཁར་ལས་བཏུས་པའི་གསར་འགྱུར་འདི་དག་ལ་ལྟོས་ན། ཡིག་འབྲུ་རེ་རེ་ལས་དམྱལ་ཁམས་ཀྱི་ལྡེབ་རིས་རེ་བཞེངས་བསྐྲུན་བྱས་པ་མཐོང་བཏུབ།
གསར་འགྱུར་གྱི་མདུན་ངོས། གྲིབ་ནག་གོན་པའི་ངའི་ཕ་ཡུལ་གྱི་མེ་ལོང་ཡིན་ནམ། ངས་ལག་ཟུང་འདར་འདར་གྱིས། མིག་ཟུང་རིག་རིག་གིས། དུས་ནམ་ཡང་གསར་འགྱུར་གྱི་མདུན་ངོས་འདི་སྐྱོར་དགོས་པ་ཡིན་ནམ།
གསར་འགྱུར་མདུན་ངོས་ཀྱི་ཡ་ང་བའམ་འཇིགས་སྐྲག་གི་གནས་ཚུལ་ནི། དེང་གི་ཏང་གི་བདུག་རྩུབ་མཚོན་པ་རེད།