བོང་སྟག་རུ་ལི།
ཉིན་འདི་ཚོར། གློ་བུར་དུ་བར་འཁྱག་ཅིག་འོངས་ནས་ཕྱི་རོལ་གྱི་ནམ་ཟླ་རྡུལ་གྱིས་ཁེངས་ཤིང༌། ནང་སེམས་ཀྱི་བསམ་བློ་སྡུག་གིས་ཁེངས་པར་བྱེད། སྐབས་དེར། ངས་གྲང་ཤུར་ཤུར་གྱི་ནམ་ཟླའི་འོག་ན་ཀྲུང་དབྱང་གི་བརྙན་འཕྲིན་སྐུད་ལམ་བཞི་སྟེང་གི་གསར་འགྱུར་སྣ་ཚོགས་ཤིག་ཉམས་སུ་མྱོང་བཞིན་པའི་སྒང་ཡིན། ཏན་ཏན། བར་གླགས་དེར་གསར་འགྱུར་ལས་ད་ལོའི་ལྷ་སའི་ཟིང་འཁྲུག་གི་ཟུར་ཁ་གཞན་ཞིག་མིག་མཐོང་ལག་ཟིན་གྱིས་བསྟན་བྱུང་ལ། དུས་ཚོད་སྐར་མ་ཉི་ཤུའི་ནང་ལ་བདག་གིས་དབུགས་ཀྱང་ལེན་དཀའ་བའི་ངང་ནས་གསར་འགྱུར་དེ་ཉམས་སུ་མྱངས་རྗེས། ངའི་ཡིད་སེམས་བློང་བློང་བོར་གྱུར་ཞིང་ཅི་ཡིན་འདི་ཡིན་མེད་པ་ཞིག་ཏུ་བཏང་སོང༌།
ཡིན་ན་ཡང༌། སྐབས་དེར། ངའི་གམ་ན་སོས་བདེ་བག་ཕེབས་ཀྱིས་སྡོད་པའི་དགའ་གྲོགས་ཡིན་པའི་བུ་མོ་དེས། ང་དང་མཉམ་དུ་གསར་འགྱུར་དེ་མགོ་ནས་མཇུག་བར་ཐེངས་ཤིག་བལྟས་རྗེས། དེ་ངོ་མ་ཡག་པོ་རེད། ཡང་བསྐྱར་ཕུད་ནི་ཨེ་རེད་ཟེར། སྐད་ཆ་དེ་གོ་རྗེས་ངའི་སེམས་ལ་སྔར་ལས་ལྷག་པའི་འཁྱག་འདར་ཞིག་བརྒྱབ་ལ་ངའི་ཁོར་ཡུག་ཐམས་ཅད་ནག་ཐིང་ཐིང་ཡིན་པའི་སྣང་བ་ཞིག་སྟེར།