ཚེ་རིང་བསམ་གྲུབ།
བཙན་བྱོལ་བོད་མིའི་གསར་འགྱུར་ཆེད་གཉེར་གྱི་དྲྭ་རྒྱ་ཁག་ནི་བོད་ཕྱི་ནང་ཡོངས་ཀྱིས་ཡིད་ཆེས་བྱེད་སའི་གནས་ཚུལ་གྱི་ཡོངས་ཁུངས་ཤིག་རེད། དེ་བཞིན་རྒྱལ་སྤྱིའི་ཐོག་གི་བོད་དོན་ལ་དོ་སྣང་དང་། དཔྱད་ཞིབ། རྒྱབ་སྐྱོར་བྱེད་མཁན་བཅས་ཀྱིས་ཀྱང་དོ་སྣང་བྱ་ཡུལ་ཞིག་ཏུ་འགྱུར་ཡོད། བོད་མི་བཙན་བྱོལ་བའི་དྲྭ་རྒྱའི་གསར་འགྱུར་བརྒྱུད་ལམ་གྲགས་ཆེ་བ་ནི་བོད་ཀྱི་དུས་བབས་དང་། བང་ཆེན། དེ་བཞིན་དབྱིན་སྐད་ཐོག་ཕ་ཡུལ་དྲྭ་རྒྱ་བཅས་ཡིན།
ད་ལྟའི་ཆར་བཙན་བྱོལ་བོད་མིའི་ཁྲོད་དུ་གསར་འགྱུར་ཀློག་པ་པོ་ལ་ཆ་བཞག་ན། དབྱིག་ཡིག་རྒྱུན་ཀློག་བྱེད་མཁན་དང་། བོད་ཡིག་རྒྱུན་ཀློག་བྱེད་མཁན། གཉིས་ཀ་རྒྱུན་ཀློག་བྱེད་མཁན་བཅས་གསུམ་ཡོད་པར་སྣང་། ཨ་རི་སོགས་ནུབ་ཕྱོགས་ཀྱི་ཡུལ་གྲུ་ཁག་ཏུ་གཞོན་སྐྱེས་མང་ཆེ་བ་དབྱིན་ཡིག་རྒྱུན་ཀློག་བྱེད་མཁན་ཞིག་ཕལ་ཆེར་ཆགས་ཡོད། དེ་བཞིན་རྒྱལ་སྤྱིའི་ཐོག་བོད་དོན་ལ་དོ་སྣང་དང་། དཔྱད་ཞིབ། རྒྱབ་སྐྱོར་བྱེད་མཁན་རྣམས་ནི་དབྱིན་སྐད་ཐོག་ནས་བོད་མིའི་གསར་འགྱུར་བལྟ་ཀློག་བྱེད་ཀྱི་ཡོད་པ་ནི་སྨྲོས་མི་དགོས་པ་རེད།
ཉེ་བའི་ཆར་རང་ཉིད་ནས་བརྒྱུད་ལམ་དེ་དག་གིས་གསར་འགྱུར་སྤེལ་ཕྱོགས་ལ་མ་འདང་བའི་ཆ་ཞིག་ཡོད་པའི་སྣང་ཚུལ་བྱུང་། དཔེར་ན། དགུ་བཅུ་གསུམ་ཚོགས་པའི་ཚོགས་མི་འཕོ་འགྱུར་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་དབུ་མར་བསྒྱུར་བའི་ཐད་ལ། ཕ་ཡུལ་དྲྭ་རྒྱས་གནས་ཚུལ་སྤེལ་ཚུལ་འདི་ལྟར་རེད། ༼དགུ་བཅུ་གསུམ་གྱི་ཆབ་སྲིད་ལངས་ཕྱོགས་དབུ་མར་སྒྱུར་བ་དང་། རྒྱུན་ལས་གསར་དུ་བསྐོས་པ།༽ཞེས་པའི་ཁ་བྱང་གི་འོག་ཏུ་ས་གནས་ཟླ་ཚེས་ཁ་གསལ་དང་། གནས་ཚུལ་ཙམ་ཞིག་གསལ་འཁོད་ཡོད་པའི་ཐོག་ཚོགས་གཞོན་ཟུར་པ་ཀླུ་མཁར་བྱམས་ལགས་ཀྱི་སྒེར་ངོས་ནས་དེ་ལ་རྒྱབ་སྐྱོར་མེད་པའི་དགོངས་ཚུལ་བཅར་འདྲིའི་རྣམ་པའི་ཐོག་ནས་བཀོད་ཡོད།
འོན་ཀྱང་ཅིའི་ཕྱིར་དགུ་བཅུ་གསུམ་ཚོགས་པས་མང་མོས་ཀྱི་ལམ་ནས་རང་བཙན་གྱི་ལངས་ཕྱོགས་བཞག་ཏེ་དབུ་མར་བསྒྱུར་དགོས་དོན་ནི་ཚིག་ཟུར་ཙམ་ཡང་བྲིས་མེད། དེ་བཞིན་ཆབ་སྲིད་ཀྱི་ལངས་ཕྱོགས་དབུ་མར་བསྒྱུར་བ་དེ་ལ་རྒྱབ་སྐྱོར་བྱེད་མཁན་སུ་ཞིག་ལ་ཡང་བཅར་འདྲི་བྱས་ཚུལ་འཁོད་མེད་ཅིང་། ཐ་ན་འབྲེལ་བ་བྱས་ཚུལ་ཙམ་ཡང་འཁོད་མེད། དེ་ནི་འབྲེལ་ཡོད་གསར་འགོད་པའི་ཆབ་སྲིད་ཀྱི་གོ་རྟོགས་ཞན་པའི་དབང་གིས་ཡིན་ནམ། ཡང་ན་གསར་འགོད་ཤེས་བྱའི་གནས་ཚད་ཞན་དྲག་པའི་དབང་གིས་ཡིན་ནམ། ཡང་ན་བོད་སྐད་ཡག་པོ་མ་གོ་ནས་དབྱིན་སྐད་དུ་ཕབ་མ་ཤེས་པ་ཡིན་ནམ།
དེ་བཞིན་དུས་བབས་དྲྭ་རྒྱ་ལ་ཡང་གོང་མཚུངས་ལྟར་དགུ་བཅུ་གསུམ་ཚོགས་པས་ཆབ་སྲིད་ཀྱི་ལངས་ཕྱོགས་རང་བཙན་ནས་དབུ་མར་བསྒྱུར་དགོས་དོན་གྱི་རྒྱུ་མཚན་གསལ་ཁ་གང་ཡང་བཀོད་མེད། འོན་ཀྱང་སྟབས་ལེགས་པ་ཞིག་ལ་དུས་བབས་ཏུ་ཚོགས་གཙོ་གསར་པས་ཆབ་སྲིད་ཀྱི་ལངས་ཕྱོགས་ལ་འགྱུར་བ་ཕྱིན་པ་དེ་གཞན་གྱི་གནོན་ཤུགས་འོག་ནས་མིན་པ་ནན་བཤད་གནང་ཚུལ་འཁོད་འདུག
གསལ་ཁ་མེད་པ་དང་ཆ་མ་ཚང་བའི་གསར་འགྱུར་དེ་རིགས་ཀྱིས་སྤྱི་ཚོགས་ནང་རྣམ་རྟོག་མང་པོ་སྐྲུན་པར་བྱེད་ཅིང་། རྣམ་རྟོག་ངན་པ་ཞིག་སེམས་ལ་ཟུག་ཚར་ན་མིག་ཤེལ་ཚོན་ཁྲ་ཅན་གྱོན་པ་ལྟར་ཡུལ་ཐམས་ཅད་ཀྱང་དེ་མཚུངས་སུ་མཐོང་གི་ཡོད་པ་ནི་ཀུན་གྱིས་ཤེས་གསལ་རེད།
འོ་ན་གང་འདྲ་ཞིག་ལ་གསར་འགྱུར་ཆ་ཚང་བ་ཟེར་རམ་ཞེ་ན། ཡུལ་དང་། དུས། མི་སྣ། གནས་ཚུལ། ཇི་ལྟར་འབྱུང་བ། ཅིའི་ཕྱིར་འབྱུང་བ། འབྲེལ་ཡོད་གླེང་གཞི་དང་བསམ་ཚུལ་ཐ་དད་གང་ཡོད། རྒྱབ་ལྗོངས་སྤྱི་བཤད་བཅས་དགོས་ཀྱི་ཡོད། སྤྱིར་བོད་ནང་གི་གནས་ཚུལ་ལྟ་བུ་ཡིན་ན་གནས་ཚུལ་ཆ་ཚང་འགོད་ཐུབ་རྒྱུ་ཁག་པོ་ཡིན་ཀྱང་། དྷ་སར་ཡོད་པའི་དགུ་བཅུ་གསུམ་ཚོགས་པའི་རྒྱུན་ལས་འཕོ་འགྱུར་དང་། ཆབ་སྲིད་ལངས་ཕྱོགས་འཕོ་འགྱུར་གྱི་གནས་ཚུལ་ཆ་ཚང་ཞིག་མཁོ་སྤེལ་བྱ་རྒྱུ་ནི་གསར་འགོད་པ་དང་། འབྲེལ་ཡོད་རྩོམ་སྒྲིག་པའི་ལས་འགན་ཡིན། དེ་ནི་གསར་འགྱུར་སྤུས་ཚད་དང་ཡང་འབྲེལ་བ་ཆེན་པོ་ཡོད། མ་ཟད་གསར་འགྱུར་ཚད་ལྡན་སྤེལ་རྒྱུ་ནི་གསར་འགོད་པའི་ཕྲག་ཏུ་བབས་པའི་འགན་འཁྲི་ཆེ་ཤོས་དེ་ཡིན། ང་ཚོའི་སྤྱི་ཚོགས་ཀྱི་འཕྲལ་ཕུགས་ཀྱི་བདེ་རྩ་དང་ཡང་འབྲེལ་བ་གཏིང་ཟབ་ཆགས་ཡོད།
གོང་དུ་ཚེ་རིང་བསམ་གྲུབ་ལགས་ཀྱི་གསུངས་པར་རྒྱབ་སྐྱོར་དང་མོས་མཐུན་ཡོད།
ཚེ་རིང་བསམ་གྲུབ་ལགས་ཀྱི་གཞི་རྩའི་བོད་པའི་གསར་འགོད་པ་ཚོས་ཕྱག་ལས་གནང་ཕྱོགས་སྐོར་བསླབ་བྱ་ཡག་པོ་གནང་འདུག ང་ཚོ་བོད་པའི་གསར་འགོད་པ་ཚོར་ཚང་དགོས་པའི་ཁྱད་ཆོས་མང་དག་གཅིག་ད་ལྟའང་བྱུང་མེད། འོན་ཀྱང་ད་ལམ་ཆེད་བརྗོད་སྤེལ་དགོས་དོན་གཙོ་བོ་ནས་རང་ཉིད་ཀྱི་ཚོགས་པའི་སྐོར་གནས་ཚུལ་ཆ་ཚང་བ་ཞིག་མ་སྤེལ་བའི་དབང་གི་དྲིས་པར་ཡིན་འདུག
དགུ་བཅུ་གསུམ་ནས་གལ་སྲིད་དབུ་མའི་ལམ་ལ་འགྱུར་དགོས་དོན་རྒྱུ་མཚན་ཡང་དག་ཅིག་འཆད་རྒྱུ་ཡོད་ན་ཡིག་ཐོགས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ན་འགྲིག་གི་རེད་པ། རྣམ་པ་ཚོའི་དྲ་རྒྱའི་སྟེང་ལངས་ཕྱོགས་འགྱུར་དགོས་པའི་རྒྱུ་མཚན་སྐོར་སྣ་གཅིག་མཐཽང་ཡས་མིན་འདུག མི་དགོས་གསོལ་ཚིགས་ཡག་པོ་ཕུལ་ཡོད་ལུགས་སྐོར་སོགས་བཀོད་འདུག སྔོན་ལ་དང་པོ་འཛུབ་མོ་ནང་དུ་བསྐོར་ནས་བསམ་གཞིག་གཅིག་གནས་ན་གང་འདྲ་འདུག མ་ཟད་ཚོགས་གཙོ་གསར་ཁང་རེ་རེར་བསྐོར་ནས་འགྲེལ་བཤད་བསྐྱོན་པ་སྐུ་ངལ་ཆེ་རོགས་རེད།
ཐོས་པ་དགའ་ལགས། དགུ་བཅུ་གསུམ་ཚོགས་པའི་ནང་དུ་ཚེ་རིང་བསམ་གྲུབ་མཚན་ཅན་གྱི་གང་ཟག་ཞིག་ཡོད་ཀྱི་རེད། འོན་ཀྱང་ང་ནི་ཝཱར་ཎ་སི་ནས་ཡིན། དགུ་བཅུ་གསུམ་ཚོགས་པའི་ནང་གི་མི་སུ་གཅིག་ཀྱང་སྒེར་ངོས་ནས་ངོ་མི་ཤེས་ཀྱི་མེད། ད་དུང་ཡང་གསར་འགྱུར་སྤེལ་ཕྱོགས་ཀྱི་རྩོམ་ཐུང་ཞིག་འབྲི་རྒྱུ་ཡིན། དགོངས་ཚུལ་མཆན་བཀོད་གནང་བར་ཐུགས་རྗེ་ཆེ།