གཡུ་དྲུག་དཀར། རྡ་ས།
ང་ཡི་རྣ་ཡིས་ཐོས་པའི་གསར་འགྱུར། ཁྱེད་རང་འདི་འདྲའི་མི་སྙན་པ་ཞིག་ཡིན་ནམ། ང་ཡི་མིག་གིས་མཐོང་པའི་གསར་འགྱུར། ཁྱེད་རང་འདི་འདྲའི་འཇིགས་སུ་རུང་བ་ཞིག་ཡིན་ནམ།
གསར་འགྱུར་དེ། མི་ལུས་རིན་ཆེན་མཆོད་མེར་ཕུལ་ཏེ་རང་དབང་གི་ལྷ་དབང་གསོལ་བའི་གསར་འགྱུར་རེད་པས། གསར་འགྱུར་དེ། དཔའ་བོའི་རྣམ་ཤེས་ཀྱི་ང་རོ་དང་འཕག་འཚག་གྱེན་དང་ལྡོག་ཏུ་འཕྱོ་བཞིན་པའི་མེ་དཔུང་ལིང་ལིང་གི་གསར་འགྱུར་རེད་པས།
དུས་ད་ལྟ་གསར་འགྱུར་ལ་ཉན་པ་ནི། སྐྱོ་སྡུག་གི་རྟ་དབྱངས་ཤིག་ལ་རྣ་བ་བླགས་པ་ལྟར་སེམས་ནོན་ཏེ་འདུག་ཅིང་། དུས་ད་ལྟ་གསར་འགྱུར་ལ་ལྟ་བ་ནི། མེ་ལྕེ་ལམ་ལམ་ཞིག་གི་མཐའ་ལ་རུབ་པ་ལྟར། ཁྲག་གསེང་ལ་ཚ་བ་རྒྱས་སུ་འཇུག་གོ། ལུས་ལ་རྔུལ་ཆུ་འབབ་ཏུ་འཇུག་གོ།
གསར་འགྱུར་གྱི་སྒྲ་ལྷེམ་ལྷེམ་དེ་ཡང་ང་ཡི་་རྣ་བར་དྲག་ཏུ་རྡེབ་ཅིང་། སེམས་སུ་མྱ་ངན་དང་སྐྱོ་སྡུག་གིས་འཐིབས་ཏེ་ཡོང་ངོ་།། གསར་འགྱུར་གྱི་བརྙན་ངོས་ཡུག་ཡུག་དེའང་ང་ཡི་མིག་ལ་གཡུལ་ས་ཞིག་གི་འཇུག་ངོགས་སྟེ། ཁྲག་དང་རོ་དང་རུས་ཀྱིས་ཁེབས་ཤིང་ཁེངས་པ་ལྟར་སྣང་ངོ་་།།
དུས་ད་ལྟ་གསར་འགྱུར་གྱི་སྒོ་གླེགས་འབྱེད་དུས། སུ་ཞིག་གི་སྙིང་འདར་གྱིན་ཡོད་དམ། དུས་ད་ལྟ་གསར་འགྱུར་གྱི་བརྙན་ཡོལ་འདར་གྱིན་འགུལ་བཞིན་ཤར་ཡོང་དུས། སུ་ཞིག་གི་མིག་གཉིས་ཟུམ་ནས་འགྲོ་བཞིན་ཡོད་དམ།
དེ་རིང་མིག་གིས་མཐོང་བའི་ཡིག་རིས་གསར་འགྱུར་དང་། པར་རིས་གསར་འགྱུར། བརྙན་རིས་གསར་འགྱུར་རམ། ཡང་ན་རྣ་ཡིས་ཐོས་པའི་སྒྲ་ལྡན་གསར་འགྱུར། གསར་འགྱུར་རིགས་ཅི་དང་གང་ཡང་རུང་། མི་རིགས་ཤིག་གིས་འགྲོ་བ་ཐམས་ཅད་ཀྱིས་གཅེས་པའི་ལུས་སྲོག་ཐལ་བར་བསྲེགས་ཏེ། མེ་ཡིས་རྒྱལ་ཁབ་འཛུགས་ཀྱིན་པའི་གསར་འགྱུར་དེ་ལགས་པས། དེ་རིང་གི་གསར་འགྱུར་དེ་ “དུས་རབས་ཉི་ཤུ་རྩ་གཅིག་ནང་ལ་མི་ལུས་རིན་ཆེན་མེ་ལ་འཕུལ་བ་ནི། འཛམ་གླིང་མི་མང་ལ་བོད་མི་ས་ཡ་དྲུག་གི་སྡུག་བསྔལ་དེ་འགྲོ་བ་མིའི་ཐོབ་ཐང་འདྲ་མཉམ་མེད་པའི་རྟགས་མཚན་ཡིན།„ཞེས་དཔའ་ངར་ངར་དང་སྐྱོ་མུག་མུག་གིས་བརྗོད་པའི་གསར་འགྱུར་དེ་རེད་པས། རང་ལུས་འབར་བ་མིན་ཡང་། གསར་འགྱུར་ལ་མཉན་པས། ལུས་པོ་སྦྲིད་ཅིང་ཚའོ།། རང་སྲོག་ཤོར་བ་མིན་ཡང་། གསར་འགྱུར་ལ་བལྟས་པས། བླ་འདར་ཞིང་སྙིང་གཡུག་གོ།།
དུས་ད་ལྟ་སེམས་ངུ་བཞིན་གསར་འགྱུར་ཞིག་གི་སྒོ་འབྱེད་དགོས་འདུག་ལ། དུས་ད་ལྟ་སྙིང་འཇིགས་བཞིན་གསར་འགྱུར་ཞིག་ལ་ལྟ་དགོས་འདུག་ཅིང་། བློ་ཕམ་བཞིན་གསར་འགྱུར་ཞིག་གི་སྒོ་རྒྱག་དགོས་འདུག
ཚེ་སྲོག་མེ་རུ་སྒྲོན་པའི་གསར་འགྱུར།
དཔའ་སྙིང་དྲག་ཏུ་འཕྱོ་བའི་གསར་འགྱུར།
འཇིག་རྟེན་གཉིད་ལས་དཀྲོག་པའི་གསར་འགྱུར།
ཉམ་ཐག་གསོན་ལམ་སྙེག་པའི་གསར་འགྱུར།
གུང་ཕྲན་སྙིང་རྩ་སློག་པའི་གསར་འགྱུར།
འཛམ་གླིང་རྣ་བ་ཅོར་བའི་གསར་འགྱུར།
གསལ་འགྱུར་འདི་ཉིད་ནི་ཆེས་ནུས་མེད་ཞིག་ཡིན་པ་འདྲ་ག་ཚོད་མི་ལུས་རིན་ཆེན་དེ་མཆོད་མེ་རུ་འཕུལ་ན་ཡང་གོང་ཕྲན་ཏང་གིས་བཟང་ལེན་གང་ཡང་མེད་པས་མ་ཚད་༸་གོང་ས་མཆོག་ལ་ཡང་མ་ཉིས་ཁ་ཡོག་དང་མཚན་སྨད་བྱུང་དང་བྱུང་བཞིན་པ་རེད་ད་གང་འདྲ་བྱེད་ནས་རང་དབང་ལེན་དགོས་དྲོགས་རྣམས་ཀྱིས་བགྲོ་གླེང་འདྲ་བྱས་ན་བསམ་ནོ་གསར་པ་འདྲ་ཡོད་དམ།།