ཨ་བཙན་པོ།
ཕྱི་ཚེས་ ༡༥ ཉིན་བལ་ཡུལ་གཞུང་ཕྱི་མི་ཞིབ་གཤེར་ཁང་གིས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་བལ་ཡུལ་གྱི་ཉེས་ཁྲིམས་ཨང་ ༣༨ པའི་ནང་གསེས་ ༣ པའི་དགོངས་དོན་ལྟར་ལོ་ངོ་གཉིས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག
བོད་སྐྱོད་གོམ་བགྲོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༠ སྟེ་སུམ་བཅུའི་དུས་དྲན་ཉིན་འགོ་འཛུགས་ཀྱིས་ཨ་མ་དང་སྲིང་མོ་བཅས་བོད་བར་གོམ་སྒྲོད་གནང་སྟེ་ཟླ་གཉིས་དག་དག་འགོར་འཚམས་བལ་ཡུལ་ས་འཚམས་སུ་འབྱོར་ཡོད་པ་དང་། བལ་ཡུལ་ས་མཚམས་ནས་བལ་ཡུལ་ཉེན་རྟོགས་པའི་བཀག་འགོག་བྱས་པར་རྟེན་ཚེ་བརྟན་རྡོ་རྗེ་ཁོ་རང་གཅིག་པུར་གསང་སྟབས་ཀྱིས་བལ་ཡུལ་རྒྱལ་ཁུངས་སུ་འཛུལ་ཏེ་གོམ་བགྲོད་གནང་ནས་ཉིན་བརྒྱད་པའི་ཉིན་བལ་ཡུལ་ཉེན་རྟོགས་པས་འཛིན་བཟུང་བྱས་ཡོད་པ་དང་། འཛིན་བཟུང་བྱས་ནས་ཉིན་ཉེར་ལྔའི་རང་ཕྱི་མི་ཞིབ་གཤེར་ཁང་དུ་བཅུག་ནས་ཐོག་མར་བལ་སྒོར་ ༨༠༠༠ གི་ཉེས་ཆད་བཅད་ཀྱང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ངོས་ལེན་བྱས་མི་འདུག་ལ། ཕྱི་ཚེས་ ༡༥ ཉིན་ཡང་བསྐྱར་ཁོ་རང་ལས་ཁུངས་ཨ་མར་སྐད་བཏང་ནས་བལ་སྒོར་ ༥༠༠༠༠ ཉེས་ཆད་བཅད་ནས་དེ་སྤྲད་ན་ཁོ་རང་གཏོང་རྒྱུ་ཡིན་ཚུལ་བཤད་ཀྱང་ཁོས་ངོས་ལེན་བྱས་མི་འདུག
སྐབས་དེར་བལ་ཡུལ་མདོ་སྨད་ས་གནས་རྒྱུན་ལས་ཀྱི་ངོས་ནས་སྒོར་མོ་སྤྲད་ནས་ལེན་ཐབས་བྱས་ཀྱང་ཁོས་ངོས་ལེན་བྱས་མི་འདུག་ལ། དེ་བཞིན་མི་སྒེར་བ་མང་པོ་ཞིག་གིས་ཀྱང་ལེན་འཆར་བྱས་ཀྱང་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ངོས་ལེན་གནང་མི་འདུག
ཕྱི་ཚེས་ ༡༥ བལ་ཡུལ་གཞུང་ཕྱི་མི་ཞིབ་གཤེར་ཁང་གིས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་སུ་བལ་སྒོར་ ༥༠༠༠༠ ཉེས་ཆད་བཅད་ཀྱང་ཁོས་དེ་ཁས་ལེན་མ་བྱས་པར་རྟེན། ཉིན་དེ་ག་རང་ལ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་ལོ་ངོ་གཉིས་ཀྱི་ཁྲིམས་ཐད་བཅད་ཏེ་ལྡི་ལི་བྷ་རྫར་(Dilli Bazaar)ཞེས་པའི་བཙུན་ཁང་དུ་ཁྲིད་ཡོད་འདུག
དེ་ཡང་བལ་ཡུལ་ཕྱི་མི་ཞིབ་གཤེར་ཁང་གིས་ཁྲིམས་ཐག་བཅད་པའི་ཡིག་ཆའི་ནང་ “བལ་ལོ་ ༢༠༤༩ ལོར་གཏན་འབེབ་བྱས་པའི་ཕྱི་མི་ཞིབ་གཤེར་ཁང་གི་བཅའ་ཁྲིམས་དོན་ཚན་ ༣ པའི་ནང་གསེས་ ༡ པོའི་ནང་ཕྱི་མི་སུ་ཡིན་ཀྱང་ཕྱི་སྐྱོད་ལག་ཁྱེར་དང་མཐོང་ཆེན་མེད་པར་བལ་ཡུལ་ནང་འཛུལ་ཞུགས་དང་བསྡད་མི་ཆོག་ཞེས་གསལ་ཡོད་ཀྱང་། ཁྱེད་རང་དེ་དང་འགལ་ཡོད་པས་བལ་ལོར་ ༢༠༤༩ ལོར་གཏན་འབེབ་བྱས་པའི་ཕྱི་མི་ཞིབ་གཤེར་ཁང་གི་བཅའ་ཁྲིམས་དོན་ཚན་ ༡༠ པའི་ནང་གསེས་ ༤ བ་གཞིར་བཞག་ཐོག་བལ་སྒོར་ ༥༠༠༠༠ ཉེས་ཆད་བཅད་པ་ཡིན། འོན་ཀྱང་ཁྱེད་རང་གིས་དེ་ངོས་ལེན་མ་བྱས་པར་རྟེན་བལ་ལོ་ ༢༠༦༩ ཟླ་ ༣ ཚེས་ ༡ ཉིན་རྒྱལ་ཁབ་གྱི་ཉེན་ཁྲིམས་ཨང་ ༣༨ པའི་ནང་གསེས་ ༢ པ་ལྟར་ན་བལ་སྒོར་ ༥༠༠༠༠ ཉེས་ཆད་ལས་ཉིན་རེར་བལ་སྒོར་ ༢༥ རེ་འཐེན་པས་མང་མཐའ་ལོ་ ༥ ཟླ་ ༥ ཉིན་ ༢༥ ཆག་ཡོད་ལ། བལ་ལོ་ ༢༠༦༩ ཟླ་ ༢ ཚེས་ ༨ ནས་བལ་ལོ་ ༢༠༧༤ ཟླ་ ༧ ཚེས་ ༢༥ བར་བཙུན་ཁང་དུ་འདུག་དགོས་མོད། འོན་ཀྱང་རྒྱལ་ཁབ་གྱི་ཉེན་ཁྲིམས་ཨང་ ༣༨ པའི་དོན་ཚན་ ༣ པ་གཞིར་བཟུང་སྒོར་ཆད་མ་སྤྲད་པར་རྟེན་མང་མཐར་ལོ་ ༢ བཙུན་ཁང་དུ་འདུག་དགོས་པའི་ཐད་གཅོད་བྱས་ཡོད། བལ་ལོ་ ༢༠༦༩ ཟླ་ ༢ ཚེས་ ༨ ནས་ ༢༠༧༡ ཟླ་ ༢ ཚེས་ ༧ བར་སྒྲིག་གཞི་གཞིར་བཟུང་ཐོག་ཟ་འཐུང་ཡོད་པའི་བཙུན་ཁང་དུ་བཅུག་རྒྱུར་ཐག་གཅོད་བྱས་པ་ཡིན།”ཞེས་གསལ་བ་བཞིན་བལ་ཡུལ་གྱི་ཉེན་ཁྲིམས་ཨང་ ༣༨ པའི་ནང་གསེས་ ༢ པ་ལྟར་ན་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་བལ་ཡུལ་བཙུན་ཁང་དུ་ལོ་ ༥ ཟླ་ ༥ ཉིན་ ༢༥ འདུག་དགོས་མོད། འོན་ཀྱང་ད་སྐབས་དངོས་སུ་ཁྲིམས་ཐད་བཅད་ཡོད་པ་ནི་བལ་ཡུལ་གྱི་ཉེས་ཁྲིམས་ཨང་ ༣༨ པའི་ནང་གསེས་ ༣ པའི་དགོངས་དོན་ལྟར་ལོ་ངོ་གཉིས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག