སྟོན་པ་སངས་རྒྱས།
རྔ་བ་རྒྱལ་ཁམས་པ།
ས་ལམ་མཐོན་པོའི་ཉམས་ངོ་ན་བཞུགས་པའི་སངས་རྒྱས་ཀྱི་མཛད་རྣམ་ཟེར་བ། ང་ཚོ་ལ་ལྐོག་གྱུར་དུ་སོང་བས་གསལ་བོ་ཞིག་བརྗོད་མི་ཤེས། གནའ་བོའི་ལྷ་སྒྲུང་ལས་བྱུང་བའི་སྟོན་པའི་ལོ་རྒྱུས་ཀྱང་འདིར་བརྗོད་པར་མི་སྤྲོ། འདིར་ངས་བདག་ཅག་གི་སྟོན་པ་ཞེས་པ། ལུས་ཤ་ཁྲག་རུས་གསུམ་གྱི་ཕུང་བོ་ཡོད་པ་གང་ཞིག་ལ། ངག་བཟང་ངན་སྣ་ཚོགས་སྨྲ་མྱོང་བ། ཡིད་ལ་བདེ་སྡུག་གི་རྟོག་འཆར་སྣ་ཚོགས་ཡོད་པ། རྒྱ་གར་གྱི་རྒྱལ་བུ་དཀྱུས་མ་ཞིག་གིས། ཟས་གང་ཞིམ་གསོལ། གོས་གང་ཡག་བསྣབས། བུ་མོ་གང་མཛེས་དང་འགྲོགས་མཐར། སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལ་སྐྲག་ནས། དེ་དག་དང་བྲལ་འདོད་ཀྱི་ཆོད་སེམས་བརྟན་པོས་རྒྱུད་དྲངས་ཏེ། ཐོག་མར་ཡི་གེ་འབྲི་ྐློག་ནས་བཟུང་སྟེ་ཤེས་བྱའི་གནས་ལུགས་ལ་ནང་བྱན་མ་ཆུད་པར་དུ། རྒྱ་གར་ན་དར་སོ་ཆེ་བའི་སྲོལ་རྒྱུན་ཆོས་ལུགས་དང་། རིག་གཞུང་ཕལ་ཆེར་ལ་ཐུགས་སྦྱོང་ཉམས་བཞེས་ལེགས་པར་གནང་། དེང་དུས་ཀྱི་གློག་བརྙན་སོགས་སུ་མི་སྟོབས་ཀྱིས་རྒྱང་མཆོང་བྱེད་པ་ལྟར། སྲོལ་རྒྱུན་གྱི་སྒོམ་ལ་བརྟེན་ནས་སེམས་ཀྱི་རིམ་པ་ཕྲ་རགས་མང་བོ་བརྒལ་ཏེ་སྲིད་རྩེའི་མཐར་གཏུགས་ཀྱང་། ཚད་དེས་རང་ཉིད་ཀྱི་ཐུགས་མགུ་མ་ཐུབ། དེ་ལྷག་ཁུངས་གཏུགས་སའང་མ་རྙེད་པར། རང་ཁོ་ནས་དཔྱད་འཇོག་གི་ཐབས་གཉིས་བརྒྱུད་དེ། ལོ་བར་མང་བོར་དཀའ་ལས་བརྒྱབས་མཐར། སེམས་སྟེང་ན་ཡོད་པའི་ཞེ་སྡང་དང་གཏི་མུག ཁོང་ཁྲོ་དང་གནོད་སེམས་སོགས། རང་གཞན་ལ་གནོད་པར་ངེས་པའི་སྐྱོན་ཆ་གློ་བུར་བ་ཚང་མ་མེད་པར་བཟོས་པས། བྱམས་སྙིང་རྗེ། བྱང་ཆུབ་ཀྱི་སེམས། གནས་ལུགས་རྟོགས་པའི་ཤེས་རབ་ཀྱི་རྩལ་གོང་ནས་གོང་དུ་རྒྱས་ཏེ། ཆོས་དང་འཇིག་རྟེན། བདག་གཞན་དུས་གསུམ་སོགས། ང་ཚོས་འཇོག་བཞིན་པའི་ཡུལ་གྱི་རྣམ་བཞག་འདི་དག འཇོག་བྱེད་བག་ཆགས་དང་བཅས་པ་་ཡུལ་ཅན་ཡེ་ཤེས་ཀྱི་ངོ་བོར་ཞིག་ཟིན་པའི་མཐར་ཐུག་གི་ས་ཐོབ་པ། སྲོལ་རྒྱུན་ཆོས་ལུགས་ལས་རིང་དུ་བརྒལ་བའི་སྐྱེས་བུ་ཆེན་པོ་ཞིག་གོ།
བསྟན་པ་དམ་ཆོས།
སྐྱེས་བུ་ཆེན་པོ་དེ་ཉིད་ཀྱིས་བརྩམས་པའི་གསུང་རབ་ལ། ཆོས་ཀྱི་ཕུང་བོ་བརྒྱད་ཁྲི་བཞི་སྟོང་བཞུགས་པ་ལས། བསམ་བློས་ཐེག་ཚད་དམའ་རིམ་གྱི་གང་ཟག་སྟེ། རང་ཁོ་ནའི་ཆེད་ཐར་བ་་དོན་དུ་གཉེར་མཁན་གྱི་སྤྱི་ཚོགས་ཤིག་ལ་དགོངས་ནས། ང་ཚོས་མྱོང་བཞིན་པའི་སྐྱེ་དགའ་ན་འཆིའི་སྡུག་བསྔལ་འདི་དག་དང་། དེ་གང་ལས་བྱུང་བའི་ཁུངས་སམ་རྒྱུ་རྐྱེན་མ་རིག་པ་དང་། རྫུན་སྨྲ་བ། སྲོག་གཅོད་པ་སོགས། དེ་དག་གིས་བསྐྱེད་པའི་སྡུག་བསྔལ་རྒྱུ་དང་བཅས་པ་ལས་བྲལ་བའི་བདེ་སྐྱིད། བདེ་སྐྱིད་དེ་ཇི་ལྟར་སྐྲུན་ཚུལ་གྱི་ཐབས་ལམ་བཅས། ཁྱད་པར་འདི་དག་བརྗོད་སྙིང་དུ་བྱས་པའི་ཆོས་སྐོར་ཐོག་མར་གསུངས་ཡོད། བཀའ་ཆོས་དེའི་མཚན་གཞི་ནི། “འདུལ་བ་ལུང་སྡེ་བཞི”་ལྟ་བུ་དང་། དེའི་དགོངས་འགྲེལ་“བསླབ་བཏུས་དང་སྤྱོད་བཏུས”ལྟ་བུ་ཡིན། དེ་ཡང་རང་ཅག་ལ་ཡོད་ཡོད་ལྟར་སྣང་བའི་རྒྱུན་ལྡན་གྱི་གནས་ཚུལ་འདི་དག་ལ། གནས་ལུགས་ཀྱི་སྤྲོས་བ་ཅུང་ཟད་བསྐྱངས་ནས་གསུངས་པ་ཞིག་ཡིན་ལ། འདི་ནི་ནང་བསྟན་ཆོས་ལུགས་སྤྱིའི་ལྟ་སྒོམ་སྤྱོད་གསུམ་གྱི་རྩིག་རྨིང་ལྟ་བུ་ཡིན་ནོ།།
དེ་ནས་བསམ་བློས་ཐེག་ཚད་མཐོ་རིམ་གྱི་སྤྱི་ཚོགས་ཏེ། རང་གཞན་གཉིས་ཕན་གྱི་དོན་དུ། རླབས་ཆེན་གྱི་ལས་འགན་ཕྲག་པར་བཞེས་ཐུབ་པའི་སྐྱེས་བུ་སྙིངས་སྟོབས་ཅན་དག་གི་དགོས་མཁོར་གཞིགས་ནས། ང་ཚོ་ལ་སྣང་བཞིན་པའི་ད་ལྟའི་རི་ར་བ་ཁང་ཁྱིམ། ཉི་ཟླ་གཟའ་སྐར། ཉིན་མཚན་གྱི་སྣང་བ། མཛེས་མི་མཛེས། བཟང་མི་བཟང་། རྟག་མི་རྟག དགྲ་འདུལ་གཉེན་སྐྱོང་གི་སྣང་ཚུལ་སོགས། མདོར་ན། རང་ཅག་གི་བློ་ལ་ཡོད་ཡོད་ལྟར། མེད་མེད་ལྟར། བདེན་བདེན་ལྟར། རྒྱུན་གཏན་ལྟར་སྣང་བའི་ཆོས་འདི་དག་ཡུལ་་ཅན་རང་ཅག་གི་བློ་དང་། མིང་བརྡས་ཕར་བཏགས་པ་ཙམ་ལས། ང་ཚོ་ལ་སྣང་བ་ལྟར་རང་བཞིན་གྱིས་གྲུབ་པའམ། བདེན་པར་གྲུབ་པ་ཅུང་ཟད་ཀྱང་མེད་པར་སྟོན་པའི་ཆོས་ཀྱི་འཁོར་ལོ་གཉིས་པ་དེ་བསྐོར་ཡོད། བཀའ་ཆོས་དེའི་མཚན་གཞི་ལ། “ཡུམ་རྒྱས་འབྲིང་བསྡུས་གསུམ”ལྟ་བུ་དང་། དེའི་དགོངས་འགྲེལ་“མངོན་རྟོགས་རྒྱན་ལྟ་བུ”་འཇོག བཀའ་ཆོས་འདིས་ང་ཚོ་དང་། ང་ཚོས་འཇོག་བཞིན་པའི་ཡོད་ཚད་ཀྱི་ཡོད་ཚད་ལ་ལུགས་བཟློག་གིས་མཐའ་སྡོམ་གནང་ཡོད། ཤེས་བྱའི་གསང་བ་བརྟོལ་བའི་ངོ་མཚར་རྨད་དུ་བྱུང་པའི་གསུང་རབ་འདིས། ང་ཚོ་དང་ང་ཚོའི་འཇིག་རྟེན་སྤྲེལ་བྱེད་ཀྱི་ཆེས་སྲ་མཁྲེགས་ཀྱི་སྲིད་ཞིའི་ལྕགས་ཐག་རིང་མོ་ཞིག བཙན་ཐབས་སུ་གཏོར་ཏེ་སྲིད་པ་ནས། ཐར་བ་དང་། ཐར་བ་ནས་ཐམས་ཅད་མཁྱེན་པའི་བར་བསྐྱེལ་མ་མཛད་ཡོད། དེ་ནས་བཀའ་ཆོས་དང་བོ་དང་། གཉིས་པ་གཉིས་ཀྱི་དོགས་སེལ་དུ། འཁོར་ལོ་དང་བོར། ཆོས་རྣམས་བདེན་པར་གྲུབ་པར་བཤད་པ་དང་། འཁོར་ལོ་གཉིས་པར་བདེན་པར་མ་གྲུབ་པར་བཤད་པ་གཉིས་ཀྱི་དྲང་ངེས་ཀྱི་ཆ་གསལ་བོར་ཕྱེས་ཏེ། “གཞན་དབང་དང་ཡོངས་གྲུབ་བདེན་གྲུབ་ཡིན”། “ཀུན་བཏགས་ཆོས་རྣམས་བདེན་མེད་ཡིན་”ཞེས། མཚན་ཉིད་གསུམ་གྱི་རྣམ་བཞག་གསལ་བོར་སྟོན་ཆེད། ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་བ་ཡིན་ལ། བཀའ་ཆོས་འདིས་ལམ་དང་ལམ་མ་ཡིན་པར་བདེན་རྫུན་གྱི་ཕྱག་རྒྱས་མནན་ནས། སངས་རྒྱས་ཀྱི་ཞིང་ཁམས་རབ་འབྱམས་སུ་འགྲོད་པའི་ཐབས་ལམ་མཐར་ཐུག་དེ་རྩལ་དུ་བཏོན་ཡོད། དེའི་མཚན་གཞིར་“མདོ་ཕལ་བོ་ཆེ”དང་། “ལང་ཀར་གཤེགས་པའི་མདོ”་སོགས་དང་། དེ་དག་གི་དགོངས་འགྲེལ་དུ་“དབུ་མ་རིགས་ཚོགས་དྲུག”་ལྟ་བུ་འཇོག་གོ།
བོད་ཀྱི་གསར་རྙིང་ཆོས་བརྒྱུད།
མདོ་ཕྱོགས་ལ་གསར་རྙིང་གི་རྣམ་བཞག་མེད་ཅིང་། འགྱུར་སྔ་ཕྱིའི་གོ་རིམ་ལས་རྒྱུད་སྡེའི་ཕྱོགས་ལ་སྔ་འགྱུར་རྙིང་མ་དང་། ཕྱི་འགྱུར་གསར་མ་ཞེས། གསར་རྙིང་གི་ཐ་སྙད་འདོགས་སྲོལ་ཞིག་ཡོངས་སུ་དར། དེའང་ཐ་སྙད་དེ་དག་ཐོག་མར་འདོགས་མཁན་གྱི་བོད་པ་དེ་སུ་ཞིག་ཡིན་མིན་དང་། བཏགས་པའི་དགོས་པ་ཅི་ཞིག་ཡིན་མིན་གསལ་བོ་ཞིག་འགྲེལ་བརྗོད་བྱས་པ་ད་ཕན་མཐོང་མ་མྱོང་། ཅིག་བྱས་ན། བོད་སིལ་བུའི་དུས་ཀྱི་སྔགས་པ་ཁ་ཅིག་གི་མཛད་སྤྱོད་ལ་བརྟེན་ནས། སྔགས་སར་རྙིང་གཉིས་ཀྱི་བར་མཚམས་ཆེད་དུ་ཕྱེས་པ་ཞིག་ཡིན་ཤས་ཆེ། གལ་སྲིད་དེ་འདྲ་ཡིན་ན། དེ་ནི་གང་ཟག་གི་སྐྱོན་ལས་ཆོས་ཀྱི་སྐྱོན་དུ་གླེང་མི་རིགས། དཔེར་ན། དངུལ་ལོ་ལྟ་བུ་རང་ངོས་ནས་བཟང་ངན་གྱི་མཐའ་གང་དུ་ལྷུང་བ་ཞིག་མ་ཡིན་ཀྱང་། དངུལ་བེད་སྤྱོད་བྱེད་མཁན་གྱི་ཁྱད་པར་ལས་དངུལ་ལ་བཟང་ངན་སོགས་སུ་སྒྲོ་འདོགས་པ་དང་འདྲ། ངས་བལྟས་ན། སྔགས་གསར་རྙིང་གཉིས་ཀས་མཐར་ཐུག་གི་འབྲས་བུ་རྡོར་རྗེ་འཆང་གི་ས་ཐོབ་པ་ལ་ཁྱད་པར་མེད་ཀྱང་། གོ་འཕང་དེ་སྒྲུབ་ཐབས་བསྐྱེད་རྫོགས་སོགས་ཀྱི་རྩོལ་བ་ལ་ལྟོས་དགོས་པ་དང་། དེ་ལ་ལྟོས་མ་དགོས་པར་འབྲས་བུ་སངས་རྒྱས་ཀྱི་སའི་ཡོན་ཏན་མངོན་དུ་བྱེད་ཐབས་ཤིག་ཡོད་པས། སྔ་མ་ནི་གསང་སྔགས་གསར་མ་དང་། ཕྱི་མ་ནི་སྔགས་རྙིང་མའི་ཐུན་མིན་གྱི་ཟབ་ཁྱད་རེད། ང་ལ་མཚོན་ན་ཕ་ཆོས་རྙིང་མ་དང་། རང་ཆོས་གསར་མ་ཡིན་སྟབས། གསར་རྙིང་གཉིས་ཀའི་ཆོས་ཕྱོགས་ལ་སློབ་སྦྱོང་གི་གོ་སྐབས་ཕྲན་ཙམ་ཐོབ་པ་ཞིག་ཡིན། ཉེ་བའི་ལོ་ཤས་སྔོན་བོད་ཀྱི་སྙན་གྲགས་ཆེ་བའི་རྩོམ་པ་པོ་ཞིག་དང་གླེང་མོལ་བྱས་པ་ཞིག་དྲན་གྱི་འདུག ཁོང་གིས་རྙིང་མའི་རྫོགས་ཆེན་འདི་བོད་མི་རང་གི་རྩོམ་ཞིག་ལས། སངས་རྒྱས་ཀྱི་གསུང་ངོ་མ་ཞིག་ཕལ་ཆེར་མིན་པ་འདྲ། དེ་ཡིན་ན་ང་ཚོ་བོད་པ་གཟི་བརྗིད་ཆེན་པོ་རེད་ཅེས་ལབ་བྱུང་། ངས་སྐད་ཆ་དེ་ལམ་སེང་སྔགས་རྙིང་མར་དགག་པ་རྒྱག་མཁན་གྱི་བོད་པའི་མཁས་པ་འགའ་རེའི་ཟེར་སྒྲོས་དེ་ཡིན་པ་ཤེས་སོང་། ཁོང་གིས་སྔགས་རྙིང་མའི་ལྟ་གྲུབ་གང་ལ་གཞི་བཅོལ་སའི་ཁུངས་དེ་ཕལ་ཆེར་ཤེས་མི་འདུག ངས་བསམས་ན། རྩོད་གླེང་དེ་དག་ཕྱོགས་ལྷུང་གི་སྐད་ཆ་ཞིག་ལས། བློ་གཟུར་བོར་གནས་པའི་ལྟ་ཚུལ་ཞིག་མིན་པར་ཡིད་ཆེས་བྱེད་བཞིན་ཡོད། འདིར་གསང་སྔགས་རྙིང་མ་གང་ལ་གཞི་བཅོས་སའི་ཁུངས་གཙོ་བོ་ནི། ༼རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བ་སྙིང་བོའི་དེ་ཁོ་ན་ཉིད་ངེས་པ་རྒྱུད་ཀྱི་རྒྱལ་བོ༽ཞེས་པ་འདི་ཉིད་ཡིན་ཅིང་། དེ་ཡང་ལེའུ་བུ་༣༤བདག་ཉིད་ཅན། ལེའུ་ཐ་མ་ལྔས་ལེའུ་སྔ་མ་དག་གི་དགོངས་དོན་ཡང་བཀྲལ་ཡོད་སྟབས། རྩ་བཤད་གཉིས་འབྲེལ་གྱི་རྒྱུད་གཞུང་ཞིག་ཡིན་པར་སྔ་འགྱུར་གྱི་མཁས་གྲུབ་རྣམས་ལ་ཡོངས་སུ་གྲགས། གསུང་བ་པོ་ཡང་སྟོན་པ་ཤཀྱ་ཐུབ་པ་ལ། གདོད་མའི་མགོན་པོ་དང་། ཆོས་སྐུ་ཀུན་ཏུ་བཟང་བོ། ཆེ་མཆོག་ཧེ་རུ་ཀ དཔལ་གསང་བ་འདུས་པ། དུས་ཀྱི་འཁོར་ལོ། རྡོ་རྗེ་འཆང་སོགས། རྒྱུད་ཀྱི་བསྟན་དོན་དང་མཐུན་པའི་མཚན་གྱི་རྣམ་གྲངས་མི་འདྲ་བར་བརྗོད་པ་ཙམ་ལས། ངེས་དོན་ལ་རྒྱུད་ཀྱི་སྟོན་པ་ནི་རྒྱལ་བ་རང་ཉིད་ཡིན་པར་ཐེ་ཚོམ་བྱ་མི་དགོས་པ་ཤིག་སྟེ། སྟོན་པས་རྒྱུད་གང་དང་གང་ཞིག་གསུང་སྐབས། སྟོན་པ་ཉིད་རྒྱུད་དེ་དང་དེའི་དཀྱིལ་འཁོར་གྱི་གཙོ་བོའི་ལྷ་རུ་བཞེངས་ཡོད་པ་རྒྱུད་ཀྱི་གླེང་གཞི་སོགས་ལས་གསལ་བོར་རྟོགས་ཐུབ། རྒྱུད་དེ་དག་གསུངས་པའི་ཡུལ་དུས་ཀྱང་། གཙོ་བོ་འོག་མིན་དང་། དགའ་ལྡན། རི་རབ་ཀྱི་རྩེ་མོ། ཨོ་རྒྱན་གྱི་ཡུལ། ཟ་ཧོར། དཔལ་ལྡན་འབྲས་སྤུངས་སོགས་སུ། གདུལ་བྱའི་ཁམས་སད་དུས་གསུངས་པ་ཞིག་ལས་ཡོངས་གྲགས་མ་ཡིན་པས། ཉན་ཐོས་ཀྱི་ལུགས་ལྟ་བུར་ཟབ་གསང་འདི་འདྲ་མ་གྲགས་ཤིང་། འཁོར་ལོ་ཕྱི་མ་གཉིས་ཀྱི་རྣམ་བཞག་ཀྱང་ཁས་མི་ལེན་པ་ཡིན། དཔལ་གསང་བ་སྙིང་བོའི་རྒྱུད་ཀྱི་བསྟན་དོན་གཙོ་བོ་ནི། ༼བདེན་གཉིས་དབྱེར་མེད་ཀྱི་ཆོས་སྐུ་ཆེན་པོའི་རྣལ་འབྱོར༽དེ་ཡིན་ཞིང་། དེས་དམིགས་འཛིན་ས་དེ་བརྟན་གཡོའི་གཞི་མར་གྱུར་པའི་སེམས་ཀྱི་རྡོ་རྗེ་དེ་རེད། སེམས་ཀྱི་རྡོ་རྗེ་དེ་ལ་རྫོགས་ཆེན་གྱི་གཞུང་ལུགས་དག་ན། གཉུག་མ་ཀ་དག་གི་ཡེ་ཤེས་དང་། རིག་པ་ཟང་ཐལ་ཆེན་པོ། འོད་གསལ་འདུས་མ་བྱས་པའི་ཡེ་ཤེས་སོགས་བརྗོད་ཚུལ་མི་གཅིག་པ་སྣ་ཚོགས་ཡོད་པ་དང་། སྔགས་གསར་མའི་བླ་མེད་ཀྱི་རྒྱུད་སྡེའི་ནང་དུའང་། བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་དང་། འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས། གཉུག་མ་ལྷན་ཅིག་སྐྱེས་པའི་འོད་གསལ་གྱི་སེམས་སོགས་མཚན་མི་གཅིག་པ་སྣ་ཚོགས་པས་བརྗོད་ནའང་། དོན་དངོས་ཐོག་རྒྱུད་ཀྱི་སྟོན་པས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།། བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད།། ཅེས་གསུངས་པ་ལྟར། སངས་རྒྱས་ཀྱི་ཐུགས་འོད་གསལ་ཆོས་ཀྱི་སྐུ་ལ་གོ་དགོས་པར་འདོད། དེ་ལྟ་བུའི་འོད་གསལ་གྱི་སེམས་དེ་རྫོགས་ཆེན་ལྟར་ན། རང་གི་ངོ་བོ་སྟོང་བའི་ཆ་དང་། གསལ་བ་ཡེ་ཤེས་ཀྱི་ཆ། ཡེ་ཤེས་དེར་སངས་རྒྱས་ཀྱི་སའི་ཡོན་ཏན་ལྷུན་གྲུབ་ཏུ་བཞུགས་པ་ལ་ལྷག་པའི་དོན་དམ་བདེན་པ་དང་། དོན་དམ་དེའི་རྩལ་ལས་སྣོད་བཅུད་དག་པ་རབ་འབྱམས་སུ་ཤར་བ་ལ་ལྷག་པའི་ཀུན་རྫོབ་བདེན་པ་ཞེས་བརྗོད། དེ་ལྟ་བུའི་བདེན་གཉིས་ངོ་བོ་གཅིག་ཏུ་གནས་པའི་ཟུང་འཇུག་ལ་ལྷག་པའི་བདེན་པ་དབྱེར་མེད་ཅེས་གསུངས་ཡོད། དེ་ཡང་གསལ་བོར་བཤད་ན། ད་ལྟ་རང་རེས་འཇོག་བཞིན་པའི་སེམས་ཀྱི་སྣང་བ་འདི་དག་དང་། དེའི་སྤྲོ་གཞིར་གྱུར་པའི་འོད་གསལ་ལམ། སྣང་མཆེད་ཐོབ་གསུམ་མ་ཤར་གོང་ངམ་འགགས་རྗེས་ན་ལྷག་པའི་ཆེས་ཐོག་མའམ། ཆེས་ཐ་མའི་འོད་གསལ་གྱི་རིག་པ་དེ་ལ། འོད་གསལ་རྫོགས་པ་ཆེན་པོ་ཞེས་བརྗོད། རིག་པ་དེའི་ངོ་བོ་དཔྱད་པས་མི་རྙེད་པས་སྟོང་ཆར་དོན་དམ་བདེན་པ་དང་། དེའི་རྩལ་དག་མ་དག་གི་སྣང་ཆར་ཀུན་རྫོབ་བདེན་པ་ཞེས་བརྗོད། དེ་ལྟ་བུའི་བདེན་གཉིས་རིག་པ་དེའི་ངོ་བོར་ཟུང་འཇུག་གི་ཚུལ་དུ་གནས་ཡོད་ལ། དེ་ངོས་ཟིན་ན་འཁོར་བ་དང་མྱང་འདས་སོགས། དག་མ་དག་གི་སྣང་ཚུལ་ཐམས་ཅད་དེའི་རྩལ་ལམ་ཡིན་ལུགས་སུ་ངོས་ཟིན་ནས། གདོད་མའི་བཙན་སར་སངས་རྒྱས་པ་ཡིན། དེར་བརྟེན་སྔ་འགྱུར་གྱི་ལྟ་བ་ཡུལ་ཅན་དུ་བཞེད་པའི་རྒྱུ་མཚན་གཙོ་བོ་ཞིག་ཀྱང་། ཡུལ་འཇོག་མཁན་གྱི་ཡུལ་ཅན་རིག་པ་དེའི་གནས་ལུགས་ངོས་མ་ཟིན་ན། ཡུལ་བདེན་པར་གྲུབ་མ་གྲུབ་ཅི་ཙམ་དཔྱད་སྒོམ་བྱས་ཀྱང་། རིག་པ་ཡུལ་ཐོག་ཏུ་ཤོར་ནས་སྣང་མཆེད་ཐོབ་པའི་འཁོར་བ་འབྱུང་ཞིང་། དེ་ངོས་ཟིན་ན་ཉིཟླ་གཟའ་སྐར་སོགས་ཀྱི་གནས་ཡུལ་ནམ་མཁའི་དབྱིངས་ལས་་ལོགས་ན་འཇོག་རྒྱུ་ཞིག་མི་རྙེད་པ་ལྟར། སེམས་སྣང་རིག་རྩལ་དུ་རྟོགས་ནས་འཁོར་བ་འགྲུབ་པའི་གོ་འགགས་པ་ཡིན་ནོ།། དེ་བཞིན་སྔགས་གསར་མའི་བླ་མེད་ཀྱི་རྒྱུད་ན། འཁོར་འདས་ཀུན་ཀྱི་གཞི་མར་གྱུར་པའི་གཉུག་མའི་སེམས་ཤིག་འཇོག་ཅིང་། དེ་ལ་དོན་དམ་བདེན་པའམ་ཆོས་ཉིད་ཅེས་བརྗོད། དེ་ལྟ་བུའི་གཉུག་མའི་སེམས་དེ་སྔགས་གསར་མའི་བླ་མེད་ཀྱི་རྒྱུད་ཀྱི་ནང་། རྒྱུད་དོན་འཆད་སྐབས། རྒྱུད་ནི་རྒྱུན་ཆགས་ཞེས་བྱར་བརྗོད།། ཅེས་སེམས་ཅན་ནས་སངས་རྒྱས་དང་། འཁོར་བ་ནས་མྱང་འདས་བར། རྒྱུན་ཆགས་སུ་གནས་པའི་སེམས་ཀྱི་ཆོས་ཉིད་ཅིག་འཇོག་ཅིང་། དེ་འདྲའི་ཆོས་ཉིད་དེ་མངོན་དུ་རྟོགས་ཆེད། ཐབས་ཤེས་ཀྱི་རིམ་པ་གཉིས་སམ། བསྐྱེད་རྫོགས་ཀྱི་སྒོམ་གཉིས་བྱུང་བ་རེད། སྒོམ་དེ་གཉིས་བརྒྱུད། ང་ཚོའི་སེམས་རྒྱུད་ན་ཡོད་པའི་ད་ལྟའི་ཐ་མལ་གྱི་སྣང་བ་འདི་དང་། སྣང་བ་ལྟར་བདེན་པར་ཞེན་པའི་བློ་འདི་གཉིས། བསྐྱེད་རིམ་གྱིས་དག་པ་ལྷའི་དཀྱིལ་འཁོར་དུ་འཆར་བཞིན་པ། རྫོགས་རིམ་གྱི་དོན་གྱི་འོད་གསལ་ལྟ་བུའི་སྐབས། འོད་གསལ་འཆར་སྟོབས་ཀྱིས་བསྐྱེད་རིམ་གྱི་ཆོས་མཐའ་དག་བདེན་མེད་སྒྱུ་མ་ལྟ་བུའི་རྣམ་རོལ་དུ་ངང་གིས་འཆར་འོང་བར་གསུངས་ཤིང་། དེ་གཉིས་མེ་ཏོག་དང་དེའི་དྲི་བཞིན་ཟུང་འཇུག་གི་ཚུལ་དུ་གནས་པར་བཤད་ཡོད། ལྟ་ཚུལ་འདི་ནི་མིང་བརྡས་བརྗོད་སྟངས་ཙམ་མ་གཏོགས། རྫོགས་ཆེན་གྱི་རིག་པ་ངོ་བོ་སྟོང་བའི་ཆ་ནས་། བདེན་མེད་སྟོང་བ་ཉིད་དུ་གྲུབ་པ་དང་། རང་བཞིན་གསལ་བའི་ཆ་ནས། དག་མ་དག་གི་སྐུ་དང་ཞིང་ཁམས་གྱི་སྣང་བ་རབ་འབྱམས་སུ་འཆར་རྒྱུ་ཡོད་པར་གསུངས་པ་དང་། དེ་བཞིན་མཐར་ཐུག་གི་འབྲས་བུ་གཏན་ལ་འབེབས་ཚུལ་ཀྱང་། རྫོགས་ཆེན་ལྟར་ན། གཉུག་མ་ཀ་དག་གི་ཡེ་ཤེས་དེ་ཆོས་སྐུ་དང་། དེ་རང་བཞིན་གྱིས་གྲུབ་པས་སྟོང་བ་ངོ་བོ་ཉིད་སྐུ། ངོ་བོ་ཉིད་སྐུའི་བཞོན་རླུང་ཕྲ་མོ་དེ་གཟུགས་སྐུ། རླུང་དེའི་གདངས་ལོངས་སྐུར་འདོད་དགོས་པ་ནང་བཞིན། སྔགས་གསར་མའི་ལུགས་སུའང་། མདོ་ལུགས་ཀྱི་འཆི་སེམས་ཕྲ་མོ་དང་། སྔགས་ལུགས་ཀྱི་ཤིན་ཏུ་ཕྲ་བའི་གཉུག་སེམས། རླུང་སེམས་སོགས་དོན་གཅིག་ཅིང་། དེ་ཡང་གཉུག་སེམས་སྟོང་གཞི་ཆོས་ཅན་ཡེ་ཤེས་ཆོས་སྐུ། དེའི་ཆོས་ཉིད་ངོ་བོ་ཉིད་སྐུ། དེ་དང་དབྱེར་མེད་པའི་རླུང་སེམས་ཕྲ་མོ་དེ་གཟུགས་སྐུར་འཇོག་དགོས་པར་གསུངས་པ་སོགས། དོན་གནད་འདི་དག་གོང་འོག་བསྒྲིགས་ནས་བརྟགས་ན། གསར་རྙིང་གཉིས་ཀའི་ལྟ་བའི་གནད་འབབ་ས་དེ། དག་དག་གཅིག་ཏུ་སོང་འདུག་སྙམ་པས་བློ་ལྡན་དག་གིས་དཔྱད་པར་འཚལ། ངས་འདི་ནས་སེམས་གཏིང་ནས་བརྗོད་འདོད་པ་ཤིག་ལ། འཛམ་གླིང་འདིའི་ཆོས་དང་རིག་གཞུང་གང་ཞིག་ཡིན་རུང་། སྔ་མ་སྔ་མ་ལ་བརྟེན་ནས་ཕྱི་མ་ཕྱི་མ་བྱུང་བ་ཞིག་ལས། སྔ་ཕྱི་མ་འབྲེལ་བའི་ཆོས་རིག་ཅིག་ཕལ་ཆེར་ཡོད་རྒྱུ་མ་རེད། དཔེར་ན། གནའ་བོའི་ལྗོས་ཀྱི་ཆོས་ལུགས་ལས། ཡི་ཤི་དང་ཁ་ཆེས་ཆོས་ལུགས་བྱུང་བ་དང་། དགའ་ལེའོའི་འཇིག་རྟེན་ལྟ་ཚུལ་ལས། ནོས་ཁྲོན་གྱི་འཐེན་ཤུགས། དེ་ལས་ཨ་ཡེན་སི་གྲན་གྱི་ལྟོས་བཏགས་བྱུང་བ་སོགས། མདོར་ན། ང་ཚོ་མིའི་རིགས་ཀྱི་རྐང་གཉིས་ས་ལ་བཙུགས་པ་ནས། ད་ལྟ་བར་གྱི་འཕོ་འགྱུར་འགུལ་བསྐྱོད་ཚང་མར་རྟེན་ནས་བྱུང་བའི་འབྲེལ་ལམ་ཞིག་གིས་མ་ཟིན་པ་ཞིག་གང་ན་ཡོད། བོད་ལ་མཚོན་ནའང་བྲག་སྲིན་སྤྲེའུའི་རྒྱུད་ལས་མིའི་རིགས་དང་། བྲག་སྐྱིབས་ལས་ཁང་ཁྱིམ། སྨྲ་བརྗོད་མི་གསལ་བའི་སྐད་གདངས་ཞིག་ནས་བོད་སྐད། བོན་གྱི་རིག་པ་ལས་བོད་ཀྱི་རིག་གཞུང་སོགས་རིམ་པར་བརྒྱུད་རྗེས། ད་གཟོད་ད་ལྟའི་བོད་ཀྱི་ཆོས་དང་རིག་གཞུང་ཞེས་ཆ་ཚང་བ་འདི་བྱུང་བ་རེད། བརྒྱུད་རིམ་དེ་དང་རིག་གཞུང་དེ་དག་ཀྱང་། སྐབས་དེའི་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པ་ཞིག་དང་། དགོས་མཁོ་ཡོད་པ་ཞིག་ཡིན་སྟབས། ལས་ལ་བརྩོན་པའི་མེས་པོ་དག་གིས་ངལ་བ་ཁྱད་བསད་ཀྱིས་རང་དུས་ཀྱི་ལས་འགན་ཆེན་པོ་ཞིག་བསྒྲུབས་ཚར་བ་མ་ཡིན་ནམ། ལྷག་པར་སྔགས་གསར་རྙིང་གིས་མཚོན་པའི་བོད་བརྒྱུད་ནང་ཆོས་འདི་ཉིད། ཡོད་ཚད་དཀོན་མཆོག་གིས་བཀོད་པ་དང་། ལུང་དང་ལྷ་སྒྲུང་གི་ཁ་འཛིན་བྲག་ལྟར་མཁྲེགས་ཤིང་། མཚན་ཉིད་རིག་པ་དང་ཚན་རིག་གི་རྒྱབ་རྩ་འདམ་ལྟར་རྙི་བའི་ཆོས་ལུགས་ཁག་དང་མི་འདྲ་བར། བརྟགས་ན་དཔྱད་རྒྱུ་དང་། བསྒོམས་ན་འགྲུབ་རྒྱུ་ཡོད་པ། ཤི་གསོན་གཉིས་ཀར་ཕན་པ་མང་བོ་ཡོད་པ་ཞིག་ཡིན་སྟབས། ང་ཚོས་གཞན་ལ་ངོམ་དུ་རི་བའི་སེམས་ནང་གི་རིན་པོ་ཆེ་ཞིག་ལོས་ཡིན་ཞེས་སྨྲའོ།། ཟུར་ཞུ་རྩོམ་ཡིག་འདི་ཉེ་ཆར་དགེ་བཤེས་བེ་རི་འཇིགས་མེད་ལགས་ཀྱི་སྔགས་གསར་རྙིང་བར་གྱི་རྩོམ་ཡིག་ཅིག་མཐོང་བས་རྐྱེན་བྱས་ཏེ། མི་ཁོམ་པའི་ཞོར་ལ་འཕྲལ་མར་སྤེལ་སྟབས། ཚིག་དོན་གཉིས་ཆར་སྐྱོན་ཆ་ལྷག་ཡོད་ན། གཟུར་གནས་མཁྱེན་ལྡན་རྣམ་པས་ཡོ་བསྲང་ཡོང་བའི་རེ་འབོད་བཅས། དགེའོ།།
(མཆན། རྔ་བ་རྒྱལ་ཁམས་པས་བརྩམས་པའི་རྩོམ་ཡིག་འདིར་ གློག་ཀླད་ཀྱི་རྐྱེན་གྱིས་ ཡི་གེ་པ་དང་བའི་གོ་རིམ་འཁྲུགས་པ་སོགས་འདུག་པ་ མྱུར་སྟབས་ཀྱིས་བཅོས་མོད། ད་དུང་ཞུ་དག་ནན་ཏན་ཏུ་སོང་མེད་པ་དེ་དོན་དགོངས་འཇགས་ཞུ། ཁ་བརྡས་ཕུལ།)
མ་མཇལ་ཡུན་རིང་ཁམས་བཟང་མུ་མཐུད་སྤེལ་རོགས།
མ་མཇལ་ཡུན་རིང་ཁམས་བཟང་མུ་མཐུད་སྤེལ་རོགས།
རྔ་བ་རྒྱལ་ཁམས་པ་ཁོང་རང་ཉིད་ཀྱིས་རྩོམ་ཡིག་འདི་དག་ཁ་བརྡ་ཚང་ལ་སྤྲད་པ་ཡིན་ནམ། ཁ་བརྡ་ཚང་གིས་རྔ་བ་རྒྱལ་ཁམས་པ་ཚང་ལ་ཕར་རེ་སྐུལ་ཞུས་པ་ལྟར་ཁོང་གིས་གནང་བ་རེད་དམ་ལགས། དེང་སང་ཁོང་གང་དུ་ཡོད་པ་རེད་དམ་ལན་ཞིག་འདེབས་ཐུབ་རྒྱུར་དཀའ་ངལ་འདྲ་མེད་ན་འདེབས་རོགས་ཞུ། དཀའ་ངལ་འདྲ་ཡོད་ན་རྡོ་ཆུ་ནང་དུ་གསེགས་པ་ལྟར་བྱས་ཀྱང་སྐྱོན་མེད་ལགས།
རྣམ་དཔྱོད་ཕུར་དུ་བྱུང་བའི་རྔ་བ་རྒྱལ་ཁམས་ལགས་ཐུགས་རྗེ་ཆེ་དབྱེ་ཞིབ་ལེགས་པོར་བྱས་འདུག
ད་ཐེངས་བེར་ཌྷའཇིགས་ཀྱིས་྆རྩོམ་ཉོག་ཅིག་སྤེལ་བ་དེས་གོ་ཆོད་པ་རེད་དེ་བརྟེན་ནས་ངས་ཁྱེད་ཀྱི་ལེགས་བཤད་དེ་མཇལ་རྒྱུ་ཐོབ་པ་རེད།་་དེ་མིན་བེར་ཌྷའཇིགས་གོ་རྒྱུ་མེད་ཡིག་རྫོབ་དེ་བལྟ་རྒྱུ་ང་སྔ་ས་ནས་ཉོབ་བསྡད་ཡོད།་་་ལྟ་ཌྷ༷འདོད་ཀྱི་ཡིད་ཀ་མེད་གི་ཡ།་་་རྗེས་ཕྱོགས་ཡང་རྩོམ་ཡིག་འདྲ་མིན་བྲི་རོགས་ཀྱིས་་་ད་བདེ་མོ་