ལྷ་རུའི་བུ། (ལ་དྭགས།)
ཉེ་ཆར་བོད་ཀྱི་ཉི་མ་(Tibet Sun) དང་། ཕ་ཡུལ་(Phayul)གསར་འགྱུར་དྲྭ་གནས་ཐོག ཕྱི་ལོ་༢༠༡༩ཟླ་༠༦ཚེས་༠༨ཉིན་གྱི་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱི་ཚོགས་ཁང་ཆེན་པོའི་ནང་། བདག་གི་བརྩམས་ཆོས་(བོད་ཁྱིམ་གྱི་ཐག་གཅོད་འགྲིག་རེད།)ཅེས་པའི་ནང་འཁོད་གནད་དོན་ལ་ལར་གསལ་བཤད་དགོས་པའི་བཅོ་བརྒྱད་དྲུག་ཅུའི་མི་མང་ཚོགས་འདུའི་སྟེང་བྱུང་བའི་ཡིད་སྐྱོའི་གནས་ཚུལ་རྣམས་ཇི་བཞིན་བཀོད་འདུག་པས། བདག་གིས་དམིགས་བཀར་བྱ་རྒྱུ་མིན། འདིར་བཤད་བྱའི་གཙོ་བོ་ནི། ཉིན་འགའི་སྔོན་བདག་ལ་གྲོང་སྡེའི་མགོ་དཔོན་བརྒྱུད་ནས་ལ་དྭགས་བསོད་ནམས་གླིང་གནད་ཡོད་མི་སྣའི་ཐག་གཅོད་ཡིན་ཞེས་པའི་དཔྱད་ཁྲའི་ཡི་གེ་ཞིག་འབྱོར་བྱུང་། དཔྱད་ཁྲ་དེའི་ནང་གི་ཚིག་བརྗོད་མཐའ་དག་ནི། ཉེ་དུས་ལ་དྭགས་བོད་ཁྱིམ་ལ་བཏང་བའི་གཞི་མེད་སྐྱོན་བརྗོད་ཀྱི་ཡི་གེ་དང་། དེ་བཞིན་གུས་པར་བཏང་བའི་གཞི་མེད་སྐྱོན་བརྗོད་ཀྱི་ཡི་གེའི་ཚིག་བརྗོད་ཀྱི་འགྲོས་དང་ཧེ་བག་མ་མཐོང་། སྤྱིར་ནས་དེའི་ནང་འཁོད་པའི་རྩ་བའི་དོན་ཚན་གཉིས་དང་ནང་གསེས་དོན་ཚན་གང་ལའང་ངོས་ལེན་རྩ་ནས་བྱ་རྒྱུ་མིན། རྒྱུ་མཚན་ནི་གཞི་རྩའི་ཁྲིམས་ལུགས་ཀྱི་ཁེ་དབང་ལ་དགོངས་པ་མ་བཞེས་པའི་ཐག་གཅོད་ཅིག་ལ་མཐོང་བས་ཡིན། དེ་ཡང་དཔྱད་ཁྲའིི་ཡི་གེའི་ནང་། དོ་བདག་ནས་༸རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་སྐུ་མདུན་དུ་ཕྱག་གསུམ་དང་མཇལ་དར་འབུལ་དགོས་རྒྱུ་དང་། གནད་ཡོད་མི་སྣ་གཙོས་མི་མང་ལ་དགོངས་སེལ་ཞུ་དགོས་རྒྱུ་ལ་སོགས་བཀོད་འདུག མ་ཟད་ད་དུང་གདམ་ཀ་གཉིས་པ་དེའི་ནང་། བརྩམས་ཆོས་ཀྱི་ཚིག་སྣ་འགའ་རེ་ཟུར་ཁོལ་བྱས་ནས་དེ་དག་ལ་ནོར་འཁྲུལ་ཡོད་པ་དོ་བདག་གི་ངོས་འཛིན་དང་། དགོངས་སེལ། གསལ་བཤད་་བཅས་བྱ་དགོས་པའི་བླང་བྱ་སྟོན་འདུག ཧང་སང་དགོས་པ་ཞིག་ལ་ས་གནས་མགོ་འཛིན་གྱིས་དང་ཐོག་མི་མང་བེད་སྤྱོད་བྱས་ནས་བོད་ཁྱིམ་གྱི་ཐག་གཅོད་དང་དེར་རྒྱབ་སྐྱོར་བྱེད་མི་ལ་དགག་བརྒྱག་དང་། དེ་ནས་གཞིས་གྲོང་གི་བརྒྱ་དཔོན། ད་ལྟ་གཞིས་ཆགས་གཅིག་གི་གནད་ཡོད་མི་སྣ་ལག་པ་འབྱིད་ས་ཞིག་ལ་ལྟ་ནས་བདག་གི་རྩོམ་ཡིག་གཅིག་པོར་ཁ་རྡུང་གཏོང་གི་འདུག ཡང་དགག་བརྒྱག་བྱ་སའི་ཡུལ་ལའང་དེ་བཞིན་འཕོ་འགྱུར་ཞིག་ཀྱང་ཕྱིན་འདུག དང་ཐོག་བོད་ཁྱིམ་དབུས་དང་། དེ་ནས་ལ་དྭགས་བོད་ཁྱིམ་གྱི་དབུ་འཛིན། དེ་ནས་གང་ཟག་བྱེ་བྲག་པ་གཅིག་གི་རྩོམ་ཡིག་གི་སྟེང་ལ་བབས་འདུག ད་ལྟ་བོད་ཁྱིམ་དབུས་དང་ས་གནས་ཀྱི་དབུ་འཛིན་ཡོངས་སུ་བརྗེད་པའི་ཚུལ་ལྟར་བྱས་ནས། བོད་ཁྱིམ་གྱི་ཐག་གཅོད་ལ་རྒྱབ་སྐྱོར་གྱི་རྩོམ་ཡིག་སྤེལ་མི་བདག་གི་སྟེང་ལ་སྡང་ཟུག་གི་རྣམ་འགྱུར་འཛིན་བཞིན་པ་ནི་ཧ་ལས་དགོས་པ་ཞིག་རེད་འདུག
ད་ལྟ་ངའི་སེམས་ན་འདི་ལྟར་འཁོར་བཞིན་ཡོད།
ང་ལ་གནོང་འགྱོད་མེད། མུ་མཐུད་དེ་བདེན་པ་དང་ཞུམ་མེད་ཀྱི་ཆོད་སེམས་སྙིང་གི་རུམ་ལ་བཅུག་ནས་འགྲོ་རྒྱུ་ཡིན། ང་ལ་བདེན་པ་རི་རབ་ཙམ་ཡོད་པས། རོགས་དང་དཔུང་ལ་རེ་རྒྱུ་མིན། ཁེར་རྐྱང་གིས་བདེན་པ་བརྩད་ནས་འགྲོ་རྒྱུ་ཡིན། ཁྲིམས་ཀྱི་མདུན་ས་ལ་དངུལ་ལོར་སྤྲད་ནས་ཁྲིམས་ཀྱི་རྒྱ་སྲང་ལ་གཡོ་སྒྱུའི་ལས་ངན་གསག་རྒྱུ་མིན། མཐོན་པོའི་མི་དང་། གཤམ་གྱི་དམངས་ཁྲོད་ནས་ཐོན་གྱིན་པའི་གཞི་མེད་ཀྱི་སྐད་ཆ་ལ་བདག་གིས་སེམས་ཆུང་བྱས་ཏེ། ནག་ཉེས་ཀྱི་ཞྭ་མོ་གཡོག་ཏུ་འཇུག་རྒྱུ་མིན་ལ། ད་དུང་མི་བདེན་པའི་སྐད་ཆ་ཡོད་ཚད་ལ་བདེན་ཁ་ཡང་རྩ་ནས་སྟེར་རྒྱུ་མིན། ང་ནི་མི་ཞིག་ཡིན། བདེན་པ་སྲུང་བའི་འོས་འགན་ཡོད། ངའི་ཕ་མེས་བཙན་གནོན་ལ་ཞེ་ལོག་ནས་བཙན་གནོན་མེད་པའི་བཙན་བྱོལ་གྱི་འཚོ་བ་བདམས་པ་ཡིན། ང་ཡང་ཕ་མེས་ཀྱི་གདམ་ཀ་བྱེད་སྟངས་ལ་ལྷག་ཏུ་མོས་པས། ཕ་མེས་ཀྱི་བརླ་རྐང་གཅོག་པའི་ལས་ངན་དུས་རྟག་ཏུ་མི་བྱེད་ཁོ་ཐག་ཡིན། མ་ཟད་བདག་གིས་བཤད་པའི་སྐད་ཆ་ལ་ཆོས་ཉིད་ཀྱི་རང་བཞིན་དང་མི་མཐུན་པའི་སྐད་ཆ་མེད་པས། ཉི་ཚེ་བའི་རིགས་པ་སྟོང་དང་། ལྟར་སྣང་གི་སྒྲུབ་བྱེད་ཁྲི་འབུམ་བགྲངས་ཀྱང་སེམས་བག་ཚ་བ་ནམ་ཡང་མི་བྱེད། ང་ལ་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་རྩ་འཛིན་གྱི་ཁྲིམས་གཞི་དང་། གནས་ཡུལ་རྩ་ཁྲིམས། དེ་བཞིན་རང་སྡེའི་བཅའ་ཁྲིམས་རིན་པོ་ཆེ་སོགས། སུས་ཀྱང་གླགས་མི་རྙེད་པའི་རྩ་འཛིན་དང་། རྩ་ཁྲིམས། བཅའ་ཁྲིམས་ཡོད། དྲང་འཁྱོག་ཤན་འབྱེད་ཀྱི་ཁྲིམས་སྲང་ཡོད། ཁ་སང་དེ་རིང་སྡིག་པ་མིག་བཙུམ་དང་། རྩིས་མེད་མཐོང་མེད་ཀྱི་རྡོག་རོལ་དང་། གཞི་མེད་སྒྲོ་བཏགས་ཀྱི་ལྷགས་རླུང་། མ་བརྟག་མ་དཔྱད་ཀྱི་འུད་བརྗོད་ཀྱི་སྤྱི་ཚོགས་ན། བདེན་པ་ཟེར་བ་རླུང་ཁྲོད་ཀྱི་མར་མེ་དང་། སྤྱོད་ལོག་གཤིས་ལོག་གི་ངང་ཚུལ་ནི། གླང་སྨྱོན་སྲང་ལ་རྒྱུག་པ་དང་། སྨྱོན་པ་གཅེར་བུར་ཚོགས་སུ་རྒྱུ་བ་བཞིན་རེད་གདའ། ང་དེ་དག་ལ་མི་འཇིགས། མི་ཞུམ། མི་སྐྲག མི་ངུ། མི་བྲོས་ཁོ་ཐག་ཡིན། ཁྱེད་ཚོ་ལ་བདེན་པ་ཡོད་ན། བདག་རྫོང་གི་ཁྲིམས་ཁང་གི་མདུན་ལ་ཁྱི་བཞིན་ཐོགས་དང་། རྟ་བཞིན་ལྕག་གིས་ཕྲོབས་དང་། མུན་ནག་གི་ཁྲི་མུན་ལ་རྫོངས་དང་། དེ་མིན་ཁ་བཤད་ཆུ་ཡི་ལྦུ་བ་དང་། ལག་ལེན་གསེར་ཤུན་གྱི་ཐིགས་པ་རེད། ནང་ལ་བྱེད་རྒྱུ་དང་ལས་རྒྱུ་གཅིག་ཡོད་གཉིས་ཡོད་བཤད་ཀྱང་དགོས་པ་ཅི་འདུག ནང་རྟག་ཏུ་སྟག་དང་། ཕྱི་གཏན་དུ་ཞི་མིའི་བརྟུལ་ཞུགས་བྱེད་པ་གང་ལ་སྨན་པ་ཡོང་། ཅི་སྟེ་བདག་ནག་ཉེས་ཀྱི་ཚོས་པའི་གོང་བུ་ཞིག་ཡིན་ན། ཁྲིམས་ཀྱི་མདུན་ས་ལ་ཚར་གཅོད་ཀྱི་ཆོ་འཕྲུལ་སྟོན་དང་། མི་མང་གིས་མདུན་སར་ཁྱོད་རང་སེམས་ལྷོད་ལྷོད་བྱས་ནས། ང་དང་འབྲེལ་བའི་གཏམ་ལྷ་ཆོས་སྐྱོང་སྲུང་མ་ཡིད་ཆེས་པ་ཞིག་དང་། ནག་ཚོགས་ཀྱི་འདྲེ་སྲིན་ཁོ་ཐག་ཆོད་པ་ཞིག་བགྲོངས་དང་། འབྲེལ་མེད་དོན་གཞན་དང་། མི་མང་གི་མགོ་བོ་རྨོངས་འཐོམ་ལ་གཏང་བའི་གཏམ་ཡ་མ་བརླ་རྐྱང་རྐྱང་གིས་སུ་དང་གང་ལ་མི་ཕན། ང་ལ་མཚོན་ན་བདེན་པ་ནི། ཚེ་སྲོག་གི་རིན་ཐང་ལས་ལྷག་པ་ཡིན། བདེན་མེད་རྫུན་གྱིས་གཏམས་པའི་སྤྱི་ཚོགས་དང་། མི་བུ་དང་། དཀར་ས་ནག་འདེད་དང་། རྒྱུ་འབྲས་འཛོལ་བའི་ལས་ཀ་ནི། ཞེ་མེར་མེར་བྱ་ས་ཞིག་ཡིན། དེས་ན་ཚིག་རྩུབ་ཁ་རྡུང་གི་མདའ་མོ། ཞེ་འཁོན་ལྷོག་ལྷོག་གི་དུག་རླངས། དཔྱོད་མེད་བླུན་པོ་ཡི་ངང་ཚུལ་ཇི་ཙམ་མདུན་དུ་ལྷགས་ཀྱང་། གཏང་སྙོམས་དང་སྙིང་རྗེ། བསྲན་ཐབས་དང་ངང་རིང་བྱ་རྒྱུའི་ཡིད་ཀྱི་དམ་བཅའ་ནམ་ནམ་ཞར་ཞར་ལ་བསྐྱུར་རྒྱུ་མིན།
དགོས་དམིགས་འདི་ཡིན།
ང་ནི་ལྷ་རུའི་བུ་ཡིན། དངོས་མིང་ལ་འགྱུར་མེད་ཚེ་རིང་ཟེར། ད་ལྟ་དགེ་རྒན་ཀྱི་ལས་ཀ་གཉེར་ཞོར། རྩོམ་ཡིག་བཀླག་རྒྱུ་དང་འབྲི་རྒྱུ་ལ་དགའ་བས་ཐར་ཐོར་རེ་རང་གིས་བྲི་བཞིན་ཡོད། ཉེ་ཆར་བོད་ཀྱི་དུས་བབ་ཀྱི་དྲྭ་ཚིགས་སྟེང་། (བོད་ཁྱིམ་གྱི་ཐག་གཅོད་འགྲིག་རེད།)ཅེས་པའི་བརྩམས་ཆོས་ཤིག་སྤེལ་ཡིན། བརྩམས་ཆོས་དེ་ནི། རྡ་ས་བོད་ཁྱིམ་སློབ་ཁག་ཡོངས་ཀྱི་འཛིན་སྐྱོང་འཕེལ་རྒྱས་ཚོགས་འདུའི་སྐབས་ཐག་བཅད་གནང་བའི་གནད་དོན་ཞིག་དང་འབྲེལ་ནས་བཤད་པ་ཡིན། ཞིབ་པ་བརྩམས་ཆོས་རང་ལ་གཟིགས་པར་འཚལ། དེ་རིང་བདག་གིས་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ཀྱིས་ངའི་བརྩམས་ཆོས་དེའི་སྟེང་ལྟ་སྟངས་ཅི་འདྲ་ཞིག་བཟུང་དང་འཛིན་བཞིན་པའི་གནས་སྟངས་དང་། ངའི་བརྩམས་ཆོས་ཀྱི་རྨང་གཞིའི་རྩ་འཛིན་བྱ་ས་དང་། རང་གི་བསམ་ཚུལ་མཉམ་སྦྲགས་བྱས་ནས་སྣེ་ཟིན་སྤུ་ཟིན་རེ་བཤད་པ་ལ་བརྩོན་པར་བྱ་རྒྱུ་ཡིན།
སྤྱིར་ནས་རྟོག་དཔྱོད་དང་། བསམ་གཞིགས་ཀྱི་གོམས་པ་མེད་པའི་སྤྱི་ཚོགས་ནི། ཉེན་ཁའི་རང་བཞིན་ཆེན་པོ་ཞིག་རེད་གདའ། ཐམས་ཅད་ཟེར་སྒྲོས་དང་། ཡིད་ཁྱེད་ཤེས་ཀྱི་དད་པ་འབའ་ཞིག་ལ་བརྟེན་པའི་མི་གཞི་ནི། རང་གཞན་གཉིས་ཕུང་བགྱིད་པའི་སྙིང་རྗེའི་ཡུལ་དང་། མི་བསྲུན་སྐྱེ་བོའི་ཚོགས་ཀྱི་ལག་ཆར་འཆོར་མི་སྲིད་པ་ཞིག་མི་འདུག་པས། སྤྱི་ཚོགས་ཀྱིས་སྤྱི་དོན་ལ་སྣང་ཆུང་དང་། ཡ་མེད་ཟུར་འཇོག་མེད་པར་རང་དོན་རང་གིས་གཅེས་གཅེས་སྐྱོང་པ་བཞིན། ཉིན་དཀར་གྱི་ཉི་མ་དང་། མཚོན་དགུང་གི་རྒྱུ་སྐར་གྱི་མགོན་པོ་བཞིན་དྲན་ཡུལ་གྱི་ངོགས་ནས་ནམ་ཡང་མེད་པར་གཏོང་མི་ཉན། བདག་གི་བརྩམས་ཆོས་(བོད་ཁྱིམ་གྱི་ཐག་གཅོད་འགྲིག་རེད།)ཀྱི་བརྗོད་སྙིང་གཙོ་བོ་ནི། རང་ཁ་རང་གསོ་ཡིན། མི་ཡུལ་དུ་ལྷགས་པའི་བཙན་བྱོལ་གྱི་སྤྱི་ཚོགས་ཤིག་ལ་མཚོན་ན། ནམ་རིང་སྒྲུང་གིས་འཁྱོལ་ཐབས་མེད་དང་འདྲ་བར། ཇི་སྲིད་གནས་པ་དེ་སྲིད་བར། གཞན་གྱི་ངོ་གདོང་ལ་ཅེར། ལག་གི་ཁྱོར་བ་གཟེད་དེ། ལྟོ་སློང་གོས་སློང་གི་བྱ་བྱེད་ནི། ནམ་ཡང་ངེས་གཏན་མེད་པའི་ཐོར་ཞིག་ལ་འགྲོ་ཆོག་ཆོག་གི་སྤྱི་ཚོགས་ཤིག་གི་ངང་ཚུལ་ཡིན་པ་ནམ་ཡང་གསལ་འགྲེལ་མི་དགོས་པ་ཞིག་ཡིན། རང་ཅག་ཕྱི་ཕྱོགས་ཀྱི་བོད་མི་བཙན་བྱོལ་བའི་སྤྱི་ཚོགས་ལ་མཚོན་ན། ༸རྒྱལ་བ་ཐམས་ཅད་མཁྱེན་པས་ཐུགས་བརྩེ་བ་ཆེན་པོས་རང་ཅག་བཙན་བྱོལ་བའི་ཐད་ལ་ཞལ་ཕྱོགས་ཏེ། “གཞིས་ཆགས་ཚོར་སྐྱོབ་གསོ་རིམ་པས་ཉུང་དུ་གཏོང་རྩིས་ཡོད། འདི་ནི་བོད་མི་ཚོར་སྡུག་ཏུ་བཏང་བ་དང་། བོད་མིར་ཤ་ཚ་བྱེད་མཁན་ཉུང་དུ་ཕྱིན་པ་ནམ་ཡང་མིན། རྒྱུན་དུ་སྐྱོབ་གསོ་ཁོ་ནར་བསྟེན་རྒྱུ་བོད་དུ་ངན་ལང་ཤོར་བའི་སྤྲང་ཕྲུག་ལྟ་བུར་རང་ཉིད་ཆུད་ཟོས་འགྲོ་རྒྱུའི་ཉེན་ཁ་ཆེ་བ་ལས། དགེ་མཚན་གང་ཡང་མེད། དེས་ན་ངེས་པར་རང་འཚོ་ཐུབ་པ་བྱེད་དགོས།“ཅེས་པའི་ཟབ་ཡངས་ཐུགས་ཀྱི་དགོངས་བཅུད་ཀྱི་བཀའ་སློབ་འདི་ནི། བཙན་བྱོལ་ལ་འབྱོར་ནས་ཏག་ཏག་ལོ་ངོ་ལྔའི་རྗེས་སུ་འཚོ་བ་དང་དཔལ་འབྱོར་གྱིི་མདུན་ལམ་སྲ་བརྟན་ཡོང་ཐབས་ལ་གནང་བའི་བཀའ་སློབ་ཤིག་ཡིན། ད་ལྟ་ང་ཚོ་རྣམས་ཕྱི་ཡུལ་དུ་འབྱོར་ནས་ལོ་ངོ་བཅུ་ཕྲག་དྲུག་ཏག་ཏག་ཕྱིན་ཟིན་ནའང་། ཁོང་ཐམས་ཅད་མཁྱེན་པའི་རིང་ནས་སྙིང་དུ་བརྣགས་པའི་ཐུགས་ཀྱི་དགོངས་པ་ཟབ་མོ་འདི། ནམ་ཡང་བརྗེད་ངས་རྐུན་པོའི་ལག་ལ་འཆོར་དུ་མ་འཇུག་པར། སྒོ་གང་ས་ནས་དོན་འཁྱོལ་ཡོང་ཐབས་ལ་འབད་པ་བསྟེན་དགོས། དེའི་ཆེད་དུ་རྩམ་གཟན་འཆིས་སོ་ཅོག་གིས་རང་གི་འདོད་ཕྱོགས་དང་། གཞན་གྱི་ལོག་བཤད། ཞེན་ཁོག་གིས་རང་རྒྱུད་ལྷད་ཅན་དུ་མ་གཏང་བར། དངོས་ཡོད་བདེན་དོན་དང་། འཚོ་བའི་རང་བཞིན་གྱི་ཆོས་ཉིད་ཀྱི་རྒྱ་དང་མ་བརྒལ་བར་དཔལ་འབྱོར་འཚོ་ཐབས་ཀྱི་མདུན་ལམ་རང་རྐང་སྲ་བརྟན་ཚུགས་ཐབས་ལ་བརྩོན་གལ་ཆེ། སྤྱི་ནས་བདག་གིས་རང་རེའི་བཙན་བྱོལ་གྱི་ལོ་ངོ་དྲུག་ཅུར་རིམ་པ་མི་འདྲ་བ་གསུམ་ཙམ་ལ་དགར་ན་ཆོག་པར་སྙམ། དང་པོ་ནི་ཕྱི་ལོ་༡༩༥༩ནས་༢༠༠༡སྟེ། ༸གོང་ས་མཆོག་གིས་ཐད་ཀའི་འཛིན་སྐྱོང་སློབ་སྟོན་དང་སྣེ་ཁྲིད་ཀྱི་དུས་རིམ་དང་། གཉིས་པ་ནི་༸གོང་ས་མཆོག་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ནས་ཕྱེད་བགྲེས་ཡོལ་གྱི་གནས་བབ་སྟེ། ཕྱི་ལོ་༢༠༠༡ནས་༢༠༡༡བར་དང་། ཕྱི་ལོ་༢༠༡༡ནས་༸གོང་ས་མཆོག་བགྲེས་ཡོལ་ཆ་ཚང་གི་གནས་བབ་སྟེ། ད་ལྟའི་ཡང་དག་པའི་མང་གཙོའི་འགྲོ་ལུགས་དང་མཐུན་པའི་སྤྱི་སྲོལ་གཞུང་ལམ་ཡངས་མོར་བསྐྱོད་དང་སྐྱོད་བཞིན་པའི་དུས་རིམ་གང་ལའང་། དམུས་ལོང་གསེར་ཐུར་གྱིས་མིག་དབང་ཕྱེ་ནས་ཞིབ་ལྟ་བྱེད་ཚེ། རང་རེའི་བཙན་བྱོལ་སྒྲིག་འཛུགས་ཀྱི་འཚོ་རྟེན་སྲིད་བྱུས་ཀྱི་གཙོ་བོ་ནི། རང་ཁ་རང་གསོ། གཞན་བརྟེན་མེད་པའི་འཚོ་བ་རང་སྐྱོང་ཡིན། དེ་ལས་ལྡོག་པའི་ཕུང་གསུམ་པའི་འཚོ་རྟེན་སྲིད་བྱུས་ཤིག་མེད། དེ་དག་རྒན་བྱིས་བར་གསུམ་མཐའ་དག་གིས་ཡིད་ཀྱིས་བསམ་ཐུབ་པ་དང་། ངག་སྒོས་བཤད་ནུས་པ་བྱ་དགོས་པ་གནད་ཀྱི་དོན་པོ་ཞིག་ལ་སྣང་།
བཅོ་བརྒྱད་དྲུག་ཅུའི་ཚོགས་འདུ།
བདག་གིས་ཡང་ཡང་བསམ་གཞིགས་དང་། རྒྱུས་ལོན་བྱས་མཐར། གོང་སྨོས་སྲིད་བྱུས་ཀྱི་རང་བཞིན་རྒྱབ་ལྗོངས་ཀྱི་རྨང་རྡོར་བཞག བཀའ་ཤག་རིམ་པའི་ལམ་སྟོན་གྱིས་ཟུར་རྒྱན། ད་དུང་ལྟ་གྲུབ་སྨྲ་བའི་ཁྱུ་མཆོག་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་མི་མང་ལ་བཀའ་སློབ་ལམ་སྟོན་གྱི་ཟབ་མོའི་གསུང་གི་ཉིང་བཅུད་ཀྱི་དགོངས་པ་ཁ་སྣོན་དུ་བྱེད་ཁུལ་བྱས་ཏེ། ཉེ་ཆར་བོད་ཁྱིམ་གྱི་ཐག་གཅོད་ལ་རྒྱབ་སྐྱོར་བྱ་རིན་ཡོད་པའི་ཁ་ཞེ་གཉིས་མེད་ཀྱིས་ཡིག་ངག་གཉིས་ཀྱི་བརྒྱུད་ལམ་སྤྱད་ནས་གསལ་བཤད་བྱེད་སྐབས། བློ་ཡུལ་ལས་འདས་པའི་ཁ་རྡུང་དང་། དམའ་འབེབས། འབྲེལ་མེད་དོན་མིན་གྱི་རྙོག་བཤད་མང་པོ་ཞིག གཞིས་ཆགས་མགོ་འཛིན་གྱིས་སྤྱི་དོན་ཁ་ལ་ཁྱེར་ནས། ཆེད་གཉེར་ལབ་གླེང་མང་པོ་བཟོས་སོང་། ད་དུང་སྤྱི་ཚོགས་ནང་བདག་གིས་བྲིས་པའི་བརྩམས་ཆོས་ནས། ཚིག་སྣ་མགོ་མེད་གཞུག་ཟླུམ་ལ་ལ་ཟུར་ཁོལ་བྱས་ནས། མི་མང་གི་བསམ་བློའི་ནང་ཀུན་སློང་ངན་པའི་རྣམ་རྟོག་ཆེད་བཟོས་བྱེད་པ་ནི། སྤྱི་ཚོགས་ཡར་རྒྱས་དང་མཐུན་སྒྲིལ་ལ་གནོད་ཚབས་དང་འགོག་རྐྱེན་ཞིག་རེད་སྙམ། ཁོ་བོའི་ཞིབ་འདང་གི་ཁྲོད་ན་ཁོ་པར་མཚོན་ན། བོད་ཡིག་གི་ཤེས་ཚད་དེ་ཙམ་རང་སྐྱ་འཕེར་བ་ཞིག་མེད་པ་མ་ཟད། བརྩམས་ཆོས་ཀྱི་སྤྱི་ཁོག་ལ་གོ་བ་ལམ་ཙམ་ཡང་རྙེད་མི་འདུག ལྷག་དོན་རྗོད་བྱེད་ཚིག་ལ་ལའི་བརྗོད་བྱ་དོན་གྱི་གོ་བ་བླངས་སྟངས་ལ་བསམས་ན། དགོད་བྲོ་བ་དང་ངུ་བྲོ་བའི་ལྟད་མོ་གཉིས་ཀ་སྣང་རྒྱུ་གདའ། དང་ཐོག་ཁོང་གིས་བོད་ཁྱིམ་གྱི་ཐག་གཅོད་ལ་གཞི་མེད་པའི་སྒྲོ་སྐུར་དང་འགོག་རྐྱེན། བོད་ཁྱིམ་གྱི་ལས་བྱེད་སྤྱི་དང་སློབ་གྲྭའི་གཟི་བརྗིད་ལ་རྨ་འབྱིན་གྱི་བྱ་བ་རིམ་པར་སྤེལ་བའི་ཁྲོད། མི་མང་སྙོམས་ཆུང་མང་པོ་མགོ་བསྐོར་བཏང་ནས་ལག་ཆར་བེད་སྤྱད་ཡོད་པ་མ་ཟད། མི་མང་དང་གྲོང་སྡེའི་མགོ་གཙོ་གཉིས་ཀ་སློབ་གྲྭ་དང་བདག་གི་འགལ་ཟླར་སློང་ཐབས་བྱེད་པའི་ཐབས་ཤེས་བྱེད་པ་དེ་དག་ནི། རྒྱུ་འབྲས་མེད་པའི་ཐ་ཤལ་གྱི་ལས་ངན་སྣ་དགུ་གཅིག་རྗེས་གཉིས་མཐུད་བརྩམས་པ་ཞིག་རེད། ཉིན་འགའི་སྔོན་ལ་གཞིས་ཆགས་ཀྱི་ལོ་ན་བཅོ་བརྒྱད་ཡན་ནས་དྲུག་ཅུ་བར་འདུ་འཛོམས་དགོས་པའི་ཚོགས་ཆེན་ཞིག་བསྐངས་ནས། སྔུན་མ་ཁོང་གིས་བདག་ལ་གསལ་བཤད་ཀྱི་གོ་སྐབས་སྤྲད་རྒྱུའི་སྐད་ཆ་བཤད་ནའང་། དོན་ལ་དེ་ལྟར་ཡོད་པ་ལྟ་ཞོག ཚོགས་འདུའི་དང་ཐོག་གི་ཆུ་ཚོད་གཅིག་དང་སྐར་མ་སུམ་ཅུ་ཙམ་རིང་། སྔོན་ཆད་བོད་ཀྱི་དུས་བབ་སྟེང་སྤེལ་བའི་བདག་གི་བརྩམས་ཆོས་ལ་ལ་དགོས་མེད་ལུང་འདྲེན་དང་འགྲེལ་ལོག བདག་ནི་ལ་དྭགས་བསོད་ནམས་གླིང་གི་མངོན་གསལ་མེད་པའི་སྐྱོན་གནས་རྣམས་རྒྱ་གྲགས་བོད་གྲགས་བྱེད་མཁན་གྱི་མི་གཏེ་ཡིན་ཟེར། ད་དུང་གཞི་མེད་སྐད་ཆས་བདག་གི་བུ་རབས་ཚ་བརྒྱུད་ལ་གནོད་པའི་མཐོང་ཕྱོགས་དང་ཁྱད་གསོད། ཚིག་དམར་དམར་རྗེན་རྗེན་དུ་མས་ཁྱིམ་མི་བུ་ཕྲུག་ལའང་ཚིག་རྩུབ་མོ་དང་། དོན་འཁྱོག་མཚང་འབྲུའི་སྨྲ་བ་ངན་པ་འཆོལ་མའི་ངག་སྒོ་ནས་ཀྱང་འཐོན་མི་སྲིད་པ་མང་པོས་སྡིགས་ར་སྐུལ་བའི་བྱ་སྤྱོད་ནི། གཞུང་གནས་སྒེར་གཅོད་ཀྱི་མི་སྣའི་རང་མདོག་ལྷང་ལ་འབུད་པ་ཞིག་ལས་ཅི་ཡང་རེད་མི་འདུག དེ་དུས་བདག་ལ་སྤྲད་པའི་གསལ་བཤད་ཀྱི་དུས་ཡུན་ནི། སྐར་མ་བཅུ་ལྷག་ཙམ་ལས་མ་སྤྲད། བདག་གིས་གལ་ཆེ་དོན་ཆེན་ལ་རྩིས་ནས། བསླངས་པའི་ཟང་ཟིང་གི་གླེང་གཞི་ཁ་གསལ་གཏིང་གསལ་དང་། ཕྱི་གསལ་ནང་གསལ། ད་དུང་སྤྱི་ཚོགས་ཀྱི་གནས་སྟངས་ས་གཞི་རྡུལ་དག་དང་ནམ་མཁའ་གཡའ་དག་ཡོང་སླད། གླེང་རྙོག་གི་སྔ་ཕྱི་བྱུང་རིམ་དང་། གླེང་རྙོག་གི་གཞི་རྩའི་བྱུང་རྐྱེན། བདག་གི་བརྩམས་ཆོས་ཀྱི་རྩ་བའི་རྒྱབ་ལྗོངས་ཀྱི་ལྟ་བ། འབྲི་དགོས་པའི་རྐྱེན། འབྱུང་འགྱུར་གྱི་རེ་བ་ཅི་ཡིན་ཞིབ་ཚགས་ཀྱི་སྒོ་ནས་བཤད་འདོད་ཀྱི་འདོད་པ་ཆེས་ཆེར་ཡོད་སྐབས། ཆེད་གཉེར་ཁོང་གིས་གསལ་བཤད་ལ་དགག་རྐྱེན་བཟོས་སོང་། མ་གཞི་ཁོང་ལ་བདག་ནག་པོ་ནག་རྐྱང་ལ་གཏོང་འདོད་ཀྱི་གྲ་སྒྲིག་དང་འདོད་པ་སྔ་ས་ནས་ཡོད་པ་ཞིག་རེད་འདུག དེ་ཇི་ལྟར་རེད་སྙམ་ན། སྤྱིར་གཞིས་ཆགས་ཀྱི་ཚོགས་འདུ་ཆེ་ཕྲ་ཆུང་གསུམ་ལ་མཉམ་འབྲེལ་བརྙན་ལེན་ཚན་པའི་སྡེ་ཚན་གྱི་བརྙན་ལེན་མཁན་ཡོད་ཡོད་ལྟ་བུ་ཡིན་ནའང་། དེ་ཉིན་ཚོགས་འདུ་འགོ་འཛུགས་མ་བྱེད་པའི་སྔོན། བརྙན་གྱི་པར་ལེན་འཕྲུལ་ཆས་རྣམས་བསྡུ་གསོག་བརྒྱབས་ཟིན་པ་རེད་འདུག འདི་ལྟའི་ངན་ལས་ལ་བྱང་ཆུབ་པའི་མི་ཞིག་ང་ཚོའི་གཞིས་ཆགས་ཀྱི་མགོ་ཁྲིད་དུ་སླེབས་པ་ནི། ནམ་ཡང་སྐྱོ་བ་བསངས་ཐབས་དཀའ་བའི་ལས་ངན་ཞིག་ལས་ཅི་ཡང་མིན།
འགལ་བ་ལྟག་སྤྲོད་ལ་སོང་འདུག
ཕྱིན་ཟིན་པའི་ཟླ་ངོ་གསུམ་ཙམ་རིང་། གཞིས་ཆགས་ཀྱི་མགོ་འཛིན་ཁོང་གིས་བཤད་པའི་སྐད་ཆ་མང་པོ་ཕན་ཚུན་འགལ་བ་ལྟག་སྤྲོད་ལ་སོང་ཡོད། དེ་ཡང་ཞིབ་གསལ་སྒོ་ནས་བཤད་ན། དང་པོ། སྔོན་ཆད་ཕྱི་ཟླ་གསུམ་པའི་ས་གནས་གྲོས་ཚོགས་ཀྱི་ཚོགས་འདུའི་ནང་། སྒོར་༢༠༠བསྡུ་བཞེས་དང་འབྲེལ་བའི་འཐུས་མིའི་གྲོས་གླེང་གི་མཐར། ཁོང་གིས་གཞིས་ཆགས་ཀྱི་མི་སྡེའི་ཁྲོད། ཁྱིམ་བདག་སུ་ཞིག་གིས་སྒོར་༢༠༠བསྡུ་ནུས་དང་མི་ནུས་ཀྱི་སོ་མཚམས་དབྱེན་བྱེད་ཁ་གསལ་མི་ཐུབ་པའི་སྐད་ཆ་བཤད་ཡོད་ནའང་། ཉེ་དུས་ཕྱི་ཟླ་༠༦ཚེས་༠༨ཉིན་གྱི་མི་མང་ཚོགས་ཆེན་སྐབས། མི་མང་ལ་དེ་ཉིད་དབྱེན་བྱེད་ཐུབ་ཀྱི་ཡོད་ཚུལ་གྱི་གཏམ་བཤད་སྤེལ་པ་དེས། བདག་སོགས་མི་མང་དཀྱུས་མ་མང་པོ་ཧ་ལས་ཧང་སང་དུ་བཅུག་བྱུང་། ས་གནས་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱང་དེ་ལྟར་ཡིན་སྲིད། འགན་ལེན་མེད་པའི་གཏམ་དག་སླན་ཆད་མི་ཡོང་ཆེད། གྲོས་ཚོགས་ཀྱི་འཐུས་མི་ཐུན་མོང་གིས་ཚ་འདྲི་དང་ཡིད་གཟབ་དགོས་པ་ཞིག་ཏུ་སྣང་། གཉིས་པ། བདག་གི་སྨྱུག་མིང་སྤྱད་དེ། བརྩམས་ཆོས་༼བོད་ཁྱིམ་གྱི་ཐག་གཅོད་འགྲིག་རེད།༽ཅེས་པ་དེ། དུས་བབ་ཀྱི་དྲྭ་ཚིགས་སྟེང་བཀོད་པའི་ཉིན་རྗེས་མ་དེར། གྲོང་སྡེ་ཁག་གི་མགོ་དཔོན་བསྡུ་སྐོང་བྱས་ནས། ལྷ་རུའི་བུ་བརྩད་གཅོད་ཀྱི་ཡི་གེ་དང་། ཁྲིམས་སར་འདེད་རྒྱུའི་གསལ་བསྒྲགས་ཤིག་བོད་ཁྱིམ་གྱི་མཚན་ཐོག་ལ་གྲོང་སྡེ་སོ་སོའི་ནང་བཀྲམ་སོང་། ཡིན་ནའང་ཉེ་ཆར་བཅོ་བརྒྱད་དྲུག་ཅུའི་མི་མང་ཚོགས་ཆེན་སྐབས། ལྷ་རུའི་བུ་ཤེས་ཀྱི་ཡོད་མདོག་གི་རྣམ་པ་བསྟན་པ་ཙམ་དུ་མ་ཟད། ཤེས་ནས་ཟླ་བ་ཡང་བཞི་ལྷག་ཕྱིན་ཡོད་ཚུལ་གྱི་འགལ་བའི་གཏམ་དག་ལས། གཞིས་ཆགས་ཀྱི་གྲོང་སྡེའི་མགོ་དཔོན་རྣམས་འདི་ལོའི་ཟླ་༠༣ནས་གཡོ་སྒྱུའི་ཟློས་གར་གྱི་གཡོ་འོག་ཏུ་ཚུད་ཡོད་པ་ཚོད་དཔག་ཐུབ་ངེས་ཡིན། གསུམ་པ། གཞིས་ཆགས་ཀྱི་མགོ་དཔོན་རྣམས་ཚོགས་འདུ་རིམ་པ་སྣ་ཚོགས་དང་། དེ་བཞིན་མི་མང་རྣམས་དགོང་མོ་མང་པོར་དུས་ཡུན་རིང་པོའི་རིང་། མི་མང་སྤྱི་ཁང་དུ་འདུས་ཏེ། འགན་ལེན་དངུལ་སྨར་ཆ་ཤས་ཙམ་དེ་བསྡུ་རྒྱུའི་ཐད་དྲང་མིན་གྱི་གསལ་བསྒྲགས་དང་། མཚན་རྟགས་བསྡུ་ལེན་བྱེད་པ་ཙམ་དུ་མ་ཟད། སྐབས་ཤིག་ལ་འཐུས་མིའི་ཚོགས་ཆུང་ཞིག་བཟོས་ནས། འདི་ནས་རྡ་ས་བོད་ཁྱིམ་སྤྱི་ཁྱབ་ལས་ཁུངས་སོགས་ལ་ཕྱིན།(འཐུས་མི་དེ་དག་གི་ལམ་གྲོན་ཇི་སོང་འབྲེལ་ཡོད་མི་མང་གི་ས་ནས་བསྡུ་ལེན་བྱས་ཡོད།) ཕྱིར་འཁོར་དུས་བྱིས་པའི་ཕ་མ་རྣམས་བསྡུ་སྐོང་བྱས་ནས། རྡ་ས་སྤྱི་ཁྱམ་དབུ་འཛིན་མཆོག་ས་གནས་སུ་མ་ཕེབས་བར་ཕ་མ་སུས་ཀྱང་སྒོར་༢༠༠འབུལ་མི་དགོས་པའི་གསལ་བསྒྲགས་ཐེངས་དུ་མ་སྤེལ་ཡོད། འོན་ཀྱང་ཉེ་ཆར་བོད་ཁྱིམ་སྤྱི་ཁྱབ་ཤེས་ཡོན་འགན་འཛིན་རྡ་ས་ནས་ཐོན་ཏེ། འདི་ཁུལ་ལ་མ་ཕེབས་སྔོན་གྱི་བར་ན། ས་གནས་མཉམ་འབྲེལ་གྱི་བརྙན་འཕྲིན་གྱི་བརྒྱུད་ལམ་སྤྱད་ནས། བོད་ཁྱིམ་ནི་ང་ཚོར་བཀའ་དྲིན་ཆེན་པོ་ཡིན་རབས་དང་། མེད་ན་ལག་ཞ་ལུགས་དང་རྐང་ཀྱོག་ལུགས། ད་ལྟ་བར་ཕན་ཐོགས་རབས། དེ་རིང་སྣེ་སེལ་དངུལ་སྨར་འབུལ་དགོས་པ་མ་ཟད། ད་དུང་རང་གི་འཁོས་ཀ་ལ་གཞིགས་ནས། ཞལ་འདེབས་ཀྱང་འབུལ་དགོས་ལུགས་བཤད་པ་དེས། མི་མང་མང་པོ་ཅི་ཡིན་འདི་ཡིན་རང་ཚུགས་ཤོར་ནས་ཁ་རྡུང་གཏོང་མཁན་ཇེ་མང་ནས་ཇེ་མང་རེད། བཞི་པ། ཉེ་དུས་ཀྱི་མི་མང་ཚོགས་ཆེན་སྐབས། བདག་གི་བརྩམས་ཆོས་ལ་རིན་ཐང་མེད་ལུགས་དང་། རྩོམ་པ་པོ་ནི་མི་ཐ་ཤལ་ཞིག་རེད་འདུག་ཅེས་ཡོངས་བསྒྲགས་མི་མང་གི་ཁྲོད་ལ་ངག་སེང་གེའི་ང་རོ་སྒྲོག་སྒྲོག་བྱས་ནས་བཤད་ཀྱང་། དུས་ཡུན་སྐར་མ་ལྔ་ཙམ་གྱི་རྗེས་ཐོག་དེར། བརྩམས་ཆོས་དེར་ཁོང་རང་གཙོས་གྲོང་སྡེའི་མགོ་དཔོན་ཚོས་ཉིན་བཞི་རིང་གྲོས་གླེང་མཐིལ་ཕྱིན་བྱས་ཚུལ་བཤད་པ་ནི། རང་མཚང་རང་གི་བརྟོལ་བའི་གླེན་པ་རིག་རྟུལ་གྱིས་ཀྱང་བྱ་མི་སྲིད་པ་ཞིག་རེད། རིན་ཐང་མེད་པའི་བརྩམས་ཆོས་ལ་ཉིན་བཞིའི་རིང་འཐམས་ནས་བསྡད་པ་ནི། བརྩམས་ཆོས་དང་རྩོམ་པ་པོའི་ནོར་འཁྲུལ་ཞིག་མིན་ཁོ་ཐག་རེད། དེ་ནི་གྲོས་ལ་དབང་བའི་མི་དེ་དག་གི་བསམ་བློའི་ལྕི་ཡང་མཚོན་པའི་སྐད་ཆ་ཞིག་ལས་ཅི་ཡང་མིན། དེས་ན་ཁྱེད་ཚོས་ཀྱང་ཐེངས་ཤིག་རྟོག་དཔྱོད་གྱིས་དང་།
མ་འོངས་པའི་མདུན་ལམ།
གངས་ཅན་སྐྱིད་གཤོངས་ནི་བཙན་བྱོལ་སྲིད་གཞུང་གི་བསྟི་གནས་དང་། བསྟི་གནས་འདིའི་ཁྱབ་ཁོངས་འོག་ཡོད་པའི་གཞིས་ཆགས་རྣམས་ནི་སྟོབས་ཤུགས་ཀྱི་མ་རྩ་ཡིན། དབུས་དང་ས་གནས་དབར་ཡུལ་ཁྱད་ཀྱི་རྣམ་པ་རྒྱང་རིང་ནའང་། ལྟ་བའི་སྲིད་བྱུས་ཀྱི་རྣམ་པ་གྲ་གྲུ་མ་ཉམས་པ་ཞིག་དགོས་པ་ནི། འགངས་ཆེ་བའི་གནད་དོན་ཞིག་རེད། དེས་ན་བཙན་བྱོལ་བོད་མིའི་གཞིས་ཆགས་ཡོད་སའི་ས་གནས་མགོ་འཛིན་གྱིས་འཛིན་སྐྱོང་བཀའ་ཤག་རིམ་པའི་སྲིད་བྱུས་ཀྱི་ནང་དོན་གསལ་ཞིང་དག་པ་ཞིག་ཐུགས་ལ་དགོས་པ་མ་ཟད། མ་ནོར་ལག་བསྟར་དགོས་པ་ནི་དེ་བས་ཀྱང་བརྗོད་མི་དགོས་པ་ཞིག་རེད། ཅི་སྟེ་ལག་བསྟར་བྱེད་ཕྱོགས་ཐད་ནོར་འཛོལ་གྱི་ཆ་ཤས་དེ་འདྲ་བསམ་བཞིན་དུ་དང་། མ་བསམ་ས་ནས་ཕྱིན་ཚེ། མི་མང་ལ་ལམ་ནོར་ལྡོག་ཤེས་དང་། ལེགས་སྤེལ་ཉེས་འགོག་གི་བསམ་ཚུལ་སྤེལ་ཆོག་པ་ནི། མང་གཙོའི་འགྲོ་ལུགས་ཀྱི་ཁེ་དབང་ཞིག་ཡིན། ངས་ད་ལྟ་བར་གང་སྤེལ་བའི་བརྩམས་ཆོས་དེ་དག་ལ་ར་རིའི་ཞེ་འཁོན་དང་། གཞི་མེད་ལོང་གཏམ། བརྩི་མེད་རང་ཤེད་སོགས་ཀྱི་འདུ་ཤེས་ཐན་ཐུན་འོག་ལ་ནམ་ཡང་མ་ཤོར་བ་བྱེད་ཡོད། གནས་ཚུལ་གང་ཡིན་པ་དེ་དག་ཡོད་ཚད་མི་མང་ཐམས་ཅད་ལ་ཤེས་སུ་འཇུག་དགོས་པ་དང་། ཤེས་ནས་འབྱུང་འགྱུར་གྱི་སྤྱི་ཚོགས་འཚོ་བའི་ཁྲོད། སླར་ཡང་དེ་འབྲེལ་གྱི་ནོར་འཁྲུལ་གྱི་རྒྱུ་ཕྲ་རགས་མཆིས་སོ་ཅོག་ལ་ནེམ་ནུར་དང་ཐེ་ཚོམ་གྱི་བློས་རྟོག་དཔྱོད་དགོས་པ་གནད་ཀྱི་གནད་ཀྱི་དོན་པོ་ཡིན། ལྷག་དོན་ཉེ་སྔོན་བདག་གི་བརྩམས་ཆོས་(བོད་ཁྱིམ་གྱི་ཐག་གཅོད་འགྲིག་རེད།)ཅེས་པ་དེ་ནི། རང་ཁ་རང་གསོའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ཡོང་ཐབས་ལ་སྐུལ་འདེད་དང་། ༸གོང་ས་མཆོག་དང༸སྐྱབས་རྗེ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་སོགས། འདས་པའི་བཙན་བྱོལ་གྱི་མི་ལོ་དྲུག་ཅུའི་སྤྱི་ཚོགས་དཔལ་འབྱོར་གྱི་ལམ་སྟོན་འཚེ་བ་མེད་པའི་སྤྱི་ཚོགས་དཔལ་འབྱོར་རང་རྐང་ཚུགས་ཐབས་ལ་དགོངས་བཞེད་རིང་པོ་རིང་པོ་ཞིག་ནས་གནང་ཡོད་པ་དེ་དག གཞིས་ཆགས་སོ་སོའི་ནང་ལག་བསྟར་དང་། བོད་མི་གནས་སའི་གཞིས་ཆགས་ཐམས་ཅད་གཞན་གྱི་རོགས་སྐྱོར་ལ་བརྟེན་ནས་གནས་མི་དགོས་པར་རྒྱུན་གནས་ཡོང་རྒྱུའི་ཡང་དག་པའི་བླང་བྱ་དྲན་གསོ་བྱེད་པ་ཞིག་ལས་གཞན་ཅི་ཡང་མིན། འདི་ལྟའི་གནད་དོན་ཞིག་གི་འོག་ལ་བདག་གིས་གཞི་མེད་ཁ་རྡུང་དང་། གཞི་མེད་སྐྱོན་བརྗོད། མི་མང་འཛོམས་སར་དམའ་འབེབས་ཆུ་ཚོད་གཅིག་ལྷག་ཙམ་རིང་བཟོད་བསྲན་ཆེན་པོས་མྱངས་དགོས་པ། བདག་གི་ལས་རོགས་མང་པོ་མིག་ནས་མིག་ཆུ་དང་། སེམས་ལ་དངངས་སྐྲག གུང་སེང་གི་དུས་ཚོད་ཡོངས་རྫོགས་གནད་དོན་དེས་འཕྲོ་བརླག་ཏུ་ཕྱིན་པ་ནི། བདག་ལ་མཚོན་ན་དཔྲལ་ཀོ་ས་ལ་མ་ཐོར་གྱི་བར་བརྗེད་མི་སྲིད་ལ། སྤྱི་ཚོགས་ཤིག་ལ་ལྟོས་ན་གྱོང་གུན་ཞིག་ལས་གཞན་ཅི་ཡང་མིན། རྩོམ་ཡིག་གཅིག་བྲིས་ནས་འདི་ལྟའི་སྡུག་བསྔལ་འཁུར་དགོས་པ་ནི། སྤྱི་ཚོགས་ཀྱི་སྣང་བརྙན་བཟང་པོ་ཡོད་རྒུ་དུས་སྐད་ཅིག་གཅིག་ལ་ཡར་ཀླུང་གཙང་པོའི་ནང་འཕངས་པ་དང་གཉིས་སུ་མ་མཆིས། ངས་འདི་ནི་མང་གཙོ་དང་མང་གཙོའི་ལྟ་གྲུབ་ཀྱི་ནོར་བ་དང་འཁྲུལ་བ་ཞིག་ལ་ལྟ་ཡི་མེད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་རྩ་བའི་སྲིད་བྱུས་ཀྱི་སྐྱོན་གནས་ཡིན་པའང་རྨི་ལམ་དུའང་རྨིས་མྱོང་མེད། འདི་ནི་མགོ་ཁྲིད་ཀྱིས་མང་གཙོའི་བསམ་བློའི་ལྟ་གྲུབ་ལ་དཔྱིས་ཕྱིན་པའི་རྒྱུས་ལོན་མ་ཐུབ་ལ་འབའ་ཞིག་ལ་ཐུག་འདུག དེ་རིང་ངས་དེ་དག་གཉིད་ཀྱི་ཞིང་ཁམས་ནས་ཚུར་མི་ཡུལ་གྱི་ལམ་སྣེ་མ་ཟིན་བར་ངོ་སྤྲོད་ཨེ་ཐུབ་བྱ་རྒྱུ་ཡིན། གནས་ཚུལ་ངོ་མ་དང་ཁ་ཐག་ཇེ་ཉེ་ནས་ཇེ་ཉེར་མ་སོང་གི་བར་དུ་གདོང་གི་ཁ་མིག་མི་བཙུམ་ལ། ཡིད་ཀྱི་རྟ་པོ་རྒྱུག་མཚམས་ཀྱང་མི་འཇོག་ཁོ་ཐག་ཡིན།
དེ་རིང་ནས་རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་སྤྱི་ཚོགས་རང་ཁ་རང་གསོའི་གནད་དོན་ཐོག་གོམ་པ་མདུན་སྤོས་བྱ་དགོས། སྔོན་ཆེད་ས་གནས་མགོ་འཛིན་གྱི་ལས་དོན་ཚོགས་འདུ་ཐེངས་གསུམ་པའི་སྐབས་༸སྐྱབས་རྗེ་ཁྲི་ཟུར་ཟམ་གདོང་རིན་པོ་ཆེས། གཞིས་ཆགས་ཁག་གི་དཔལ་འབྱོར་འདུ་འགོད་གནས་སྟངས་གཞན་ལ་ལག་པ་གཟེད་ནས་འཚོ་གནས་ཁོ་ན་བྱེད་པ་མ་ཡིན་པར་ཐོན་སྐྱེད་ཀྱི་ཐོན་འབབ་ལ་བརྟེན་ནས་རང་མགོ་ཐོན་པ་དགོས་པ་ལས་གཞན་ལ་སློང་མོ་ཁོ་ན་བརྒྱགས་ཏེ་འཚོ་ཐབས་བྱས་ན་རང་རྐྱ་ཐུབ་པའི་སྤྱི་ཚོགས་ཡར་རྒྱས་ཡོང་ཐབས་མེད། བོད་མི་བཙན་བྱོལ་བའི་གནས་སྟངས་ལ་ཕྱིར་མིག་བལྟས་ན་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དྲིན་ལ་བརྟེན་ནས་རང་རེར་རོགས་རམ་བྱེད་མཁན་འབོལ་པོ་ཞིག་བྱུང་ཡོད། རོགས་རམ་དེ་དག་ལ་བརྟེན་ནས་ཕྱོགས་གཅིག་ནས་ང་ཚོ་བཙན་བྱོལ་བའི་གནས་སྟངས་ཀྱི་དཀའ་ངལ་མང་པོ་ཞིག་ལ་མིག་སྨན་མིག་ཐོག་གི་ཕན་ཐོགས་ཆེན་པོ་ཞིག་བྱུང་། ཕྱོགས་གཞན་ཞིག་ནས་བོད་མི་རྣམས་ཀྱིས་རང་རྐྱ་འཕེར་པའི་འབད་བརྩོན་མ་བྱེད་པར་ག་དུས་ཡིན་ཡང་སློང་མོ་བརྒྱབས་ཏེ། འཚོ་ཐབས་བྱེད་པའི་ལམ་ངན་བྱང་སྟེ་ད་ཆ་གཞན་བརྟེན་གྱི་གཤིས་ཀ་ངན་པ་ཞིག་འཇགས་ཡོད། ཅེས་གསུངས་པ་ལས་གནས་སྟངས་ངོ་མ་རྟོགས་སླ། ང་ཡང་འདིའི་ཕྱོགས་ལ་བསམ་གཞིགས་དང་། གོམ་པ་མདུན་སྤོས་དགོས་པའི་བླང་བྱ་སྟོན་མཁན་ཞིག་ཡིན། རང་ཁ་རང་གསོ་མི་ཐུབ་པའི་མི་རིགས་དེ། རིམ་པས་མི་རིགས་འཐོར་ཞིག་ལ་འགྲོ་རྒྱུ་ཡིན་པ་རིགས་ལམ་ཕྲ་མོས་སྒྲུབ་བྱེད་དགོད་མི་དགོས་པ་ཞིག་རེད། ད་ལྟ་བར་ལ་དྭགས་བསོད་ནམས་གླིང་ལ་མཚོན་ན། མི་ལོ་༤༤རིང་སློབ་ཕྲུག་གི་སློབ་ཡོན་གཞན་གྱི་རོགས་ལ་བརྟེན་ནས་ཕྱིན་ཡོད། མ་འོངས་པར་འགྱུར་མེད་རང་སོར་གནས་ཐབས་མེད་པས། ད་ལྟ་ནས་ཉེར་བསྡོགས་སྟ་གོན་གང་འོས་གང་འཚམས་བྱ་དགོས། འདི་ནི་རང་ཅག་ཡོངས་ཀྱི་མ་འོངས་པའི་མདུན་ལམ་ཡིན།
ལངས་ཕྱོགས་ཁ་གསལ་ཡིན།
ང་ཚོ་སད་རན། མི་རིགས་འཐབ་རྩོད་ཀྱི་གཞི་མ་ནི། ཐོག་དང་པོ། མི་རིགས་རང་ཉིད་རང་ཁ་རང་གསོ་ཡིན་དགོས། རང་ཁ་རང་གསོ་མི་ཐུབ་མཁན་ཐམས་ཅད་ནི། རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་བྲན་གཡོག་ཡིན། ང་ཚོ་འདི་འདྲ་ཞིག་ལ་ནམ་ཡང་འགྱུར་ན་མི་འགྲིག་པ་ཡིན། བློ་དང་ཁོག་པ་ཡངས་པོར་ཕྱེ། མིག་དང་ལག་པ་སྟོང་ལ་སྤྲུལ་ནས་རང་ཁ་རང་གསོ་བྱོས། ངས་དེའི་ཆེད་དུ་སྐད་ཆ་བཤད་ཡིན། དེའི་ཆེད་དུ་བྲིས་ཡིན། དེའི་ཆེད་དུ་བཟོད་བསྲན་བསྟེན་ནས་ཁ་རྡུང་གཟེད་ཡིན། དེའི་ཆེད་དུ་ནག་པོ་བཟོས་ཀྱང་ཆགས་མེད། ང་ནི་སྔར་བཞིན་ལངས་ཕྱོགས་བརྟན་པོ་ཡིན། གསལ་པོ་ཡིན། འགྱུར་མེད་ཡིན། རང་ཁ་རང་གསོས་མི་རིགས་འཕེལ་རྒྱས་ལ་གནོད་པ་སྐྱག་རྫུན་ཡིན། ད་དུང་དཔྱད་རིན་ཡོད་པའི་སྐད་ཆ་མང་པོ་ཡོད། ཡིག་འབྲུ་མང་བ་ལ་དོགས་ནས་འདིར་འཇོག་རྒྱུ་ཡིན།
ཡང་ས་ཆ་གཞན་ཞིག་ནས་ཚེར་མ་སྐྱེས་བཏང་ཟིག
ལྷ་རུའི་བུ་ལ་ཐུགས་ཁག་མི་འདུག
ཚང་མ་བཟོ་མཁན་གཞིས་འགོ་གསར་ཐོམ་པ་དེ་དང་དེས་ངན་བསྐུལ་བྱས་པའི་མི་ཅོལ་ཆུང་ཚོས་བཟོས་པ་ཞིག་ཡིན་པ་ཡོངས་གྲགས་རེད་འདུག ཉི་ཤར་སྦར་མོས་ཁེབས་ཐབས་མེད།
དེང་སང་ལས་ཀྱི་སྣེ་མོ་བ་དག་གིས་དགྱ་དམར་གྱི་ལྟ་བ་འཁྱེར་བཞིན་ཡོད་པས་
རང་དབང་ལ་བཙན་གནོད་བྱེད་བཞིན་འདུག་པ་འདི་ནས་ཀྱང་ཤེས་ཐུབ།
འདི་བཀླགས་མ་ཐག་དུས་བབ་ནང་གི་སྔ་རྩོམ་དེ་ཚར་གཅིག་བཀླགས་ཡོད། གང་ལ་བལྟས་ཀྱང་ཁྱེད་ཀྱི་ཐག་གཅོད་དེར་དགོས་པ་རྒྱུ་མཚན་མཐོང་སོང་།
རྒྱ་སྒོར་དགོས་ན་རྒྱ་ཡིག་སྦྱོངས།
བོད་ཀྱི་དུས་བབ། ཆུ་ཚོད་ ༢༢ སྔོན་ལ། རིག་པ། (༠)
བལ་ཡུལ་གྱི་སྒེར་གཉེར་སློབ་གྲྭ་ཁག་གི་རྒྱ་ཡིག་དགེ་རྒན་ཚོར་རྒྱ་ནག་གཞུང་གིས་ཟླ་ཕོགས་སྤྲད་དེ་སློབ་ཕྲུག་ཚོས་ངེས་པར་དུ་རྒྱ་ཡིག་འཛིན་གྲྭ་ལེན་དགོས་པ་བཟོས་ཡོད་འདུག
http://tibettimes.net/2019/06/18/178370/
་
བལ་ཡུལ་རྒྱ་ཁོངས་སུ་འགྲོ་བཞིན་པའི་སྔ་ལྟས་སམ། འགྲོ་འདོད་མེད་ཀྱང་། རྒྱ་དངུལ་དགོས་ན་སྙིང་གཅེས་་་་་
ལྷ་རུའི་བུ་ཁྱེད་ཀྱི་གསལ་བཤད་བྱས་པ་དེ་ཁ་གསལ་གཏིང་གསལ་རེད་འདུག། གཞིས་མི་ཚོས་གནད་དོན་དེ་སྐོར་ལབ་གླེང་མང་པོ་མེད་པར་གསལ་པོ་ཆགས་པའི་རེ་བ་ཡོད།
ཁ་སྔོན། ཟེར་བའི་ཁ་ཡིག་ཅན་རྩོམ་མཇུག་མུ་མཐུད་ནས་འགྲོ་བཞིན་པའི་དེབ་ཟིན་ཅིག་བཀླགས་པའི་རྗེས་ལ། དེབ་འདི་འདྲ་རྩ་བ་ནས་དཔར་སྐྲུན་མ་བྱས་ན་ཡག་པོ་འདུག་ཅེས་བསམ་ཚུལ་ཞུ་རྒྱུ་བྱུང་།
དེབ་དེ་ནི་ལས་གནས་མི་འདྲ་བ་དང་ཆེད་ལས་མི་འདྲ་བའི་མི་སྣར་བཅར་འདྲིའི་སྐད་ཆས་བརྒྱ་ཆ་ཉི་ཤུ། གཞུང་འབྲེལ་ཡིག་ཚགས་ནས་ལུང་འདྲེན་གྱིས་བརྒྱ་ཆ་ཉི་ཤུ། གནད་ཡོད་ཚོའི་གཏམ་བཤད་ཀྱིས་བརྒྱ་ཆ་ཉི་ཤུ། སྤྱི་ཚོགས་དཔྱད་བརྗོད་རྩོམ་ཡིག་གིས་བརྒྱ་ཆ་ཉི་ཤུ། གྲོས་ཚོགས་ཀྱི་ལས་རིམ་གསར་ཤོག་ནས་ལུང་འདྲེན་བརྒྱ་ཆ་ཉི་ཤུ་བཅས་ལས་གྲུབ་པ་བྱ་ཡི་ཡོད་ཟེར། བརྒྱ་ཆ་མ་ལོན་པའི་བཀའ་བློན་འོས་འདེམས་འདིའི་སྐོར་དེའི་ནང་ནའང་འདུག
ཁ་སྔོན། ༼མི་ལོ་ལྔ་བཅུའི་རྗེས་ཀྱི་ཉམས་རྒུད། བོད་ཀྱི་མ་འོངས་པ་བརླག་པ༽ ཟེར་བའི་ཁ་ཡིག་་་་་་་ཞེས་བཀླག་རོགས་
མཆན་སྤེལ་ས་ནོར་འདུག དགོངས་དག
ཁོ་བོ་ནི་རྒྱ་གར་ལྷོ་ཕྱོགས་སུ་སྐྱེས་ནས་ཚར་ལོངས་བྱུང་བའི་བོད་མི་ཞིག་ད་བར་ལ་དྭགས་གཏན་ནས་མཐོང་མྱོང་མེད་པ་ཞིག་ཡིན་པས་དེ་ཕྱོགས་བྱུང་བའི་ཡིད་སྐྱོའི་གནས་སྟངས་ཐོག་ཕྱོགས་རིས་མེད་པའི་གཏམ་ཞིག་གླེང་བར་འདོད། ལྷ་རུའི་བུ་ཁྱོད་ནི་དུས་ནམ་ཡང་བདེན། ད་ལྟའི་ཆར་ས་གནས་གཞིས་འགོ་དང་གཞིས་འགོས་བསྟན་པའི་ལམ་ལོག་ཏུ་འགྲོ་མཁན་མི་མང་མང་པོའི་སྣང་ངོར་མངོན་པར་མི་གསལ་བའི་བདེན་པའི་ཆ་ཆེན་པོ་ཞིག་ལྷ་རུའི་བུ་ཁྱོད་ལ་གདའ། ཁྱེད་ཀྱི་རྩོམ་ཉམས་ཉིང་བཅུད་ཆེ་ལ་བརྗོད་བྱ་དང་རྗོད་བྱེད་གཉིས་ཐད་ནས་ཕུན་སུམ་ཚོགས་པ་ཞིག་ལགས་ཀྱང་། ས་སྐྱ་པཎ་ཆེན་གྱིས། ཉི་མའི་འོད་ཟེར་ཤར་བ་ན། །འབྱུང་པོའི་བྱ་རྣམས་ལོང་བར་འགྱུར། །ཞེས་དུས་རབས་བཅུ་གཉིས་བཅུ་གསུམ་ནང་གསུངས་པའི་ནང་དོན་ལ་སླར་ཡང་ཡིད་ཆེས་གཏིང་ཟབ་ཏུ་སྐྱེད། ལྷ་རུའི་བ་ལགས། ཐུགས་ཤུགས་མ་ཞུམ་རོགས།
༄༅། གཞིས་འགོའི་འགྲིག་མིན་་་་དྲང་མིན་གྱི་གནས་ཚུལ་ག་རེ་བྱུང་ཡང་་་དབུས་ནང་སྲིད་ལྷན་
ཁང་ལ་སྙན་སེང་ངེས་པར་ཞུ་དགོས་པ་ལས་་་དོན་མེད་་་ངོ་དེབ་ནང་བཏོན་ནས་བསམ་ཚུལ་
ཡང་ན་སྒྲུང་རིང་པོ་འབྲི་དགོས་དོན་མེད། དེང་སང་སུ་ལ་འབྲེལ་བ་བྱེད་ཀྱང་སྐར་མ་ཁ་ཤས་རེད།
རྒན་ལགས། ཁྱེད་ཀྱི་དྲང་ལྡན་གྱི་གསལ་བཤད་གཏིང་ཟབ་གནང་པ་བཀྲིས་ཆེ།
དྲན་ལྡན་མི་ལ་འཁྱོགས་པའི་ལམ་སྟོན་མཁན། སྐུ་ངོ་དབང་ཆེན་རྣམས་ལ་མདོག་ཟོན་གྱི།
ཨ་བརྟེན་ནི། རང་ཉིད་གཅིག་པོའི་ཁྱད་ཕན་ཆེད་འབད་མཁན་ཞིག་རེད།
ད་ལ་དགས་མི་མང་རྣམས་གཉིད་སད་ཡོད་རྒྱུ་རེད།་