རིགས་སློབ་འཇིགས་མེད་བློ་གྲོས།
༼བགྲོ་གླེང་ཞིག་གི་མྱོང་ཚོར་ལས་གཞན་སྟོང་དབུ་མའི་སྐོར་ལ་སྩལ་བའི་༸རྒྱལ་མཆོག་བཅུ་བཞི་པའི་གསུང་བཤད་འགའ་ཞིག་ལ་དྲན་གསོ་ཞུ་འདོད་བྱུང་།༽
གངས་ཅན་བཤད་སྒྲུབ་ཤིང་རྟ་བཅོ་བརྒྱད་ཀྱི། །
ལུང་རྟོགས་ཆོས་ཀུན་འུབ་ཆུབ་གཏེར་ཆེན་མཛོད། །
ཁྱོད་བློའི་གཤོང་ཆེན་མཚོན་པའི་དཔེ་ཟླ་ལ། །
ནམ་མཁའི་ཕ་མཐའ་མིན་པ་ག་ལ་ཡོད། །
རབ་གནས་ཤིང་ལུག་ལོའི་ལོ་སར་གསར་དུ་ཚེས་པའི་སྐབས་འདིར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་གཙུག་ལག་ཁང་དུ་བོད་ཟླ་ ༡ ཚེས་ ༡༡ ནས་ ༡༣ བར་ཏེ་སྤྱི་ལོ་ ༢༠༡༥ སྤྱི་ཟླ་ ༣ ཚེས་ ༡ ནས་ ༣ བར་ཉིན་གྲངས་གསུམ་གྱི་རིང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་ཞུས་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་བགྲོ་གླེང་ཐེངས་དང་པོ་ཞེས་པ་འཚོགས་ཤིང་། འདུ་དབུ་འབྱེད་མཛད་སྒོའི་སྟེང་ཆོས་རིག་དྲུང་ཆེས་ཆོས་རིག་བཀའ་བློན་གྱི་ངོ་ཚབ་གཏམ་བཤད་གནང་བ་དང་། བོད་ཀྱི་ཆོས་བརྒྱུད་ཕན་ཚུན་མཐུན་ལམ་དམ་ཚིག་འོ་ཆུ་གཅིག་འདྲེས་ཡོང་བ་བྱ་རྒྱུ་དེ་ཐེངས་འདིའི་ཆོས་བརྒྱུད་ཆེ་ཁག་མཉམ་ཞུགས་ཀྱིས་བགྲོ་གླེང་ཚོགས་པའི་དགོས་དམིགས་ཡིན་སྐོར་གསུངས།
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་ཀྱང་དེང་དུས་ཁ་ཆེའི་ཆོས་བརྒྱུད་ནང་ཁུལ་མི་མཐུན་པའི་འགལ་ཟླ་ལ་བརྟེན་ནས་དཀྱིལ་ཤར་ཡུལ་གྲུའི་ནང་ལྷིང་འཇགས་མེད་པའི་གནས་སྟངས་ཡོང་བཞིན་པ་དང་། དེ་བཞིན་ལོ་རྒྱུས་སྟེང་ཡེ་ཤུ་ནང་ཁུལ་དུ་འགལ་ཟླ་ཤུགས་ཆེན་བྱུང་སྟེ་འཚེ་བའི་བྱ་སྤྱོད་སྤེལ་བའི་གོ་སྐབས་བྱུང་བ་སོགས་རྒྱབ་ལྗོངས་ཀྱི་ཚུལ་དུ་གསུངས་ཏེ་རང་ཅག་བོད་ཀྱི་ཆོས་བརྒྱུད་ཆེ་ཁག་རྣམས་ཀྱང་ཕན་ཚུན་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་དགོས་སྐོར་ནན་ཏན་གྱིས་གསུངས།
རང་རེ་བོད་པའི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་ལྟ་གྲུབ་སྟེང་ནས་ཤོག་ཁག་དང་ཚོགས་པ་མི་འདྲ་བའི་རྗེས་སུ་འཇུག་པའི་རྣམ་དབྱེ་མངོན་གསལ་དོད་པོ་དེ་ཙམ་མེད་སྟབས་དེའི་ཆ་ནས་ཕན་ཚུན་རིས་བཅད་ཀྱི་རྙོག་དྲ་ཤུགས་ཆེན་དེ་འདྲ་བྱུང་བའི་ལོ་རྒྱུས་མེད་ཅིང་། ད་ལྟའི་སྐབས་སུ་ཡང་སྤྱི་ཚོགས་ཡོ་འཁྱོམ་གཏོང་ནུས་ཀྱི་ཛ་དྲག་གི་འགལ་ཟླ་དེ་འདྲ་མེད་བཟོ་ཡང་རང་བཙན་དང་ལམ་དབུ་མའི་ལྟ་ཚུལ་མི་འདྲ་བའི་སྟེང་ནས་ཤོག་ཁག་གཉིས་སུ་འགྱེ་རྒྱུའི་རྟགས་མཚན་ཞིག་མངོན་བཞིན་པ་ལྟར་ཡོད་པ་ནི་སྣང་མེད་དུ་གཏོང་མི་རུང་བ་ཞིག་ཡིན།
ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་འབྲེལ་ནས་ཆོས་བརྒྱུད་དང་དགོན་སྡེ། བླ་མ་བྱེ་བྲག་པའི་རྗེས་སུ་འཇུག་པའི་ལྷ་སྡེའི་ཤོག་ཁག་སོ་སོར་ཡོད་པའི་རྣམ་པ་འདི་མངོན་གསལ་དོད་པོ་ཡིན་པའི་ཆ་ནས་ཕན་ཚུན་རིས་གཅོད་འགལ་ཟླའི་འཐབ་རྩོད་ཡོང་བའི་ཉེན་ཁ་ཏན་ཏན་ཡོད། འདས་པའི་ལོ་རྒྱུས་ཀྱི་སྟེང་དུ་ཡང་རྙོག་དྲ་ཆེ་ཁག་གི་རིགས་མང་པོ་ཞིག་ཆོས་བྱེད་མི་སྣ་ཚོས་ཆབ་སྲིད་ཀྱི་དབང་ཆ་དང་རྒྱབ་བརྟེན་ཡོན་བདག་འཕྲོག་རེས་བྱེད་པ། ས་གནས་དང་དགོན་སྡེའི་བདག་དབང་རྩོད་རེས་བྱེད་པ་ལྟ་བུའི་རྒྱུ་རྐྱེན་གྱིས་བསླངས་ནས་བྱུང་ཡོད་ཅིང་། སྐབས་རེ་ལྟ་གྲུབ་མི་མཐུན་པའི་གནས་བབ་ཀྱི་སྟེང་ནས་ཀྱང་ཕན་ཚུན་འབུར་འཇོམས་བྱེད་རེས་ཀྱི་འཁྲུགས་རྩོད་རྒྱུན་མར་བྱས་ཏེ་ཆོས་དང་འཇིག་རྟེན་གྱི་འཕེལ་རྒྱས་གཉིས་ཆར་ནས་བོད་པའི་ཆོས་སྲིད་དཔལ་ཡོན་དར་འཕེལ་ལ་བསུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་ནོར་འཁྲུལ་བཞག་པའི་གོ་སྐབས་བྱུང་མྱོང་། ཇོ་ནང་ཏཱ་ར་ན་ཐའི་རང་རྣམ་ནང་སྐབས་དེའི་བོད་ཀྱི་ཆོས་བརྒྱུད་ཆེ་ཁག་དབར་གྱི་འགལ་ཟླའི་གནས་བབ་མཚོན་བྱེད་དུ་བྱ་རོག་དང་འུག་པའི་དཔེ་མཚོན་བཀོད་དགོས་པ་བྱུང་འདུག་ཅིང་། བྱ་རོག་དང་འུག་པ་ནི་ལྷན་ཅིག་མི་གནས་འགལ་གྱི་དཔེ་མཚོན་ཡག་ཤོས་ཤིག་ཏུ་མཚན་ཉིད་པ་ཚོས་འདོད་ཀྱིན་ཡོད།
ད་ལྟའི་དུས་སུ་ཡང་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེ་བའི་བླ་སྤྲུལ་འགའ་ཞིག་གི་དབར་ཀླན་ཀ་དང་འགལ་ཟླ་མི་ཆུང་བ་ཡོད་པའི་རྣམ་པ་སྐབས་རེ་མངོན་པར་གསལ་བཞིན་ཡོད་ལ། སྤྱི་ཚོགས་ཀྱི་དྲ་རྒྱ་བརྒྱུད་དེ་འགལ་ཟླའི་གནས་བབ་ཛ་དྲག་ཏུ་གཏོང་བའི་རྣམ་འགྱུར་ཡང་ཐོན་བཞིན་ཡོད། འདིས་བོད་པའི་སྤྱི་ཚོགས་ཀྱི་གྲུབ་ཆར་དཀའ་ངལ་འཕྲད་པ་ཙམ་མིན་པར་ཆོས་བརྒྱུད་དང་བླ་སྤྲུལ་སོ་སོའི་རྗེས་སུ་འཇུག་པའི་མི་རིགས་མི་འདྲ་བའི་སློབ་མ་རྣམས་ཀྱི་དབར་ལ་ཡང་འགལ་ཟླ་དང་མི་མཐུན་པའི་བསམ་སྤྱོད་བསྐྲུན་བཞིན་ཡོད། སྤྱིར་ཆོས་ཉིད་ཀྱི་གནས་བབ་སྟེང་ནས་མིའི་བསམ་པའི་འཁྱེར་བཟོ་སྒོ་ཀུན་ནས་གཅིག་གྱུར་ཟེར་བ་ཞིག་ཡོང་ཐབས་མེད་ཀྱང་སྤྱི་ཚོགས་ནང་འཁྲུགས་ལོང་ཤུགས་ཆེ་བསྐྱེད་པའི་རྒྱུ་རྐྱེན་ལྡན་པའི་འགལ་ཟླའི་རིགས་ལ་འཛེམ་ཟོན་ངེས་པར་བྱེད་དགོས་པ་གལ་ཆེན་ཡིན་པ་ཙམ་མ་ཟད། ད་ལྟ་ཆག་ཆེ་ཉམ་ངའི་གནས་བབ་སྡུག་ཤོས་ནང་ལྷུང་བའི་བོད་པའི་བསྟན་སྲིད་མི་རིགས་ཀྱི་ལས་དབང་དང་འབྲེལ་ནས་བསམ་ན་དེ་བས་ཀྱང་འཛེམ་ཟོན་དགོས་པ་གལ་ཆེ་ཡིན།
༸གོང་ས་སྐྱབས་མགོན་ཆེན་པོས་ཆོས་བརྒྱུད་རིས་མེད་ལ་ཤིན་ཏུ་གཙིགས་ཆེན་མཛད་ཅིང་། སྐུ་སྒེར་གྱི་ཆོས་དང་འབྲེལ་བའི་ཉམས་བཞེས་ཀྱི་སྟེང་ནས་རིས་མེད་ལ་ཐུགས་སྣང་བླ་མེད་མཛད་པ་ཙམ་མིན་པར་ཆབ་སྲིད་འཛིན་སྐྱོང་གི་སྟེང་ནས་ཀྱང་སྔར་དུས་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ལྟ་བུའི་རིས་མེད་ཀྱི་གཟིགས་རྟོག་རྣམ་ཐར་བསྐྱངས་ཡོད། ༸རྒྱལ་མཆོག་བདུན་པ་ཆེན་པོ་ཕུད་པའི་དེ་མིན་རྒྱལ་མཆོག་སྐུ་ཕྲེང་ན་རིམ་གྱིས་རིས་མེད་ལ་ཉམས་བཞེས་མཛད་པ་བྱུང་ཞིང་། ལྷག་པར་༸རྒྱལ་མཆོག་དགེ་འདུན་གྲུབ་པར་རིས་མེད་པའི་རྒྱལ་བ་ཞྭ་སེར་མོ་བ་ཞེས་པའི་མཚན་གནས་ཀྱང་ཡོངས་གྲགས་སུ་ཐོབ་པ་དང་།
༸རྒྱལ་མཆོག་ལྔ་པ་ཆེན་པོས་ས་དགེ་རྙིང་མའི་གཞུང་ཁྲིད་མན་ངག་ལ་གསན་བསམ་ཉམས་བཞེས་མཛད་པ་ཙམ་མིན་པར་དེ་དག་རང་རང་ལུགས་ཀྱི་ཞལ་གདམས་ཁྲིད་ཡིག་ཀྱང་མཛད་པ་སོགས་རིས་མེད་ཀྱི་རྣམ་ཐར་བསྐྱངས་པའི་སྙན་པ་ཤིན་ཏུ་ཆེ་བ་དེ་ལྟ་ནའང་། ལམ་འབྲས་ལ་ཉམས་བཞེས་མཛད་པའི་ཞོར་ལ་ཀུན་མཁྱེན་གོ་རམས་པའི་གཞུང་ལུགས་ལ་དམ་བསྒྲགས་ཀྱི་ཐེལ་རྩེ་ཕོག་པ་དང་། ཆོས་རྗེ་ཇོ་ནང་པའི་གྲུབ་མཐའ་རྟེན་དང་བརྟེན་པ་བཅས་པ་དབུས་ཕྱོགས་ནས་ཕལ་ཆེར་གཞི་མེད་དུ་ཕྱིན་པ། དེ་འབྲེལ་ཐག་ཞོར་འབྲེང་དྲུད་ལྟ་བུར་པཎ་ཆེན་ཤཱཀ་མཆོག་པའི་གསུང་འབུམ་རྣམས་ཀྱང་དུས་རབས་ཉི་ཤུ་པའི་སྨད་ཆའི་བར་གྱི་ལོ་ངོ་བརྒྱ་ཕྲག་གསུམ་ཙམ་རིང་ཐོས་བསམ་སློབ་གཉེར་གྱི་ཆོས་གྲྭ་ནས་རྩ་ཡལ་དུ་གྱུར་པ། ༸རྒྱལ་དབང་ཀརྨ་པ་སྒར་པའི་དཔེ་མཛོད་ལ་སྒོ་ཐེལ་ཐེབས་པ་ལྟ་བུ་ཆོས་སྲིད་རྣམ་ཐར་གསེར་གྱི་ཉི་མདངས་ལྟ་བུའི་ཞོར་ལ་མཛད་པའི་ཕྱག་རྗེས་ལ་མི་འཛའ་བའི་གནང་སྒོ་གྲངས་ལས་འདས་པ་ཞིག་བྱུང་བ་ཡང་སྒྲོ་སྐུར་མིན་པར་བྱུང་རབས་ཡིག་ངག་གི་ལམ་དུ་འཁོད་ནས་ཡོད་པ་དེ་ལྟར་ལགས།
དེས་ན་ད་ལྟའི་༸རྒྱལ་མཆོག་བཅུ་བཞི་པའི་རིས་མེད་རྣམ་ཐར་ལ་འགྲན་བཟོད་པའི་མཁས་གྲུབ་ཅིག་༸རྒྱལ་དབང་ན་རིམ་གྱི་གསེང་ཕྲེང་ལས་རྙེད་པར་མི་ནུས། དགེ་ལྡན་པ་ཞིག་ཡིན་ན་རྗེའི་རྣམ་ཐར་གཙང་མ་སྐྱོང་བའི་ལྟ་སྟངས་ཁས་འཆེའི་འོག་ནས་ཇོ་ནང་པའི་གཞན་སྟོང་གི་ལྟ་བར་གུ་ཡངས་སྟེར་བ་ལྟ་ཅི། རྗེའི་གསེར་ཕྲེང་དང་རྟག་ངུའི་རྟོགས་བརྗོད་ཀྱི་བསྟན་དོན་དུ་གྱུར་པའི་ཁས་ལེན་མེད་པའི་ལྟ་གྲུབ་ལ་ཡང་རྣར་མཉན་མི་བཟོད་པ་ཙམ་བྱེད་པ་ཡིན། འདི་དང་འབྲེལ་ནས་སྔོན་གྱི་གུང་རུ་རྒྱན་བཟང་པས་འུ་ཐུག་གི་གསུང་སྐད་བསྐྱོན་པའི་སྐབས་བྱུང་ཞིང་། བར་དུ་གཙང་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་དང་རྗེ་དྲུང་སྤྲུལ་སྐུ་བློ་བཟང་འཕྲིན་ལས་ལྟ་བུར་ཐུའུ་བཀན་ཡབ་སྲས་ཀྱིས་གསུང་ཚིག་ཚ་ནན་བེད་སྤྱོད་ཀྱིས་སྨད་པ་མཛད་པ་དང་། དེའི་རྗེས་སྣོན་ལྟ་བུར་ཕ་བོང་ཁ་པ་ཡབ་སྲས་ཀྱིས་རྗེ་དྲུང་སྤྲུལ་སྐུས་སེམས་ཅན་མང་པོ་དམྱལ་བར་ལྷུང་བའི་རྒྱུ་བསྒྲུབས་པ་ལྟ་བུའི་གསུང་ཕྱོགས་མཛད་དེ། མདོར་ན་རིས་མེད་ཉམས་བཞེས་མཛད་པའི་རིགས་ལ་སྒྲིག་འཛུགས་ཀྱི་དམ་བསྒྲགས་སམ། ཡང་ན་གུ་དོག་གི་ལྟ་སྟངས་ཤུགས་ཆེ་འཛིན་པའི་གོམས་སྲོལ་ཞིག་མངོན་གསལ་གྱིས་བྱུང་ཡོད་པར་སྣང་།
༸རྒྱལ་མཆོག་བཅུ་བཞི་པ་ཆེན་པོས་ས་དགེ་ཕྱག་རྫོགས་བཞི་པོའི་མཐར་ཐུག་གི་དགོངས་པ་གཅིག་ཏུ་འབབ་བཞིན་པ་ཐུགས་མྱོང་དང་འབྲེལ་ནས་ནན་ཏན་གྱིས་འདོམས་བཞིན་པ་ཙམ་མིན་པར་དགེ་ལྡན་པའི་མཁས་གྲུབ་སུས་ཀྱང་གསུང་བར་མི་ནུས་པ་གཞན་སྟོང་གི་ལྟ་བ་དང་དགེ་ལྡན་པའི་ཕ་ཆོས་ལྟ་བུར་བརྩི་བའི་རྒྱུད་རྒྱལ་གསང་བ་འདུས་པའི་སྟོང་བཞིའི་རྣམ་གཞག་དབར་མཐུན་ཆ་ཡོད་པའི་དགོངས་ཚུལ་ཡང་གསུང་བཞིན་ཡོད།
འདིའི་སྐོར་ཞལ་གསལ་གྱི་བཤད་པ་ཅིག་སྤྱི་ལོ་ ༢༠༡༠ སྤྱི་ཟླ་ ༡༢ ཚེས་ ༢ སྟེ་ར་ཤི་ཡའི་གསུང་ཆོས་ཉིན་གསུམ་པའི་སྟེང་གནང་ཡོད་ཅིང་། སྐབས་དེར་སྟོང་གཞི་གཉུག་མའི་ཡེ་ཤེས་རགས་པ་གློ་བུར་བའི་རྟོག་ཚོགས་ཀྱིས་སྟོང་ལུགས་དང་གཟུང་འཛིན་གཉིས་མེད་ཀྱི་ཡེ་ཤེས་ཀུན་རྫོབ་པའི་ཆོས་གཞན་གྱིས་སྟོང་ལུགས་ཀྱི་དབར་མཐུན་ཆ་ཡོད་པར་གསུངས་པ་དང་། དེ་བཞིན་ཇོ་ནང་པའི་སྦྱོར་དྲུག་གི་མཐར་ཐུག་གི་གོ་དོན་དང་རྫོགས་པ་ཆེན་པོའི་མཐར་ཐུག་གི་ལྟ་བའི་དབར་མཐུན་ཆ་ཡོད་པའི་བཤད་པ་ཅིག་སྤྱི་ལོ་ ༢༠༡༢ སྤྱི་ཟླ་ ༤ ཚེས་ ༤ སྟེ་ནོར་གླིང་སྒ་རྗེ་ཁམས་སྤྲུལ་དགོན་དུ་བཀའ་བརྒྱད་བཀའ་དབང་སྩོལ་བའི་ཉིན་དང་པོའི་སྟེང་སྩལ་བའི་གསུང་བཤད་དུ་གསལ།
ཆེས་ཞིབ་པའི་བཤད་པ་ཅིག་ནི་སྤྱི་ལོ་ ༢༠༡༤ སྤྱི་ཟླ་ ༡༠ ཚེས་ ༩ སྟེ་ཐེའེ་ཝན་ཆོས་ཞུ་བར་སྩལ་བའི་རྩ་ཤེའི་བཤད་ཁྲིད་ཉིན་ཐ་མའི་ཆོས་ཐུན་སྟེང་སྩལ་ཡོད། སྐབས་དེར་༸གོང་ས་མཆོག་ནས་ཀུན་མཁྱེན་ཀློང་ཆེན་པའི་ཡིད་བཞིན་མཛོད་ལེའུ་བཅོ་བརྒྱད་པའི་སྐབས་ཀྱི་བདེན་གཉིས་འཇོག་ལུགས་ཀྱི་སྐོར་དང་། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡི། །ཞེས་པའི་སྐབས་ནས་བསྟན་པའི་མདོ་སྔགས་ཐུན་མོང་བའི་བདེན་གཉིས་ཀྱི་འཇོག་ལུགས། གསང་སྔགས་གསར་མ་གསང་བ་འདུས་པའི་གཞུང་ནས་འབྱུང་བའི་དོན་དམ་འོད་གསལ་གྱི་རྫོགས་རིམ་དང་ཀུན་རྫོབ་སྒྱུ་ལུས་ཀྱི་རྫོགས་རིམ་སྟེ་རིམ་ལྔའི་བདེན་གཉིས་འཇོག་ལུགས་སོགས་ཀྱི་གནད་དང་འབྲེལ་ནས་རང་སྟོང་གཞན་སྟོང་གི་རྣམ་གཞག་དབར་གྱི་འབྲེལ་བའི་རིགས་ཤིག་ལ་ཟབ་རྒྱས་ཀྱི་བཤད་པ་མཛད་པ་སོགས། མདོར་ན་གཞན་སྟོང་པ་ཟེར་བ་རྣ་བས་ཐོས་པ་ཙམ་ཡང་མི་རུང་བ་ལྟར་དུ་བྱེད་པའི་རང་ལྟ་མཆོག་འཛིན་གྱི་ལྟ་ཚུལ་འཛིན་པའི་བྱུང་རབས་ལོ་རྒྱུས་ལ་འགྱུར་ལྡོག་ཆེན་པོ་ཞིག་གི་བདག་རྐྱེན་མཛད་པ་ཤིན་ཏུ་ནས་བཀའ་དྲིན་ཆེ་བར་བསམ་དགོས།
ཆོས་ཉིད་མ་ཡིན་དགག་གི་ཚུལ་དུ་སྒོམ་པའི་སྒོམ་ལུགས་ལ་ཟབ་དོན་གྱི་གནད་ཆེན་པོ་ཚང་བའི་བཤད་པ་གཅིག་ནི་ན་ནིང་ལམ་རིམ་གསུང་ཆོས་ཉིན་གཉིས་པ་སྟེ་སྤྱི་ལོ་༢༠༡༤ སྤྱི་ཟླ་༡༢ ཚེས་༢༤ ཞོགས་པའི་ཆོས་ཐུན་སྟེང་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཆོས་རྭར་སྩལ་ཡོད་ཅིང་། སྐབས་དེར་ལྕང་སྐྱའི་རྣམ་ཐར་ལས་འབྱུང་བའི་ཆོས་ཉིད་མ་ཡིན་དགག་གི་ཚུལ་དུ་སྒོམ་པའི་བཤད་པ་ཅིག་དང་། རྡོ་གྲུབ་འཇིགས་མེད་བསྟན་ཉིའི་ཞབས་ཀྱིས་ལྟ་བ་རྟོགས་ཚུལ་ལ་ལྟོས་ཏེ་ཆོས་ཉིད་མེད་དགག་གི་ཚུལ་དང་། སྒོམ་པ་ཉམས་མྱོང་ལ་ལྟོས་ཏེ་མ་ཡིན་དགག་གི་ཚུལ་དུ་སྒོམ་གསུངས་པའི་གོ་དོན། རྫོགས་ཆེན་གྱི་རང་གྲོལ་དང་གཅེར་གྲོལ་གྱི་གྲོལ་ལུགས་ཀྱི་གོ་བ། གསང་འདུས་ཀྱི་སྟོང་བཞིའི་སྟོང་ལུགས་ཀྱི་གོ་དོན་རྣམས་གཅིག་གྱུར་ཏུ་བབ་པའི་ཚུལ་དང་འབྲེལ་ནས། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། དཔྱད་ན་དགོངས་པ་གཅིག་ཏུ་འབབ། །གསུངས་པ་བདེན་པ་བདེན་རྐྱང་ཡིན་གསུངས་ཏེ་རང་སྟོང་གཞན་སྟོང་འགལ་མེད་ཀྱི་གཟིགས་སྣང་དང་འབྲེལ་བའི་ཞལ་གདམས་དྲོན་མོ་སྩལ་བ་ནི་རིས་མེད་ལྟ་གནད་གཅིག་ཐོག་ཏུ་འབབ་པར་བཞེད་པའི་གསུང་བཤད་ཆེས་སྩལ་མ་ཐག་ཙམ་པ་དེ་ཡིན།
ལྕང་སྐྱའི་རྣམ་ཐར་ནང་ཆོས་ཉིད་མ་ཡིན་དགག་གི་སྒོམ་ཚུལ་གསུངས་པ་ལྕང་སྐྱ་གྲུབ་མཐའ་ནས་འབྱུང་བ་ལྟར་སེམས་ཙམ་ལུགས་ཀྱི་དོན་དམ་གཟིགས་པའི་ཡེ་ཤེས་ཀྱིས་གཟུང་འཛིན་རྫས་གཅིག་སྒོམ་པར་གསུངས་པའི་གོ་བ་དང་གཅིག་གྱུར་ལས་དམིགས་བསལ་སྔགས་ཕྱོགས་ཀྱི་ལྟ་བ་མཐོན་པོའི་སྒོམ་འཁྱེར་སྐོར་ཞལ་གསལ་རྒྱས་བཤད་མཛད་པ་མེད་ཀྱང་། རྫོགས་རིམ་གྱི་རྟོགས་པ་མཐོན་པོའི་སྐབས་སེམས་ཙམ་པའི་ཆོས་ཉིད་མ་ཡིན་དགག་གི་སྒོམ་ཚུལ་དེ་ཉིད་བོགས་འདོན་དུ་འགྲོ་བའི་སྐབས་ཡོད་པར་གསུངས་ཤིང་། ལྷག་ཏུ་འདི་སྐོར་ལ་དབེན་ས་བླ་མ་སངས་རྒྱས་ཡེ་ཤེས་ཀྱི་གཏམ་དེ་ཡང་དོན་ཆེ་བར་ཡོད་གསུངས་པའི་ཚུལ་ལ་གཞིགས་ན་༸གོང་ས་མཆོག་གསུང་བ་ལྟར་ལྕང་སྐྱའི་ཞབས་ཀྱིས་ཀྱང་སྒོམ་པ་ཉམས་མྱོང་ལ་ལྟོས་ཏེ་ཆོས་ཉིད་མ་ཡིན་དགག་ཏུ་བཞེད་པ་བདེན་པར་སྣང་།
རྡོ་གྲུབ་བསྟན་ཉིའི་བཞེད་པ་དྲངས་པ་ནི་རྡོ་གྲུབ་ཀྱི་རྫོགས་ཆེན་ཁྲིད་ཡིག་ལས། དེ་ལྟར་བྱས་ཚེ་དོན་གྱིས་འོད་གསལ་གཉུག་མའི་བཞུགས་ཚུལ་གློ་བུར་གྱི་སྤྲོས་པས་སྟོང་ཚུལ་སྒོམ་པར་སོང་ཡོད་པས། ཀུན་མཁྱེན་གྱིས་གཞན་སྟོང་སྒོམ་ཚུལ་ལ་བསྔགས་པ་འདྲ་མོ་དང་། བརྒྱུད་པའི་གསུང་སྒྲོས་ལ། ལྟ་བ་རྟོགས་ཚུལ་ལ་ལྟོས་ཏེ་སྟོང་ཉིད་མེད་དགག་དང་སྒོམ་པ་སྐྱོང་ཚུལ་ལ་ལྟོས་ཏེ་མ་ཡིན་དགག་གི་ཕྱོགས་བཙན་པར་བྱ་ཞེས་གསུངས་པ་ཐམས་ཅད་དེ་ལ་དགོངས་པར་སེམས། སྣང་བའི་སྤྲོས་པ་ཐམས་ཅད་ནི་གཤིས་ལ་མ་གྲུབ་པ་དང་ངོ་བོ་ཉིད་མེད་པ་གཉིས་ཆར་ཡིན་ལ། གཤེགས་སྙིང་ནི་ངོ་བོ་ཉིད་མེད་པ་ཡིན་ཀྱང་གཤིས་ལ་མ་གྲུབ་པ་མིན་ཏེ། འདི་ནི་དབུ་སེམས་སྐབས་དོན་དམ་འཇོག་ཚུལ་གཉིས་འབྱུང་བ་ལྟ་བུར་གོ་གསུངས་པ་འདི་ཉིད་ཡིན་པར་སེམས།
༸གོང་ས་སྐྱབས་མགོན་ཆེན་པོས་ཆབ་སྲིད་ཀྱི་ཐོབ་ཐང་དང་འབྲེལ་བའི་གནས་བབ་སྟེང་ནས་ཆོས་བརྒྱུད་དམ་བླ་བྲང་ཞིག་གིས་ཆབ་སྲིད་ཀྱི་དབང་ཆ་འཛིན་པའི་གནས་བབ་ལ་བཅོས་སྒྱུར་གྱིས་ཆོས་ལུགས་རིས་མེད་ལ་ལྟ་སྟངས་གཟིགས་རྟོག་གཅིག་གྱུར་བྱེད་པའི་སྒྲིག་འཛུགས་ཤིག་ཡོང་བའི་ཐུགས་རྩོལ་ཆེན་པོ་གནང་བཞིན་ཡོད་ལ། དེ་དང་མཉམ་རང་གིས་གཟིགས་པའི་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་རིས་མེད་ཀྱི་མྱོང་རྟོགས་ཟབ་མོ་ཁག་དུས་ནས་དུས་སུ་སློབ་མའི་ཚོགས་ལ་ནན་གྱིས་འདོམས་པར་མཛད་བཞིན་ཡོད་དེ། སྤྱི་ལོ་༢༠༡༤ ལོར་གནང་བའི་ཁོ་བོ་གཅར་མྱོང་བའི་གསུང་ཆོས་ཕལ་ཆེར་ལ་རིས་མེད་ཉམས་བཞེས་སྐོར་ནན་གསུངས་མ་མཛད་པ་མེད་པ་ལྟ་བུ་ཡིན།
དེ་ཡང་སྤྱི་ལོ་ ༢༠༡༤ ལོའི་སྤྱི་ཟླ་ ༡ ཚེས་ ༡ སྟེ་སྤྱི་ལོའི་ལོ་གསར་ཉིན་སེ་ར་ཐེག་ཆེན་གླིང་དུ་ལམ་རིམ་གསུང་ཆོས་ཐེངས་གཉིས་པའི་ཉིན་བརྒྱད་པའི་ཞོགས་པའི་ཆོས་ཐུན་སྟེང་༸གོང་ས་མཆོག་ནས་ཁོང་ཉིད་ཀྱི་བླ་མར་ཞལ་གྱིས་བཞེད་པའི་རྙིང་མའི་བླ་ཆེན་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེས་རིས་མེད་ཉམས་བཞེས་ཇི་ལྟར་མཛད་པའི་རྣམ་ཐར་གསུངས་པ་དང་འབྲེལ་ནས་རིས་མེད་བྱ་རྒྱུ་གལ་ཆེན་ཡིན་པའི་སྐོར་འདོམས་པར་མཛད་པ་ནས་བརྩམས་ཏེ། ཟླ་བ་དེའི་སྤྱི་ཚེས་ ༢ ཉིན་གྱི་ཞོགས་པའི་ཆོས་ཐུན་སྟེང་དཔལ་ས་སྐྱ་པའི་ཞེན་པ་བཞི་བྲལ་གྱི་འཛིན་པ་བྱུང་ན་ལྟ་བ་མིན། །གསུངས་པའི་དགོངས་དོན་དང་རགས་པ་བློ་བུར་བའི་ཀུན་རྟོག་གིས་སྟོང་པའི་གཉུག་སེམས་ལ་མཉམ་པར་འཇོག་པའི་གསང་འདུས་ཀྱི་ཉམས་ལེན་དབར་མཐུན་ཆ་ཡོད་པར་གསུངས་པ་དང་།
ཡང་ཆོས་ཐུན་དེའི་ཐོག་ཇོ་ནང་རྗེ་བཙུན་གྱི་གསུང་། སྒྱུ་མའི་རང་སྣང་བརྗེན་ནེ་ནེ། །གཏད་མེད་རིག་པ་ས་ལ་ལ། །བརྗོད་མེད་དབྱིངས་སུ་ཐ་ལ་ལ། །བདེ་བར་གཤེགས་པ་ཁྲི་ལི་ལི། །ཞེས་པའི་གཞུང་ཚིག་སྔ་ཕྱིའི་འབྲེལ་དང་སྦྲགས་པའི་བཤད་པ་ཟབ་མོ་དང་། གཏད་མེད་རིག་པ་ས་ལ་ལ། །ཞེས་པ་དོན་དམ་ངེས་པའི་རིག་ངོར་མཚན་འཛིན་གྱི་དམིགས་གཏད་ཞིག་པའི་རྩ་ཤེའི་ཟབ་དོན་བསྟན་པའི་བཤད་པ་བསྐྱོན་པར་མཛད།
༸གོང་ས་མཆོག་ནས་ཇོ་ནང་རྗེ་བཙུན་གྱི་གསུང་འདིའི་ཚིག་རྐང་སྔ་མ་སྔ་མའི་དོན་ངེས་པའི་རིམ་པས་ཕྱི་མ་ཕྱི་མའི་ཟབ་དོན་ལ་འཇུག་པ་དང་མཐར་བདེ་བར་གཤེགས་པ་ཁྲི་ལི་ལི། །ཞེས་པའི་བསྟན་དོན་གྱི་འབྲས་བུ་མངོན་དུ་བྱེད་པའི་ཟབ་བཤད་ཀྱང་སྐབས་མང་པོར་བསྐྱོན་བཞིན་ཡོད། སྔར་གྱི་དགེ་ལྡན་པའི་མཁས་པ་ཕལ་ཆེར་གྱིས་ཇོ་ནང་རྗེ་བཙུན་ལྟ་བུ་འཁོར་ལོ་མཐའ་མའི་དགོངས་པ་འགྲེལ་ཕྱོགས་ལ་ཕྱིན་ཅི་ལོག་ཏུ་གྱུར་པ་ཙམ་མིན་པར་བར་པའི་དངོས་བསྟན་གྱི་མེད་དགག་ངོ་བོར་གྱུར་པའི་ཆོས་ཉིད་སྟོང་པ་ཉིད་ཀྱང་ཇི་བཞིན་འཆད་མི་ནུས་པ་ཞིག་ཏུ་ངོས་འཛིན་ཤག་བྱེད་པའི་ངང་ཚུལ་ནས་བསམ་ན་༸རྒྱལ་བའི་གསུང་བཤད་འདི་ལྟ་བུ་ཆེས་དམིགས་བསལ་ཡིན།
དེ་ནས་སྤྱི་ལོ་ ༢༠༡༤ ལོའི་སྤྱི་ཟླ་ ༡༠ ཚེས་ ༨ སྟེ་ཐའེ་ཝན་ཆོས་ཞུ་བར་སྩལ་བའི་རྩ་ཤེའི་བཤད་ཁྲིད་ཉིན་གསུམ་པའི་ཆོས་ཐུན་སྟེང་། རྡོ་གྲུབ་ཞབས་ཀྱིས་རྫོགས་ཆེན་ཀ་དག་གི་དགོངས་པ་པཎ་གྲུབ་ཀྱི་གཞུང་ལ་བརྟེན་ནས་ཕུ་ཐག་ཆོད་དགོས་པར་གསུངས་པའི་དགོངས་པ་དང་། མཁན་པོ་ངག་ཆུང་གི་རྫོགས་ཆེན་ཁྲིད་ཡིག་དུ་སེམས་ཀྱི་བྱུང་གནས་འགྲོ་གསུམ་གྱི་མཚང་འཚོལ་བའི་སྐབས་གཅིག་དུ་བྲལ་ལྟ་བུ་ཤིང་རྟ་ཆེན་པོའི་གཞུང་ལུགས་ནས་བྱུང་བའི་དོན་དཔྱོད་ཀྱི་རིགས་པར་བརྟེན་པའི་གནད། དེ་བཞིན་དཔལ་ས་སྐྱའི་ལམ་འབྲས་ཀྱི་སྐབས་སུ་འབྱུང་བའི་གསལ་བ་སེམས་ཀྱི་མཚན་ཉིད། སྟོང་པ་སེམས་ཀྱི་རང་བཞིན་གསུངས་པའི་སྟོང་པའི་གོ་དོན། བཀའ་བརྒྱུད་པའི་སྔགས་ལུགས་ཀྱི་ཕྱག་ཆེན་མདོ་ལུགས་ཀྱི་ཕྱག་ཆེན་ལ་བརྟེན་དགོས་པའི་འབྲེལ་སོགས་ལས་བོད་ཀྱི་ཆོས་བརྒྱུད་ཆེ་ཁག་གི་མཐར་ཐུག་གི་ལྟ་བ་ཀླུ་སྒྲུབ་ཞབས་ཀྱི་རིགས་ཚོགས་ཀྱི་བསྟན་དོན་དུ་གྱུར་པའི་ལྟ་ཐོག་ཏུ་བབས་པ་གཅིག་གྱུར་ཡིན་པའི་གནད་ལས། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཅེས་གསུངས་པར་མཛད་སྐོར་བཀའ་སྩལ་ཞིང་།
ལྷག་དོན་པཎ་ཆེན་གྱི་གསུང་འདི་འཇིག་རྟེན་ཆོས་བརྒྱད་ཀྱི་ཀུན་སློང་དང་འབྲེལ་ནས་གསུངས་པ་མིན་པར་དངོས་ཡོད་གནས་ཚུལ་གྱི་སྟེང་ནས་བཀའ་རྙིང་ས་དགེ་དགོངས་པ་གཅིག་ཏུ་འབབ་པའི་འགྲོ་སྟངས་ཤིག་ཡོད་ནས་གསུངས་པ་ཡིན་ཞེས་ནན་ཏན་གྱིས་བཀའ་སྩལ། འོན་ཀྱང་སྐབས་དེར་གསང་འདུས་ཀྱི་སྟོང་བཞིའི་རྣམ་གཞག་དེ་གཞན་སྟོང་རང་ཡིན་ཡང་། ཇོ་ནང་པས་ཀུན་རྫོབ་རང་སྟོང་། དོན་དམ་གཞན་སྟོང་གསུངས་པ་ཅུང་ཟད་མི་བདེ་བར་སྣང་ཞེས་ཀྱང་གསུངས་མོད། ཆོས་ཐུན་དེ་རང་གི་ཐོག་ཏུ་རང་སྟོང་དང་གཞན་སྟོང་གི་དབར་མཐུན་ཆ་ཡོད་པའི་གསུང་ཕྱོགས་རྒྱས་པར་ཕེབས་པ་ཡང་གོང་དུ་དྲངས་ཟིན་ལྟར་ལགས།
སྤྱི་ལོ་ ༢༠༡༤ སྤྱི་ཟླ་ ༡༡ ཚེས་ ༢ ཏེ་སོག་པའི་ཆོས་ཞུ་བར་སྩལ་བའི་ལམ་རིམ་ཆེན་མོའི་གསུང་ཆོས་ཉིན་དང་པོའི་ཆོས་ཐུན་སྟེང་༸གོང་ས་མཆོག་སྐུ་སྒེར་ནས་རིས་མེད་ཉམས་བཞེས་མཛད་པས་ཕན་ཐོགས་དང་དགེ་མཚན་ཡོད་པ་ར་འཕྲོད་པ་བྱུང་གསུངས་ཏེ། ཉན་ཐོས་ནང་དུ་ཞག་བདུན་གནས། །ཞེས་བྱང་སེམས་ཀྱི་སྡེ་པ་དང་མི་མཐུན་པའི་གནད་ཡོད་པར་ལྟོས་མེད་ཀྱིས་མངོན་པ་མཛོད་ལྟ་བུའི་གཞུང་ལུགས་ལ་སློབ་གཉེར་བྱེད་ཆོག་སར་བོད་བརྒྱུད་ནང་པ་ནང་ཕན་ཚུན་ཕྱོགས་རིས་ཀྱིས་ཕན་ཚུན་སློབ་གཉེར་བྱེད་རེས་མེད་པར་སྡོད་པ་འདི་མི་ལེགས་པ་ཡིན་གསུངས་ཤིང་། ཡང་ཟླ་བ་དེའི་ཚེས་ ༣ ཉིན་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དགོངས་པ་ལྟར་༸གོང་ས་མཆོག་སྐུ་སྒེར་ནས་རྙིང་མ་དང་བཀའ་བརྒྱུད། ས་སྐྱ་བཅས་ལ་ཉམས་ལེན་གནང་བཞིན་ཡོད་པ་དང་། དེ་དག་རྣམས་གཅིག་ཕན་གཅིག་གྲོགས་སུ་འགྲོ་བཞིན་འདུག་ཅེས་གསུངས་ཏེ། མདོ་ལས། འདི་ནི་བྱང་སེམས་རྣམས་ཀྱི་ཆེད་དུ་གསུངས་པའོ། །འདི་ནི་ཉན་ཐོས་རྣམས་ཀྱི་ཆེད་དུ་གསུངས་པའོ། །ཞེས་རིས་སུ་བཅད་ན་ཆོས་སྤོང་གི་ལས་སུ་གསུངས་པ་ལྟར། འདི་ནི་དགེ་ལུགས་པ་རྣམས་ཀྱི་ཆེད་དུ་གསུངས་པའོ། །འདི་ནི་རྙིང་མ་བ་རྣམས་ཀྱི་ཆེད་དུ་གསུངས་པའོ། །ཞེས་ཟེར་ན་ཡང་ཆོས་སྤོང་དུ་འགྱུར་བའི་སྐོར་བཀའ་སྩལ།
སྤྱི་ལོ་ ༢༠༡༤ སྤྱི་ཟླ་ ༡༢ ཚེས་ ༢༣ ལམ་རིམ་གསུང་ཆོས་ཐེངས་གསུམ་པའི་ཉིན་དང་པོའི་ཉིན་རྒྱབ་ཆོས་ཐུན་སྟེང་། བློ་བཟང་རྒྱལ་བ་གཉིས་པའི་བསྟན་པ་ལ། །བསྲེ་ལྷད་མེད་པའི་རྣམ་ཐར་འཁྱོངས་པར་ཤོག གསུངས་པའི་དགོངས་པ་མཁས་གྲུབ་ཐམས་ཅད་མཁྱེན་པའི་ལྟ་ཁྲིད་ནས་གསུངས་པ་ལྟར་གནས་པས་དེ་དང་རིས་མེད་ཀྱི་ཉམས་བཞེས་དབར་འགལ་ཟླ་མེད་པའི་གསལ་བཤད་དང་། ཟླ་བ་དེའི་ཚེས་ ༢༤ ཉིན་གོང་དུ་དྲངས་ཟིན་ལྟར་ཆོས་བརྒྱུད་ཆེ་ཁག་གི་ལྟ་བའི་གནད་གཅིག་ཐོག་ཏུ་འབབ་པའི་གསུང་བཤད་རྒྱས་པར་སྩལ་བ་སྟེ་མདོར་ན་ ༢༠༡༤ ལོར་གནང་བའི་གསུང་ཆོས་ཕལ་ཆེར་ཞིག་ཏུ་རིས་མེད་ཀྱི་གལ་གནད་སྐོར་གསུང་བཤད་མ་མཛད་པ་མེད་པ་ལྟ་བུར་སྣང་།
གོང་གསལ་བསྲེ་ལྷད་མེད་པའི་རྣམ་ཐར་འཁྱོངས་པར་ཤོག །གསུངས་པའི་དགོངས་དོན་ནན་ཏན་གྱིས་བཀྲལ་ཏེ་ལྟ་སྤྱོད་གཙང་མའི་ཉམས་ལེན་དང་རིས་མེད་ཉམས་བཞེས་དབར་འགལ་ཟླ་མེད་པའི་གསེད་བཀྲོལ་གསུང་བཤད་འདི་རང་ཅག་རྣམ་འབྱེད་ཀྱི་ཤེས་རབ་དམན་པ་ཚོར་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་རེད། སྐྱབས་རྗེ་ཕ་བོང་ཁ་པ་ལྟ་བུ་བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གསུང་རབ་མ་ལུས་གདམས་པར་འཆར་བ་དང་། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང་། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་སྲུང་། །ཞེས་པའི་བྱང་ཆུབ་ལམ་གྱི་རིམ་པའི་ཆེ་བ་ཡང་ནས་ཡང་དུ་གསུང་མཁན་ལམ་རིམ་གྱི་བསྟན་པའི་བདག་པོར་བཞེངས་པ་ཞིག་གིས་ཀྱང་། བསྲེ་ལྷད་མེད་པའི་རྣམ་ཐར་འཁྱོངས་པར་ཤོག །ཅེས་པའི་གོ་དོན་འགྲེལ་སྟངས་ཚུལ་མཐུན་ཞིག་གནང་མེད་པ་ཁོང་གི་ཆབ་ཤོག་ནང་གསལ་བ་ལྟར་ལགས།
༸གོང་ས་སྐྱབས་མགོན་ཆེན་པོས་བོད་བརྒྱུད་ནང་བསྟན་བོན་དང་བཅས་པ་རིས་མེད་ཐུགས་མཐུན་ཡོང་ཐབས་དགོངས་པ་ཙམ་མིན་པར་འཛམ་གླིང་གི་ཆོས་ལུགས་ཀུན་ཕན་ཚུན་མཐུན་ལམ་དམ་གཙང་དགོས་པའི་མཛད་འཕྲིན་སྐྱོང་བཞིན་ཡོད། ཆོས་ལུགས་མཐུན་སྒྲིལ་གྱི་མཛད་པ་འདི་ནི་༸རྒྱལ་བའི་ཐུགས་འགན་ཆེན་མོ་གསུམ་གྱི་གཉིས་པ་དེ་ཡིན་ལ། ཐུགས་འགན་འདི་ཉིད་སྒྲུབ་ཐབས་ལ་[Towards the True Kinship of Faiths: How the world’s religions can come together]ཞེས་པའི་རིགས་པའི་གཞུང་ལུགས་ཀྱང་ཆེད་དུ་བརྩམས་ཡོད། གཞུང་ལུགས་འདིའི་ནང་ཐུགས་འགན་འདི་ཉིད་སྒྲུབ་ཐབས་ལ་༸གོང་ས་མཆོག་སྐུ་སྒེར་ནས་ས་བཅད་ཆེན་པོ་བཞི་དང་དེའི་སྟེང་ཁོང་གི་ཆོས་གྲོགས་དམ་པ་ཡེ་ཤུའི་ཆོས་དཔོན་ཏྲུ་ཏྲུ་ཡི་དགོངས་ཚུལ་དང་འབྲེལ་བའི་ས་བཅད་གཅིག་བསྣན་ཏེ་ཁྱོན་ས་བཅད་ཆེན་པོ་ལྔའི་བརྒྱུད་ལམ་ནས་འཛམ་གླིང་གི་ཆོས་ལུགས་ཆེན་པོ་རྣམས་མཐུན་སྒྲིལ་དགོས་པའི་མཛད་འཕྲིན་སྐྱོང་བཞིན་ཡོད།
ས་བཅད་ཆེན་པོ་ལྔ་ནི།
༡། ཆོས་བརྒྱུད་སོ་སོའི་ཆོས་ལུགས་ཤེས་ཡོན་གྱི་གནས་བབ་སྟེང་ནས་ཆོས་ལུགས་ཁག་གི་མཁས་པའི་དབར་བགྲོ་གླེང་།
༢། ཆོས་ལུགས་སོ་སོའི་ཚད་ལྡན་སྒོམ་སྒྲུབ་པ་རྣམས་ཀྱི་དབར་གཏིང་ཟབ་མྱོང་རྟོགས་ཀྱི་ཉམས་མྱོང་བརྗེ་རེས།
༣། ཆོས་ལུགས་ཁག་གི་དབུ་ཁྲིད་འདུ་འཛོམས་ཀྱིས་གཏམ་བཤད་དང་སྨོན་ལམ་གྱི་བྱེད་སྒོ་སྤེལ་བ།
༤། འཛམ་གླིང་གི་གནས་ཆེན་ཁག་ཏུ་ཆོས་ལུགས་མི་སྣ་མཉམ་འདུས་ཀྱིས་གནས་སྐོར་བྱེད་པ།
༥། རྐྱེན་ངན་གོད་ཆགས་བྱུང་བའི་ས་གནས་སུ་ཆོས་ལུགས་ཀྱི་སློབ་གསོ་དང་མཐུན་རྐྱེན་སྦྱོར་བར་མཉམ་དུ་ཕེབས་པ།
གོང་གསལ་ས་བཅད་དང་པོ་བཞི་༸གོང་ས་མཆོག་སྐུ་སྒེར་གྱི་དགོངས་འདུན་དང་ཐ་མ་དེ་ཁོང་གི་ཆོས་གྲོགས་ཏྲུ་ཏྲུ་ཡི་དགོངས་འཆར་དང་འབྲེལ་ནས་བསྣན་སྐོར་ ༢༠༡༡ ལོའི་སེམས་དང་སྲོག་གི་ཚོགས་འདུའི་སྟེང་དང་གོང་གསལ་དཔེ་དེབ་ནང་དུ་ཡང་གསུངས་ཡོད། ད་དུང་ན་ནིང་དགའ་ལྡན་ཕོ་བྲང་གི་གོ་སྒྲིག་འོག་ལྡི་ལིར་འཛམ་གླིང་གི་ཆོས་ལུགས་ཆེ་ཁག་གི་ཚོགས་འདུ་ཞིག་འཚོག་ཉེའི་སྔོན་དུ་༸གོང་ས་མཆོག་ནས་ཆོས་ལུགས་སོགས་ཀྱི་ལྟ་གྲུབ་མཐུན་མིན་གྱིས་དམག་འཐབ་གཡུལ་འགྱེད་བྱེད་པའི་ས་ཁུལ་དུ་ཆོས་ལུགས་མི་སྣ་ཚོས་ཞི་འགྲིག་གི་སློབ་གསོ་བར་ཆིངས་བྱེད་པའི་ཐབས་ལམ་ཞིག་འཚོལ་ཐབས་ཐད་སྐབས་དེའི་ཚོགས་ཐོག་ཏུ་གླེང་སློང་གནང་རྒྱུ་ཡིན་སྐོར་གསུངས་ཡོད།
བོད་ཀྱི་ལོ་རྒྱུས་ནང་འཁྲུགས་ལོང་འཐབ་རྩོད་ཀྱི་གནས་བབ་མང་དག་ཅིག་ཆོས་བྱེད་མི་སྣས་བར་འདུམ་མཛད་དེ་ཞི་འཇགས་བྱུང་བའི་དཔེ་མཚོན་གསལ་པོ་ཡོད་པ་ལྟར། དེང་གི་འཛམ་གླིང་ནང་སྲིད་དོན་པའི་འབད་རྩོལ་གྱིས་སེལ་ཐབས་མེད་པའི་དཀའ་རྙོག་མང་དག་ཅིག་ཆོས་ལུགས་བླ་ཆེན་དང་མི་སྣ་ཚོའི་ཞི་འགྲིག་བར་འདུམ་གྱི་བརྒྱུད་ལམ་ནས་སེལ་ཐུབ་པའི་གོ་སྐབས་ཀྱང་ཏན་ཏན་ཡོང་ཆོག་པའི་གནས་སྟངས་ཡོད་སྟབས། ༸གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་འདི་ཆེས་རླབས་ཆེན་ཞིག་ཏུ་ངོས་འཛིན་ཞུ་བཞིན་ཡོད་ལ། བརྒྱུད་ལམ་འདི་ཡང་ཆོས་ལུགས་མཐུན་སྒྲིལ་བྱ་ཐབས་ཀྱི་ས་བཅད་ཆེན་པོ་ལྔའི་སྟེང་བསྣན་རུང་བར་མཐོང་བཞིན་ཡོད།
ཐེངས་འདིའི་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཚོགས་པའི་བགྲོ་གླེང་འདི་ནི་༸གོང་ས་སྐྱབས་མགོན་ཆེན་པོས་གསུངས་པའི་གོང་གསལ་ས་བཅད་ལྔ་ལས་ས་བཅད་དང་པོ་དང་འབྲེལ་བཞིན་ཡོད་ལ། ཆོས་བརྒྱུད་ཁག་གི་ཤེས་ལྡན་མི་སྣའི་བགྲོ་གླེང་འདི་ཉིད་བརྒྱུད་དེ་རང་རེའི་ཆོས་བརྒྱུད་ཁག་གི་སོ་སོའི་ལུགས་ཀྱི་ལྟ་དགོངས་སྤྱོད་པ་དང་འབྲེལ་བའི་ཐུན་མིན་ཟབ་ཁྱད་ཁག་ཕན་ཚུན་གོ་རྟོགས་སྤེལ་རེས་ཀྱིས་སློབ་གཉེར་བ་རྣམས་ཀྱི་ཐོས་བསམ་སྒོམ་པའི་གོ་རྟོགས་ཀྱི་རྒྱ་བསྐྱེད་རྒྱུ་ཙམ་མིན་པར། བརྒྱུད་ལམ་འདིའི་ཐོག་ནས་ཕན་ཚུན་གྱི་ལེགས་ཆ་དང་ཟབ་ཁྱད་ཇི་ཡོད་ངོས་བཟུང་ཐུབ་སྟེ་དག་སྣང་དང་གུས་ཞབས་ཀྱི་བསམ་སྤྱོད་གོང་འཕེལ་གྱིས་ཆོས་བརྒྱུད་ཕན་ཚུན་མཐུན་སྒྲིལ་སྔར་ལྷག་ཡོང་བའི་གནད་འགག་ཀྱང་ཧ་ཅང་ཆེན་པོ་ཡོད་པ་མྱོང་ཐོག་ནས་ར་འཕྲོད་པ་བྱུང་སྐོར་མང་པོ་ཞིག་གིས་གསུངས་པ་གོ་ཐོས་བྱུང་།
བགྲོ་གླེང་འདིའི་སྟེང་ཁོ་བོ་སྒེར་ངོས་ནས་བསམ་ཚུལ་ཞིག་ནན་ཏན་གྱིས་ཞུས་ཡོད་པ་ནི། འདི་ལོ་ལྟ་བུ་ཕར་ཕྱིན་གྱི་གཞུང་ལུགས་ལ་བགྲོ་གླེང་གནང་ཡོད་ཀྱང་། གཏམ་བཤད་པ་རྣམ་པའི་བརྗོད་གཞི་ཡོངས་རྫོགས་ཕར་ཕྱིན་གྱི་གཞུང་ཚན་བྱེ་བྲག་པའི་སྐོར་འབའ་ཞིག་དང་འབྲེལ་སྟབས། ཆོས་བརྒྱུད་བྱེ་བྲག་པ་སོ་སོས་ཕར་ཕྱིན་གྱི་གཞུང་སྤྱིའི་གཞི་ལམ་འབྲས་བུའི་སྒྲོམ་ཁོག་ལ་གོ་བ་དང་ལྟ་སྟངས་ཇི་ལྟར་འཛིན་མིན་ལ་གསལ་ཁ་ཡོད་པའི་འགྲེལ་བཤད་བྱུང་མ་སོང་། དེར་བརྟེན་འབྱུང་འགྱུར་ཆོས་བརྒྱུད་སོ་སོའི་སྐུ་ཚབ་རེ་ནས་དབུ་ཕར་དང་ཚད་མ་སོགས་གཞུང་ཆེན་གང་ཡིན་ཡང་གཞུང་ཆེན་དེའི་སྤྱིའི་ཁོག་འབུབ་ཀྱི་འགྲེལ་བཤད་ཅིག་ངེས་པར་གནང་ཐབས་ཡོང་བ་གལ་ཆེན་དུ་དགོངས་རོགས་ཞེས་བསམ་ཚུལ་ཞུས་ཡོད།
དཔེར་ན་ཕར་ཕྱིན་ལྟ་བུར་མཚོན་ན། ཆོས་བརྒྱུད་བྱེ་བྲག་པ་དེ་དང་དེའི་མཁས་པ་ཚོས་ཕར་ཕྱིན་ལ་འགྲེལ་པ་གྲགས་ཅན་གང་དག་བརྩམས་ཡོད་མེད། བཤད་གྲྭ་སོ་སོར་འགྲེལ་པ་གང་ཞིག་རྩ་བར་གཟུང་གི་ཡོད་མེད། ཕར་ཕྱིན་གྱི་བཤད་ལུང་གི་བརྒྱུད་པའི་ཁུངས་གང་ལ་གཏུག་བཞིན་ཡོད་མེད། ཕར་ཕྱིན་གྱི་མཐར་ཐུག་གི་ལྟ་བ་རང་སྟོང་དང་གཞན་སྟོང་། རང་རྒྱུད་དང་ཐལ་འགྱུར་སོགས་ཀྱི་གྲུབ་མཐའ་གང་དུ་འགྲེལ་མིན་སོགས་ལ་གསལ་ཁ་གཏོད་རྒྱུ་ལྟ་བུ་ཡིན། ཁོ་བོའི་བསམ་འཆར་རེ་འདུན་ལ་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་གི་མཁན་རིན་པོ་ཆེ་བྱ་དོ་སྤྲུལ་སྐུ་མཆོག་དང་། དོལ་པོ་སྤྲུལ་སྐུ་རིན་པོ་ཆེ། དགའ་ཤར་བསྟན་འཛིན་ཚེ་རིང་རིན་པོ་ཆེ་བཅས་ཀྱིས་རྗེས་སྣོན་རྒྱབ་སྐྱོར་གྱི་ཚུལ་དུ་དགོངས་ཚུལ་བསྐྱར་བརྗོད་མཛད་པ་ཡང་བྱུང་སྟབས་ཏན་ཏན་གྲུབ་འབྲས་ཐོན་པ་ཞིག་ཡོང་བའི་ཡིད་ཆེས་ཡོད།
ཐེངས་འདིའི་བགྲོ་གླེང་ཐོག་རང་གི་འཆར་སྣང་ནང་འཐད་པོ་དེ་ཙམ་མ་བྱུང་བའི་དཀའ་གནད་ཅིག་ནི་སྔ་འགྱུར་བས་ཐེག་ཆེན་སྦྱོར་ལམ་མཉམ་གཞག་རྟོག་བཅས་སུ་ཁས་བླངས་ཏེ་དེས་མཐའ་བཞི་སྤྲོས་བྲལ་རྣམ་གྲངས་མིན་པའི་དོན་དམ་ཕྱིན་ཅི་མ་ལོག་པར་རྟོགས་གསུངས་པ་དེ་ཡིན། འདིའི་སྐོར་གཏམ་བཤད་གནང་མཁན་སྔ་འགྱུར་སློབ་དཔོན་བསྟན་འཕེལ་དབང་ཕྱུག་ལགས་ལ་འདྲི་རྩད་ནན་ཏན་ཞུས་དོན་ལྟར་ཁོང་ནས་འདོད་ཚུལ་དེ་ཉིད་ཁོང་སྐུ་སྒེར་གྱི་དགོངས་ཚུལ་མིན་པར་སྔ་འགྱུར་བའི་ཡིག་ཆའི་ཁས་ལེན་ལ་དེ་ལྟར་བཞེད་པའི་ཁུངས་དང་། དེའི་གསལ་བཤད་ལྟ་བུར་དོལ་པོ་སྤྲུལ་སྐུ་རིན་པོ་ཆེས་ཀྱང་གསལ་ཁ་མཛད་པ་བཅས་བྱུང་མོད། ཁོ་བོ་ཀུན་མཁྱེན་གོ་རམས་པའི་ལྟ་བའི་ཤན་འབྱེད་ཀྱི་ཚིག གནས་ལུགས་མཐའ་བཞིའི་སྤྲོས་པས་དབེན་པ་དང་། །རྟོགས་བྱེད་བློ་གཉིས་གཉིས་སུ་དབྱེར་མེད་པར། །བློ་ཉིད་སྤྲོས་བྲལ་ངང་དུ་ཐིམས་པ་ལ། །ལྟ་བ་ཆོས་ཉིད་མཐོང་བའི་མཐོང་བའི་ཐ་སྙད་མཛད། །ཅེས་པའི་དགོངས་དོན་ལ་ཆེས་འཐད་པའི་ལྟ་ཚུལ་ཡོད་པའི་ཆ་ནས་ད་ལྟ་ཡང་སྦྱོར་ལམ་རྟོག་བཅས་ཀྱིས་རྣམ་གྲངས་མིན་པའི་ཁས་ལེན་ཀུན་བྲལ་གྱི་གནས་ལུགས་མཐོང་གསུངས་པ་འཐད་པོ་གཏན་ནས་མི་འདུག
དཀའ་གནད་དྭོགས་སློང་འདི་འདྲ་ཞིག་བགྲོ་གླེང་གི་གོ་སྐབས་འདི་ལྟ་བུ་བརྒྱུད་ནས་ཐོབ་པ་ཡང་། རྗེ་བླ་མས། དེ་ཚེ་རང་གཞན་སྡེ་པ་ཡི། །གཞུང་མང་དག་ལ་སྦྱངས་པ་ན། །ཕྱི་ཕྱིར་ཐེ་ཚོམ་དྲ་བ་ཡིས། །བདག་གི་ཡིད་ནི་ཀུན་ཏུ་གདུངས། །གསུངས་པའི་རྣམ་ཐར་དང་ཆ་མཐུན་པ་ཞིག་ཇི་ལྟར་རུང་ཡང་། ཐེ་ཚོམ་དང་དྭོགས་སློང་གི་བསམ་བློ་ཐོས་བསམ་སློབ་གཉེར་ལ་བརྩོན་མཁན་ཞིག་གི་ངོས་ནས་ངེས་པར་དུ་ཡོང་དགོས་པར་བསྟན་པའི་དགོངས་དོན་གྱི་ཆ་ནས་བསམ་ན་ཆེས་སྐལ་བཟང་ཞིག་ཏུ་ཁོ་བོ་རློམ་བཞིན་ཡོད།
གོང་དུ་དྲངས་པའི་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་འཁྲིད་རྣམས་སྒྲ་བརྙན་གཉིས་ཀའི་ནང་མཇལ་རྒྱུ་ཡོད་སྟབས་རྣམ་པ་ཚོས་གཟིགས་ཞིབ་ཡོང་བ་དང་། འདིར་ཁོ་བོས་རང་གི་ཟིན་བྲིས་གཞི་རྩར་བཟུང་སྟེ་ཟིན་ཐོའི་ཚུལ་དུ་བྲིས་པ་ཡིན་སྟབས་ནོར་འཁྲུལ་གྱི་རིགས་ཏན་ཏན་ཡོང་ངེས་མ་ཟད། ༸གོང་ས་སྐྱབས་མགོན་ཆེན་པོའི་དགོངས་ཚུལ་ལོག་པར་བཀྲལ་བའི་གོ་སྐབས་ཀྱང་ངེས་པར་ཡོད་སྲིད་པར་གཟིགས་དཔྱད་ཡོད་པ་ཞུ་རྒྱུ་བཅས།
འཇིགས་མེད་བློ་གྲོས་ཀྱིས། བོད་རྒྱལ་ལོ་༢༡༤༢ བོད་ཟླ་༡ ཚེས་༢༥། སྤྱི་ལོ་༢༠༡༥ སྤྱི་ཟླ་༣ ཚེས་༡༥། ཉིན་བཞུགས་སྒར་རིགས་ལམ་སློབ་གཉེར་ཁང་ནས་བྲིས། །
བཀའ་དྲིན་ཆེ། ང་དང་མཁན་སྤྲུལ་འགས་གྲུབ་མཐའ་རིས་མེད་སྐོར་དེབ་ཅིག་རྩོམ་སྒྲིག་བྱེད་བཞིན་ཡོད་པས། ཉིད་ཀྱི་རྩོམ་ཡིག་འདི་བེད་སྤྱོད་གཏོང་ཆོག་གམ། ཉིད་ཆོས་བརྒྱུད་ག་རེའི་ལུགས་འཛིན་པ་ཞིག་ཡིན། འདི་ལྟར་འདྲི་དོན་ནི་ངེད་ཅག་གི་དེབ་དེའི་དཀར་ཆག་ནང་འཇུག་བདེའི་ཆེད་ཡིན།
རྒན་ཀླུ་སྨྱོན་ལགས། གུས་པའི་རྩོམ་ཡིག་འདི་ཕན་ཐོགས་ཡོད་པ་ཞིག་ཏུ་གཟིགས་ཚེ་གང་དུ་བཀོད་ཀྱང་དགའ་བསུ་ཞུ།
ཡག་པོ་བྲིས་འདུག་པས་བཀའ་དྲིན་ཆེ།གལ་ཆེན་ཞིག་ནི། ཆོས་བརྒྱུད་སོ་སོའི་ལྟ་གྲུབ་ཀྱི་གོ་བདེ་བོ་རེ་ངོ་སྤྲོད་གནང་ཐུབ་ན་ལེགས་ཆ་ཤིན་ཏུ་ཆེ།
སྦྱོར་ལམ་མཉམ་བཞག་ལ་འགྲོ་མྱོང་མཁན་ཞིག་བོད་ལ་མེད་པས་དེའི་ངོ་བོ་ག་འདྲ་ཡིན་མིན་བཤད་རྒྱུ་ཅི་ཡོད། རྒྱུས་མེད་རྒྱུས་གཏམ་བཤད་མཁན་ཚོ་རིག་པ་ཧུར་མདོག་ནི་དམུས་ལོང་གིས་གནམ་གྲུའི་རྣམ་གཞག་འཆད་པ་དང་འདྲ་བས་ངལ་བ་དོན་མེད་ཁོ་ནའོ།།
(ཡང་ཆོས་ཐུན་དེའི་ཐོག་ཇོ་ནང་རྗེ་བཙུན་གྱི་གསུང་། སྒྱུ་མའི་རང་སྣང་བརྗེན་ནེ་ནེ། །གཏད་མེད་རིག་པ་ས་ལ་ལ། །བརྗོད་མེད་དབྱིངས་སུ་ཐ་ལ་ལ། །བདེ་བར་གཤེགས་པ་ཁྲི་ལི་ལི། །ཞེས་པའི་གཞུང་ཚིག་སྔ་ཕྱིའི་འབྲེལ་དང་སྦྲགས་པའི་བཤད་པ་ཟབ་མོ་དང་། གཏད་མེད་རིག་པ་ས་ལ་ལ། །ཞེས་པ་དོན་དམ་ངེས་པའི་རིག་ངོར་མཚན་འཛིན་གྱི་དམིགས་གཏད་ཞིག་པའི་རྩ་ཤེའི་ཟབ་དོན་བསྟན་པའི་བཤད་པ་བསྐྱོན་པར་མཛད།) རྗེན་ནེ་ནེ། རིག་པ་གསལ་ལ་ལ། བདེ་བ་ཆེན་པོ་ཁྲི་ལི་ལི། ཞེས་ཇོ་ནང་ཏཱ་ར་ནཱ་ཐའི་གསུང་འབུམ་ཡིག་རྙིང་མང་པོར་འདི་ལྟར་གསལ། བཀའ་དྲིན་ཆེ།
གཞན་སྟོང་དབུ་མ་ཟེར་བ་དེ་ག་འདྲ་ཞིག་ལ་གོ་དགོས་སམ། དེ་བཞིན་རང་སྟོང་དབུ་མ་ཟེར་བ་དེ་ཡང་ག་འདྲ་ཞིག་ལ་གོ་དགོས་སམ། ཅི་ཡང་མི་ཤེས་མཁན་ང་འདྲ་པོ་མི་མང་པོ་ཞིག་གིས་རང་སྟོང་ཟེར་ན་གང་ཡིན་གཞན་སྟོང་ཟེར་ན་གང་ཡིན་མི་ཤེས་མཁན་མང་པོ་ཡོད་པ་ཐག་ཆོད། དེ་འདྲ་ཡིན་དུས་རྩོམ་ཡིག་འདི་དང་ལྷན་དུ་གུག་རྟགས་ནང་རང་སྟོང་དང་གཞན་སྟོང་གཉིས་ཀྱི་འདོད་སྟངས་གཉིས་དེ་གསལ་པོ་བྱས་ནས་འབྲི་རོགས་ཞུ། དེ་ལྟར་མ་བྲིས་ན་དམིགས་འབེན་གསལ་པོ་མེད་པར་མདའ་མི་རྒྱག་དགུ་རྒྱག་བྱས་པ་འདྲ་པོ་ཡོང་ཉན་མི་འདུག་གམ། བཀའ་དྲིན་ཆེ་ཞུ། །
དབྱེ་ཞིབ་ཟབ་རྒྱས་གནང་བའི་སྐུ་ཉིད་ཀྱི་རྩོམ་ཡིག་ཀློག་རིན་ཡོད་པ་འདི་ཉིད་སྤེལ་བར་བཀའ་དྲིན་ཆེ་ཞུ།
རིས་མེད་མ་བྱུང་པས་ཉེས་དམིགས་སུ།
་་་་་་་་་་་་ འདས་པའི་ལོ་རྒྱུས་ཀྱི་སྟེང་དུ་ཡང་རྙོག་དྲ་ཆེ་ཁག་གི་རིགས་མང་པོ་ཞིག་ཆོས་བྱེད་མི་སྣ་ཚོས་ཆབ་སྲིད་ཀྱི་དབང་ཆ་དང་རྒྱབ་བརྟེན་ཡོན་བདག་འཕྲོག་རེས་བྱེད་པ། ས་གནས་དང་དགོན་སྡེའི་བདག་དབང་རྩོད་རེས་བྱེད་པ་ལྟ་བུའི་རྒྱུ་རྐྱེན་གྱིས་བསླངས་ནས་བྱུང་ཡོད་ཅིང་། སྐབས་རེ་ལྟ་གྲུབ་མི་མཐུན་པའི་གནས་བབ་ཀྱི་སྟེང་ནས་ཀྱང་ཕན་ཚུན་འབུར་འཇོམས་བྱེད་རེས་ཀྱི་འཁྲུགས་རྩོད་རྒྱུན་མར་བྱས་ཏེ་ཆོས་དང་འཇིག་རྟེན་གྱི་འཕེལ་རྒྱས་གཉིས་ཆར་ནས་བོད་པའི་ཆོས་སྲིད་དཔལ་ཡོན་དར་འཕེལ་ལ་བསུབ་ཏུ་མེད་པའི་ལོ་རྒྱུས་ཀྱི་ནོར་འཁྲུལ་བཞག་པའི་གོ་སྐབས་བྱུང་མྱོང་། ་་་་་་་་་་་་་
རིས་མེད་གནང་པའི་ཕན་ཡོན་མིག་མཐོང་ལག་ཟིན་སྐོར་ལ།
་་་་་་་་་་ གོང་གསལ་བསྲེ་ལྷད་མེད་པའི་རྣམ་ཐར་འཁྱོངས་པར་ཤོག །གསུངས་པའི་དགོངས་དོན་ནན་ཏན་གྱིས་བཀྲལ་ཏེ་ལྟ་སྤྱོད་གཙང་མའི་ཉམས་ལེན་དང་རིས་མེད་ཉམས་བཞེས་དབར་འགལ་ཟླ་མེད་པའི་གསེད་བཀྲོལ་གསུང་བཤད་འདི་རང་ཅག་རྣམ་འབྱེད་ཀྱི་ཤེས་རབ་དམན་པ་ཚོར་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་རེད།
སྐྱབས་རྗེ་ཕ་བོང་ཁ་པ་ལྟ་བུ་བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གསུང་རབ་མ་ལུས་གདམས་པར་འཆར་བ་དང་། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང་། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་སྲུང་། །ཞེས་པའི་བྱང་ཆུབ་ལམ་གྱི་རིམ་པའི་ཆེ་བ་ཡང་ནས་ཡང་དུ་གསུང་མཁན་ལམ་རིམ་གྱི་བསྟན་པའི་བདག་པོར་བཞེངས་པ་ཞིག་གིས་ཀྱང་། བསྲེ་ལྷད་མེད་པའི་རྣམ་ཐར་འཁྱོངས་པར་ཤོག །ཅེས་པའི་གོ་དོན་འགྲེལ་སྟངས་ཚུལ་མཐུན་ཞིག་གནང་མེད་པ་ཁོང་གི་ཆབ་ཤོག་ནང་གསལ་བ་ལྟར་ལགས། ་་་་་་་་་་་
རིགས་སློབ་འཇིགས་མེད་བློ་གྲོས་ལགས། །
་
རིགས་ལམ་ལམ་དུ་སོང་བ་ཁྱོད། །
སློབ་པ་མཐར་ཐོན་རྩོམ་ཡིག་མཐོང་། །
འཇིགས་པ་མེད་པའི་བློ་གྲོས་ཀྱིས། །
རིས་མེད་གསུང་གི་སྙིང་བཅུད་བཏུས། །
་
བཀླགས་པའི་དགའ་བདེས་ལུས་སེམས་ཁྱབ། །
རྗེའི་གསུང་འབུམ་༼ཆ༽ པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་པའི་དེབ་གཟུགས་ཤོག་གྲངས་༥༢༤་ཡིག་ཕྲེང་༡༣་པར།
སྟོང་ཉིད་བསྒོམ་པའི་གནད་ནི། བྱང་ཆུབ་ཀྱི་སེམས་བཅོས་མ་མིན་པ་ཞིག་བསྐྱེད་དེ། དེ་ནས་རིགས་པས་ལེགས་པར་དཔྱོད། ལྟ་བ་ཕུ་ཐག་ཆོད་པ་དེ་ལ་ངེས་པ་དྲངས་ནས་ཡུན་རིང་དུ་མཉམ་པར་བཞག་པ་དེ་ལ་ལུས་ལ་གནད་དུ་བསྣུན་པའི་ཐབས་བསྒོམས་པས། རྫོགས་རིམ་གྱི་བདེ་བ་མ་མཐའ་ཞིག་རྙེད་པ་ནས་སྔར་ལྟར་དཔྱད་པ་མི་བྱེད་པར་སྔར་གྱི་ངེས་ཤེས་ཤུགས་དྲག་དེ་དྲན་པར་བྱས་ཏེ། སེམས་བདེ་བའི་ངོར་སོང་བ་དེས་རྩེ་གཅིག་ཏུ་རང་བཞིན་མེད་པའི་དོན་དེ་ལ་མཉམ་པར་བཞག་པས་སྟོང་པ་ཉིད་ལ་བོགས་ཐོན་ནས་སྔར་ལས་ཀྱང་ངེས་པ་ཤུགས་ཆེ་བ་དང་། བདག་འཛིན་གྱི་གཉེན་པོར་ནུས་པ་མཐུ་ཅན་དུ་སོང་ནས་གཉིས་སྣང་ལྡོག་པ་ཡིན་ནོ།།
རྣམ་རྒྱལ་གྲྭ་ཚང་གིས་དཔར་སྐྲུན་བྱས་པའི་རིམ་ལྔ་གསལ་སྒྲོན་དེབ་གཟུགས་ཀྱི་ཤོག་གྲངས་༡༨༧་ཡིག་ཕྲེང་༩པར། འོན་ཀྱང་དགའ་བ་བཞི་པ་ལྷན་སྐྱེས་ཀྱི་དགའ་བ་དང་། སྟོང་པ་བཞི་པ་འོད་གསལ་ཤར་ནས་བདེ་སྟོང་སྦྱོར་བའི་དུས་སུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་ཡང་དཔྱོད་པ་འདིར་མི་བྱེད་ཀྱི། མཉམ་གཞག་ལས་ལངས་པའི་རྗེས་ཐོབ་ཀྱི་སྐབས་སུ་དེ་ལྟར་བྱེད་པའོ།། མོས་སྤྱོད་པས་ལྷག་མཐོང་མཉམ་བཞག་ཏུ་སྐྱོང་བ་ན་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཡང་ཡང་དཔྱད་ནས་སྐྱོང་བར་ཕར་ཕྱིན་གྱི་ཐེག་པ་ནས་གསུངས་པ་དང་འདི་གཉིས་མི་འདྲའོ།།
སྤྱིར་ན་མདོ་ཕྱོགས་ཀྱི་རྗེའི་ཕྱི་རྩོམ་ཁག་དང་། སྔགས་ཕྱོགས་ཀྱང་ཕལ་ཆེ་བར་སྤྱིར་བཏང་གི་ཆ་ནས་ལྟ་བ་གཏན་ལ་འབེབས་སྐབས་མཐའ་བཞི་སྤྲོས་བྲལ་དང་། དེ་ཉིད་སྐྱོངས་སྐབས་ཅི་ཡང་ཡིད་ལ་མི་བྱེད་པ་ནི་མཐའ་གཅིག་ཏུ་འགོག་པར་མཛད་པ་རྗེའི་ལྟ་བའི་གཞུང་ཆེན་ལྔ་སོགས་མདོ་སྔགས་ཀྱི་གཞུང་རྣམས་སུ་ཤིན་ཏུ་གསལ་བ་བཞིན་དུ། སྲས་ཀྱི་ཐུ་བོ་རྣམས་པས་ཀྱང་དེ་ག་རང་གསུང་གི་ཡོད་སྟབས། མདོ་ལུགས་ཀྱི་ལྟ་བ་དང་དེ་ཉིད་སྐྱོང་ཚུལ་གནད་གཅིག་ཏུ་འབབ་ཚུལ་ནི་ཇི་ཙམ་བསམས་ཀྱང་མེད་དམ་སྙམ་པ་འཆར་མོད། རྣལ་འབྱོར་བླ་མེད་ཀྱི་སྐབས་རྣམས་དང་ལྷག་པར་དུ་རྫོགས་རིམ་གྱི་ཉམས་ལེན་མཐོན་པོའི་སྐབས་ལ་སླེབས་སྐབས། དངོས་གནས་ཁྱེད་ཀྱིས་གོང་དུ་དྲངས་པའི་མཁས་གྲུབ་ཚད་ཐུབ་ཚོའི་གསུང་ལྟར་སྒོམ་པ་ཉམས་མྱོང་གི་དབང་དུ་བྱས་ན། དཔྱད་ན་དགོངས་པ་གཅིག་ཏུ་འབབ་གསུངས་པའི་གནད་འགགས་དེ་སྐབས་འདི་འདྲ་ཞིག་ནས་ཡོང་གི་ཡོད་པ་འདྲ།
རྨོངས་འཆར་ཙམ།
རིགས་སློབ་འཇིགས་མེད་བློ་གྲོས་མཆོག་གིས་ལྟ་བའི་སྐོར་བློ་ནང་དུ་ཕྱོགས་ཏེ་བསམ་གཞིགས་བྱེད་དགོས་པ་ཞིག་བྲིས་མཛད་པར་དགའ་བསུ་ཞུའོ།
“ཆོས་རྗེ་ཇོ་ནང་པའི་གྲུབ་མཐའ་རྟེན་དང་བརྟེན་པ་བཅས་པ་དབུས་ཕྱོགས་ནས་ཕལ་ཆེར་གཞི་མེད་དུ་ཕྱིན་པ། དེ་འབྲེལ་ཐག་ཞོར་འབྲེང་དྲུད་ལྟ་བུར་པཎ་ཆེན་ཤཱཀ་མཆོག་པའི་གསུང་འབུམ་རྣམས་ཀྱང་དུས་རབས་ཉི་ཤུ་པའི་སྨད་ཆའི་བར་གྱི་ལོ་ངོ་བརྒྱ་ཕྲག་གསུམ་ཙམ་རིང་ཐོས་བསམ་སློབ་གཉེར་གྱི་ཆོས་གྲྭ་ནས་རྩ་ཡལ་དུ་གྱུར་པ།” པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་གསུང་འབུམ་པོ་ཏི་མང་པོ་བཞུགས། འདི་ཉིད་ཀྱི་གསུང་འབུམ་ན། སྨྲ་སྒོའི་འགྲེལ་པ་ཞིག་དང་། བོད་ཀྱི་བརྡའི་གནས་བྱེ་བྲག་ཏུ་རྟོགས་བྱེད། ཅེས་པ་ཞིག་ཀྱང་བཞུགས། དེ་ན་།
འདོན་པ་ཞེས་བྱ་ཟ་བ་དང་། །བཏུང་བ་གཉིས་ཀའི་སྤྱི་མིང་ཡིན། ཟེས་པ་འདི་ལ་དྭགས་པ་ལ་ཤིན་ཏུ་ནས་ཉེ་བར་མཁོ་བ་ཞིག་ཡིན། དིང་སང་ལ་དྭགས་སུ་ནོར་ནས་བྲིས་པ། མདོན་པ་ཞེས་པ་ཡོངས་གྲགས་ཆགས་འདུག་པ་དེ། བོད་སྐད་ཡི་གེ་མཁས་པས་གསུངས་པ་རྩི་བཀུར་བྱ་དགོས་ན། འདོན་པ་ཞེས་དགོས་སོ།
དྲི་བ་ཁག་།
སྩལ་བའི། བཀའ་སྩལ་ཞིང་། འདི་དག་དུས་གསུམ་ལས་གང་དུ་འཇོག
བླ་སྤྲུལ་འགའ་ཞིག་གི་དབར། ཞེས་སོགས་སུ་སྔར་གྱི་མཁས་པས་བྲིས་པ་དང་མི་མཐུན་པ་དབར་ཞེས་ད་ཡིག་སྔོན་འཇུག་དགོས་པའི་རྒྱ་མཚན། འདི་དག་ལ་ལན་འཐད་ལྡན་ཞིག་འོང་བར་སྒུག་གོ།
དགེ་སློང་ལགས།
ཡང་བསྐྱར་ཞུ་སྙིང་འདོད་པ་ཞིག་ནི། གོང་དུ་སྐུ་ཉིད་ཀྱིས་ལོ་རྒྱུས་དང་ངག་སྒྲོས་མང་པོར་གཞིར་བཞག་སྟེ་བྲིས་གནང་བའི་གསེར་མདོག་པཎ་ཆེན་འཆང་བའི་གསུང་རྩོམ་རྣམས་ལ་ཐག་ཞོར་འབྲེང་འདྲུད་ཀྱི་ཚུལ་དུ་ལོ་ངོ་མང་པོར་སྒོ་བརྒྱབ་པ། དེ་བཞིན་ཀུན་མཁྱེན་ཇོ་ནང་པའི་གསུང་འབུམ་རྣམས་དང་རྒྱལ་པ་ཀརྨ་པའི་གསུང་རྣམས་ལ་ཅིག་ཅིག་ཉུག་ཉུག་གནང་རབས་གསུངས་པ་ནི། སྐུ་ཉིད་ཀྱིས་གོང་དུ་གསུངས་པ་ལྟར་མི་ཤེས་པ་དག་གིས་ཆོས་ལུགས་ཆབ་སྲིད་ཀྱི་ལག་ཆར་སྤྱད་དེ་ཡོན་བདག་སོགས་ཅིག་ཅིག་ཟེར་བ་ལྟར་གསུང་གི་ཡོད་ན་ནི་དེར་ཟད།
དེ་མིན་༸གོང་ས་ལྔ་བ་ཆེན་པོའི་དབུས་དགེ་ལུགས་ལུགས་ཀྱི་མཁས་གྲུབ་ཚད་ལྡན་རིས་མེད་གནང་མཁན་ཚོའི་གནང་སྟངས་ངོ་མ་དེ་འདྲ་ཞིག་ཡིན་ན་ནི། ༸གོང་ས་ལྔ་བ་ཆེན་པོ་དབུས་པའི་རིས་སུ་མ་ཆད་པའི་མཁས་གྲུབ་ཚད་ལྡན་ཚོས་དེ་འདྲ་གནང་ཅི་ལ་ཤེས་སྙམ་པ་ཤར་བ་ནི་རང་གི་རྨོངས་ཚོད་ཙམ་ཡིན་ལགས། རྒྱུ་མཚན་ནི་ཁོང་རྣམས་པ་ཚོ་རང་སྟོང་གཞན་སྟོང་། མེད་དགག་མ་ཡིན་དགག་སོགས་ཚིག་གིས་བརྗོད་ཚུལ་ཇི་འདྲ་ཞིག་བྱས་ཀྱང་། དོན་གྱི་འབབ་སོ་གཅིག་ཡིན་པ་མཁྱེན་པའི་ཆོས་བརྒྱུད་རིས་མེད་ལ་མཁས་པའི་མཁས་གྲུབ་ཚད་ལྡན་ཤ་སྟག་ཡིན་པས་དེ་འདྲ་གནང་ག་ལ་མཁྱེན།
ད་དུང་རལ་གྲི་གནམ་གཡུག་དང་རྒྱུགས་པ་ལེབ་བརྡུང་བྱེད་རྐྱང་མི་གནང་བར་རྣམ་དཔྱོད་ཀྱི་བློ་མིག་དྲང་པོ་དང་ཡངས་པོ་གཟུ་བོར་ཕྱེས་ཏེ་ཕྱོགས་གཡས་གཡོན་ཚང་མར་བརྟག་རྒྱུ་མཐིལ་ཕྱིན་ཞིག་ཡོད་ལས་ཆེ་སྙམ་མོ།།
དཔྱད་ན་དགོངས་པ་གཅིག་ཏུ་འབབ། ཅེས་པའི་གསུངས་དེའི་འབབ་སའི་དགོངས་པ་དེ་གང་རེད་འདུག ཞིབ་ཏུ་བརྟགས་དགོས་པར་སེམས། དཔེར་ན་ཐེག་པ་རིམ་དགུར་འདོད་པའི་གྲུབ་མཐའ་སྨྲ་བ་ཚོས་ལྟ་བ་དང་སྤྱོད་པ་གང་ཡིན་ན་ལས། སྐས་ཀྱི་ལྡང་བུ་འཛེགས་པ་བཞིན་ཡར་ནས་ཡར་ལ་འགྲོ་ཐུབ་མཁན་ཞིག་ངེས་པར་དུ་དགོས་ཀྱི་ཡོད་པ་རེད། མར་མར་ལྷུང་ཡོང་བ་ཡིན་ན་ཐེག་པ་རིམ་དགུ་རུ་གྲུབ་མཐའི་གསང་བའམ་དབྱེ་བ་ཕྱེས་པ་ལ་རྒྱུ་མཚན་དེ་ཙམ་ཨ་ཡོད་ན། ཐེག་པ་ཆེ་ཆུང་ག་འདྲ་ཞིག་ཡིན་ན་ལས། རང་རང་གི་ལྟ་སྤྱོད་གཉིས་ཟུང་དུ་འབྲེལ་ནས་འགྲོ་དགོས་པ་མ་གཏོགས། ལྟ་སྤྱོད་མི་མཐུན་པ་ཡ་གྱེས་སོང་ན་རྩ་བ་ནས་འགྲིག་གི་ཡོད་མ་རེད། དེ་ཡང་ལྟ་བ་གང་ཡིན་པ་དེའི་དགོངས་པའི་ནུས་པ་ལས་ཐོན་པའི་སྤྱོད་པ་ཞིག་འཇོག་དགོས་པ་མ་གཏོགས། ལྟ་བ་དེ་དང་མ་འབྲེལ་བའི་སྤྱོད་པ་ཡན་བགར་བ་ཞིག་བཞག་པ་ཡིན་ན་ཆོས་ལུགས་ཡང་དག་ཅིག་ཆགས་ཀྱི་ཡོད་དང་མེད་ལ་བསམ་བློ་གཏོང་དགོས་པ་རེད། །
སྐུ་ཞབས་བོན་པོ་ལགས་ལ་ཞུ་རྒྱུར།
ཇི་སྐད་དུ་ཀུན་མཁྱེན་འཇམ་བཞད་ཀྱི་གྲུབ་ཆེ་རྩ་བ་ལས། ཕལ་ཆེར་རྒྱ་ཆེའི་ལམ་མཐུན་ཟབ་ལ་མིན།། ཞེས་ཐེག་ཆེན་པ་རྣམས་རྒྱ་ཆེ་བ་སྤྱོད་པའི་ཕྱོགས་རྣམས་ཕལ་ཆེ་བར་མི་མཐུན་པ་མེད་དེ། སྤྱོད་པའི་རྟེན་སེམས་བསྐེྱད་དང་སྤྱོད་པ་ཕྱིན་དྲུག་ཏུ་ཚང་མ་འུབ་ཀྱིས་འདུས་ཡོང་བ་ཡིན་པ་ལྟར། རང་རེ་བོད་ཁ་བ་གངས་ཅན་པའི་ལྗོངས་ཀྱི་དཔལ་ན་ལེན་དྲའི་ཆོས་བརྒྱུད་འཛིན་པ་རྣམས་ཀྱང་། སྤྱོད་པའི་ཆ་ནས་ཐེག་པ་ཆེ་ཆུང་སྔགས་དང་བཅས་པ་ཆ་ཚང་བ་ཉམས་སུ་ལེན་པ་གཅིག་པ་ཡིན་པས། དེའི་ཆ་ནས་ཕལ་ཆེ་བ་མཐུན་པར་སོང་། མི་མཐུན་པ་མེད་དེ། ལྟ་བ་མཐུན་ན་མཁས་པ་མིན། སྤྱོད་པ་མ་མཐུན་ལྟས་ངན་ཡིན། ཞེས་གཏམ་དཔེ་ཡོད་པ་ལྟར་རོ།།
དེས་ན་སྤྱོད་པའི་ཆ་ནས་དཔྱད་ན་དགོངས་པ་གཅིག་ཏུ་འབབ་མི་འབབ་ཀྱི་དཔྱད་པ་བྱེད་དགོས་ཅང་མེད་ལ། ལྟ་བའི་ཆ་ནས་མདོ་སྔགས་སོགས་རང་རང་གི་སྐབས་སུ་གཞུང་གང་ལ་ཁུངས་གཏུགས་པ་དང་། དེའི་དངོས་ཤུགས་ཀྱི་དགོངས་པ་གང་ཞིག་རྩལ་འདོན་བྱེད་མིན། དེ་བཞིན་དུ་རང་རང་ལ་བབས་པའི་བཀའ་བབ་ཀྱི་རྣམ་བཞག་དེ་གང་ཞིག་ཡིན་མིན་བཅས་ཀྱི་ཁྱད་ལས། ཆོས་བརྒྱུད་རྣམས་ཀྱི་བར་ཁྱད་པར་ཡོང་གི་ཡོད་པས། འདིར་ནི་ལྟ་བའི་ཆ་ནས་ཐམས་ཅད་མཐར་གཏུགས་ན་དགོངས་པ་གཅིག་དང་དབྱངས་གཅིག་ཏུ་ཇི་ལྟར་འབབ་ལུགས་འབབ་སྟངས་སྐོར་དཔྱད་པ་སྐབས་སུ་བབ་པོ།།
དགེ་སློང་ལགས།
གོང་གསལ་དཔྱད་རྩོམ་ནང་དུ་༸གོང་ས་མཆོག་གི་གསུང་སྔ་ཕྱི་རྣམས་འདྲེན་པ་གནང་སྟེ། ཀུན་མཁྱེན་ཇོ་ནང་པའི་གཞན་སྟོང་གི་ལྟ་བ་དང་རྗེ་རིན་པོ་ཆེའི་གསང་འདུས་ཀྱི་སྟོང་བཞིའི་རྣམ་གཞག་བཤད་པ་རྣམས་གནད་གཅིག་ཏུ་བབས་པ་དང་། དེ་བཞིན་དུ་དཔལ་མཉམ་མེད་འགྲོ་མགོན་དཔལ་ལྡན་ས་སྐྱ་བའི་བཞེད་པ་དང་གསང་འདུས་ཀྱི་བཤད་པའི་བབ་སོ་གཅིག་པ་དང་། ཕྱག་རྫོགས་སོགས་ཀྱི་དགོངས་པའི་ཟབ་གནད་དང་གསང་འདུས་སྐོར་གྱི་ཟབ་གནད་རྣམས་གཅིག་ཏུ་འབབ་ལུགས་གསུངས་ནའང་། དེ་དག་ཚུལ་ཇི་འདྲ་ཞིག་དང་ཉམས་ཇི་འདྲ་ཞིག་གི་སྒོ་ནས་གཅིག་ཏུ་འབབ་ལུགས་གསལ་ཁ་མ་བཏོད་པ་ནི། གཅིག་བྱས་ན་སྒོམ་པ་ཉམས་མྱོང་གི་ལྟ་བ་གཅིག་ཏུ་འབབ་ལུགས་ཇི་བཞིན་ཚིག་གིས་བརྗོད་དུ་མེད་པས་ཡིན་སྲིད། ཡང་མིན་ན་ཆེས་ཤིན་ཏུ་གསང་པའི་རྒྱུ་མཚན་གྱིས་འདིར་འགོད་སྟབས་མ་བདེ་བ་གང་ཞིག་ལགས། དེ་མིན་གོང་འཁོད་རྣམས་དགོངས་པ་གཅིག་འབབ་ལུགས་འབབ་སྟངས་ཇི་ལྟར་ཡིན་ཕྱོགས་ཙམ་གསུང་རྒྱུ་ཡིན་ན།
ཆོས་བརྒྱུད་རིས་མེད་ཅེས་པ་ང་ཚོ་ནང་པ་གཅིག་པ་ཡིན་པ་དང་། དེའི་ནང་ནས་ཀྱང་ཐེག་ཆེན་པ་གཅིག་པ་ཡིན་པ། རྒྱལ་བའི་གསུང་རབས་ཐམས་ཅད་ཡི་གེ་ན་གཅིག་ཚུན་ཆད་གང་ཟག་གཅིག་འཚང་བརྒྱ་བའི་ཆ་རྐྱེན་དུ་འཁྱེར་ཚུལ་སོགས་སྒྲུབ་ཕྱོགས་དང་། དེ་ལྟ་མ་ཡིན་ན་ཆོས་སྤོང་གི་ལས་ངན་ཚབས་པོ་ཆེ་གསོག་རབས་དང་། གཞན་ཡང་སྐྱོན་མང་པོ་གནའ་དེང་གང་དུའང་ཆོས་སྲིད་གང་ཅིའི་ཐད་ལྷག་གི་ཡོད་པའི་གནད་དོན་དེ་ཙམ་ལ་རེ་མི་དགོས་པར། དགོངས་པ་གཅིག་ཏུ་འབབ་ལུགས་འབབ་སྟངས་ལ་ཚད་ཇི་སྐད་དུ། བསྟན་པའི་ངང་ཚུལ་ཤེས་ནས་སྟོན་པ་ལ།། ཡིད་ཆེས་རྙེད་པས་རྟག་ཏུ་གང་བར་ཤོག། གསུངས་པ་ལྟར་ཤེས་ནས་ཐོབ་པའི་དད་པ་ཞིག་སྐྱེ་བར་བདག་ལྟ་བུའི་ལས་དང་པོ་བ་རྣམས་ལ་ཕན་ཐོགས་རྒྱ་གང་ཆེ་ཡོང་རྒྱུ་ཉག་གཅིག་ལགས་ན། དེ་དོན་དགོངས་པའི་ཡུལ་དུ་བསྲེལ་བར་མཛོད་མཛོད།
གུས་པས་འདི་ལྟར་བཤད་པའི་རྒྱུ་མཚན་ནི། སྙིགས་མ་ལྔ་བདོ་ཆེ་ཆེར་བདོ་བའི་སྙིགས་མའི་དུས་ཀྱི་མར་གཤམ་འདིར་འཁོད་པའི་སྐྱེ་བོ་མང་པོར། གོང་གསལ་བསྟན་པ་ཐམས་ཅད་གང་ཟག་གཅིག་འཚང་བརྒྱ་བའི་ཆ་རྐྱེན་དང་། ནད་ཀྱི་དབང་གིས་ཐམས་ཅད་སྨན་དུ་འགྱུར་ཚུལ། དེ་བཞིན་ནང་པ་གཅིག་པ་དང་ཐེག་ཆེན་གཅིག་པ་ཡིན་རབས་སོགས་བཤད་པ་དེ་ཙམ་གྱིས། ཁོང་ཚོའི་འདོད་བློ་ཁེངས་པ་དཀའ་བར་འདུག་སྟེ།
དཔེར་ན་དེང་སང་ལ་ལས་ཆོས་བརྒྱུད་རིས་མེད་ཅེས་པ་ནི་ཡོང་ཡ་མེད་པའི་གཏམ་ཞིག་ཡིན་རབས་དང་། ད་དུང་དེ་ནི་ཆབ་སྲིད་ཀྱི་སྐད་ཆ་ཡིན་རབས་སོགས་སྐད་གསང་མཐོན་པོས་ཡང་ཡང་སྒྲོག་པ་ནི་གཅིག་བྱས་ན་དགག་བྱ་དགོས་པ་རླབས་པོ་དེ་འདྲ་རེ་ཡོད་སྲིད་མོད། གང་ལྟར་ངས་མཐོང་ཚུལ་ནི་འདི་ལྟར་སྨྲ་མཁན་དག་གི་བསམ་པར་ཆོས་བརྒྱུད་རིས་མེད་ཅེས་པའི་གཏམ་ཞིག་ཐོས་ཙམ་ཉིད་ནས། ཆབ་སྲིད་ཀྱི་གཡོ་བྱུས་དང་ཡང་ན་མདོ་མེད་ཀྱི་གཏམ་ཞིག་ཏུ་གོ་འགྲོ་གི་ཡོད་པས།
དགོངས་པ་རྣམས་གནད་གཅིག་ཏུ་འབབ་ལུགས་འབབ་སྟངས་སྐོར་རྣམས་དེ་དག་ཕན་ཚུན་བར་འབྲེལ་ཡོད་ལུགས་ཙམ་གྱིས་ད་དུང་གསལ་བོར་གོ་མི་ཐུབ་པས་ན། ཇི་ལྟར་འབྲེལ་སྟངས་དང་དགོངས་པ་གཅིག་ཏུ་འབབས་ལུགས་འབབ་སྟངས་ཇི་འདྲ་ཞིག་ཡིན་མིན་གསལ་ཁ་བཏོད་ན། ཁ་ཅིག་འདི་དག་གིས་ལྟོ་ཅོར་རྣམས་དོན་མེད་དུ་ཕྱིན་ཏེ། ཤེས་རབ་དང་ཉམས་ལེན་གྱི་འོད་སྣང་ཅུང་ཟད་རེ་ཡིན་རུང་རིས་མེད་བསྟན་འགྲོའི་གསོས་སུ་རྒྱས་པའི་རྟེན་འབྲེལ་དང་ཕན་ཐོགས་ཆེ་བར་འདུག་གོ།
བཀའ་དྲིན་ཆེ།
བློ་སྦྱིན་ལགས།
དབུ་མ་ཐལ་འགྱུར་བའི་རང་རྐང་རྐྱང་པའི་སྟེང་ནས་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་ཅེས་པ་དེ་ཆ་ཚང་བ་ཞིག་འཇོག་ཐུབ་ཀྱི་མེད་པ་ཡིན་དུས། གསང་བ་སྔགས་ཀྱི་ཉམས་ལེན་ཁྱད་དུ་འཕགས་པ་དེ་འདྲ་མར་གཡར་པོ་ཞུས་པ་རེད། འདི་སྤྱོད་པ་མཐུན་སོང་བའི་རྒྱུ་མཚན་ཨ་ཡིན་ན། རང་ཉིད་ལ་མེད་སོང་དུས་གཞན་གྱི་ས་ནས་གཡར་དགོས་ཐུབ་པ་རེད། དེའི་བཀའ་དྲིན་ལ་བརྟེན་ནས་གཞན་དོན་དུ་གཟུགས་སྐུ་རྣམ་གཉིས་བསྒྲུབ་བྱེད་ཀྱི་རྒྱུ་ཡོད་མདོག་བྱས་པ་དང་། དོན་དུ་ལོངས་སྤྱོད་རྫོགས་སྐུ་ཟེར་བ་དེ་ཚོ་སྔགས་ལུགས་ཀྱི་འཐོབ་བྱའི་འབྲས་བུ་ཡིན་པ་རེད། གྲུབ་མཐའི་ངོ་བོ་ཡོད་ཙམ་བྱུང་བ་འདི་གཙོ་བོ་གསང་བ་སྔགས་ཀྱི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་བྱུང་བའི་ཟོལ་འདྲ་མི་འདུག་གམ། །
དེང་སང་ཁྱེད་ཅག་གིས་་་དཔལ་ན་ལེན་དྲའི་ཆོས་བརྒྱུད་་་ཅེས་པའི་མིང་བརྡ་གསར་པ་ཞིག་བཟོས་འདུག་མོད། མིང་བརྡ་འདི་ལ་འགྲེལ་བཤད་རྒྱབ་ན་ག་འདྲ་ཞིག་རྒྱག་དགོས་པ་རེད་དམ། །
དྲ་གྲོགས་ཡོངས་ནས་ཐུགས་སྣང་གནང་བར་བཀའ་དྲིན་ཆེ།
རང་སྟོང་གཞན་སྟོང་དབྱེ་ཁྱད་ཀྱི་འགྲེལ་བཤད་བྱུང་ན་གསུངས་པའི་རེ་འདུན་ལྟར། འདིའི་སྐོར་རང་གི་འཆར་སྣང་ཉུང་བསྡུས་ཤིག་དྲ་ཐོག་ཏུ་འགོད་ཆོག་པ།
དྲ་གྲོགས་བློ་སྦྱིན་ལགས་ནས་ལུང་གལ་ཆེན་དེ་འདྲ་དྲངས་གནང་པར་ཐུགས་རྗེ་ཆེ།
འདིར་གཙོ་བོ་༸གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་ཀྱི་མྱོང་བཞེད་དང་འབྲེལ་ནས་རང་སྟོང་གཞན་སྟོང་གི་བར་མཐུན་ཆ་ཡོད་པའི་ཁོང་གི་གསུང་བཤད་ཁག་དྲངས་པ་ཙམ་ཡིན་གྱི། རང་གི་ཉམས་མྱོང་ལ་དེ་འདྲ་ཞིག་འཆར་རྒྱུ་འདུག་ཅེས་ཞུ་ཡི་མེད། འོན་ཀྱང་འདིའི་སྐོར་ཐོས་པའི་གོ་བ་དང་འབྲེལ་ནས་མཐུན་ཆ་ཇི་ལྟར་ཡོད་པའི་འཆར་སྣང་ཙམ་ཞིག་ཡང་དག་མིན་ལ་མི་ལྟོས་པར་བརྗོད་པར་སྤྲོ་སྟབས། དེ་ཡང་དྲ་ཐོག་ཏུ་འགོད་ཐབས་ཞུ་འཐུས།
མཁྱེན་སྤྱན་མཆོག་ཏུ་ཡངས་ཤིང་བོད་ཀྱི་རིག་གཞུང་ལ་ཐུགས་རྩིས་ཤིན་ཏུ་ཆེ་བའི་མཁས་པ་རྒན་འཇམ་དཔལ་ལགས། དབར་ཞེས་པ་བར་གྱི་བརྡ་རྙིང་ཡིན་པར་དག་ཡིག་གསར་སྒྲིག་ཏུ་འབྱུང་ཞིང་བོད་རྒྱ་ཚིག་མཛོད་དུ་ཡང་དེའི་འབྲི་ཚུལ་གཞན་དུ་གསུངས„། གུས་པར་ནི་ངག་གི་གཤིས་ཀ་རང་ལ་ཚིག་དེ་རང་ཆས་སུ་འདུག་པ་ཆུང་དུས་སློབ་གྲྭ་འགྲིམ་པའི་སྐབས་ནས་བཞག་པའི་བག་ཆགས་ཡིན་ནམ། ཕྱིས་གསུང་རབ་རྙིང་པ་ནས་མཇལ་བའི་གོམས་པ་ཡིན་ཞུ་ཚོད་ཐིག་མ་སོང་། བར་གྱི་བརྡ་རྙིང་ཡིན་གསུངས་པར་གཞིགས་ན་གསུང་རབ་རྙིང་པ་རྣམས་སུ་ཡང་ཡོད་ངེས།
བོད་ཀྱི་རིགས་ལམ་ལ་རབ་ཏུ་གཅེས་ཤིང་། རྣམ་དཔྱོད་ཀྱིས་རིགས་བརྒྱའི་རྒྱ་སྒོ་འབྱེད་པར་བརྩོན་པ་འཇིགས་མེད་བློ་གྲོས། མཆོག་གིས་ལན་སྩལ་པར་བཀའ་དྲིན་ཆེ། བཀའ་བསྟན་དང་། གསུང་འབུམ། བུ་སྟོན་སོགས་ཚད་ལྡན་གྱི་ཡིག་ཆ་རྣམས་ན། བར། ཞེས་པ་མ་གཏོགས། དབར། ཞེ་པ་བདག་གིས་ད་བར་དུ་མ་མཐོང་།
་
བོད་རྒྱ་ཚིག་ཆེན་མོ་མགོ་རྩོམ་པ་པོ་ཀྲར་དབྱི་སུན་གྱིས། འདི་ལྟར། ལོ་ན་དགུ་བཅུར་སླེབས་ཉེ་བའི་རྒད་པོ་བདག་ལ་དགའ་སྤྲོ་དཔག་མེད་སྐྱེས་པར་མ་ཟད། ཅེས་གསུངས། དེའི་རྗེས་ལོ་ངོ་ཁ་ཤས་རིང་ལ་བོད་སྐད་ཉམས་པས། སྤུས་གཟིགས་གནང་བ་མ་ཟད། མ་ཟད་ཀྱི་གོང་ར་ཡིག་མེད་པར་བྲིས། སྒྲ་གདངས་མཉམ་པས་བོད་སྐད་དག་ཆ་འཆལ་ཆོལ་དུ་གྱུར་དང་འགྱུར་བཞིན་པ་དེ་དག་པར་འདོད་ན། བོད་རྒྱ་རྩོམ་སྒྲིག་ཚོགས་ཆུང་གིས་དེབ་འདིའི་ནང་སྐྱོན་དང་ནོར་འཁྲུལ་མི་ཉུང་བ་ཞིག་ཡོད་ངེས་ ་ ་ ་ སྐྱོན་བརྗོད་དང་ནོར་བཅོས་མཛད་རོགས་ཞེས་ང་ཚོས་སྙིང་ནས་གསོལ་བ་འདེབས་པ་ལགས། ཞེས་བྲིས་པར་དེང་གི་བོད་ཀྱི་མཁས་པ་སུས་ཀྱང་ཡི་གེའི་ལན་བྲིས་སམ། ཁྱེད་སོགས་གཞོན་པ་རྣམས་ཀྱིས་འདིའི་སྐོར་ལ་དགོངས་བཞེད་དགོས། བོད་ཀྱི་མཁས་པས་བྲིས་པའི་དཔེ་ཆ་དག་པ་དང་བསྡུར་ཏེ། ཚིག་མ་དག་པ་རྣམས་ཚིག་མཛོད་དེ་དག་ན་ཡོད་པ་སེལ་དགོས་པ་གལ་ཆེ། དཔེར་ན། སྩོལ་བ། བསྩལ་བ། བསྩལ་བ། སྩོལ། ཞེས་བྲིས་པ་བོད་ཀྱི་མཁས་པ་རྣམས་ཀྱིས་བྲིས་པའི་དཔེ་ཆ་དག་དང་མི་མཐུན་པར་མ་ཟད་དེ་དག་གི་དོན་བསྡུས་པ་རང་ཅག་ལ་ལྟ་བདེའི་ཆེད་བྲིས་པའི་སྔོན་གྱི་དག་ཡིག་རྣམས་དང་འགལ། སྩོལ་གྱི་འདས་མ་འོངས་གང་ལ་ཡང་བ་སྔོན་འཇུག་མེད་པ་དང་། འོན་ཀྱང་དེ་ཉིད་ཀྱི་འདས་པ་ལ་ད་བཤུལ་ཡོད་པས། སྩལ་པ་དང་། སྩལ་ཅིང་། ཞེས་དགོས།
འོན་ཀྱང་བོད་རྒྱ་ཚིག་མཛོད་སོགས་སུ་ནོར་འཁྲུལ་བྱུང་བ་ནི། དངུལ་དབྱངས་ཅན་གྲུབ་པའི་རྗོ་རྗེས།
་
ད་ལྟ་བ་ལ་བའི་སྔོན་འཇུག །ཉུང་ཞིང་མགོ་ཅན་ད་ལྟ་བར། །བས་འཕུལ་མེད་པར་ངེས་པ་ཙམ། །གཞན་ཡང་བས་འཕུལ་ཅན་ཕལ་ཆེར། །བྱེད་པ་པོ་ནི་ད་ལྟ་དང་། །བྱ་ཡུལ་མ་འོངས་པར་བསྡུས་ནས། །འདས་ལ་བས་འཕུལ་ཡང་འཇུག་ཡོད། །ད་ལྟ་བ་ལ་གཉིས་ཀ་མེད། །མ་འོངས་འཕུལ་ཡོད་ཡང་འཇུག་མེད། །སྐུལ་ཚིག་འཕུལ་མེད་ཡང་འཇུག་ཡོད། །སྐབས་འགར་འདས་དང་སྐུལ་ཚིག་ལ། །ས་རྐྱང་སྦྱར་བས་འཐུས་པའང་ཡོད། །
་
འདིའི་སྐབས་ཀྱི་ཕལ་ཆེར་ཞེས་པའི་ཚིག་དེ་ལ་བལྟོས་མེད་བྱས་པ་ལས་བོད་སྐད་ལ་གནོད་པའི་རྐྱེན་དུ་གྱུར་ཏོ།
ཁོ་བོ་མི་རྒན་གྱིས་བྲིས་པར་ཡིག་ནོར་ལ་ཞུས་དག་དང་། རིགས་པ་དང་མཐུན་པའི་དགག་པ་ལ་དགའ་བསུ་ཞུའོ།
སྐུ་ཞབས་བོན་པོ་ལགས་ལ་ཞུ་རྒྱུར།
བརྡ་ཆད་གསར་པ་ཞིག་ཡིན་ཀྱང་དོན་དངོས་དང་མཐུན་ཞིང་དེ་ལྟར་སྦྱར་ན་དགེ་མཚན་ལྷག་ཏུ་ཆེ་བ་ཞིག་ཡོད་ན་བརྡ་ཆད་དེ་ཉིད་ཅིས་ཀྱང་སྦྱར་འོས་ལ། ཡང་བརྡ་ཆད་གང་ཞིག་ལ་ལོ་རྒྱུས་ཀྱི་དུས་ཡུན་དང་སྤྱོད་སྒོ་ཅི་ཙམ་ཆེ་ན་ཡང་། ཕན་ལས་གནོད་ཆེ་བ་ཞིག་ཡོད་ན་སྐྲག་དགོས་དོན་མེད་པར་ཅིས་ཀྱང་འདོར་བར་རིགས་སོ།།
བོད་ཁ་བ་གངས་ཅན་ལྗོངས་ཀྱི་གདོད་མའི་ཆོས་ལུགས་གཡུང་དྲུང་བོན་གྱི་ཆོས་ལུགས་ལ་དབྱེ་ན། གཤེན་བོན། འཁྱར་བོན། བརྡོལ་བོན། བོན་དཀར། བོན་ནག བོན་ཁྲ་སོགས་དབྱེ་བ་མང་པོ་ཞིག་ཡོད་སྐད་འདུག་ཀྱང་། དེང་གི་དུས་སྐབས་འདིར་ནི། ངེས་དོན་གྱི་སེམས་དཔའ་ཆེན་པོ་དཔལ་རྒྱལ་བ་སྨན་རི་ཁྲི་འཛིན་མཆོག་གིས་དབུས་པའི་འོ་སྐོལ་གངས་ཅན་པ་ཚང་གི་གདོད་མའི་ཆོས་ལུགས། གཡུང་དྲུང་བོན་གྱི་བསྟན་པའང་སྒོ་གང་ས་ནས་སྤུས་ཇེ་དག་དང་ཇེ་དག་ཏུ་ཕྱིན་ཏེ། ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་པ་འདི་རེད།
དེང་གི་གཡུང་དྲུང་བོན་གྱི་བཤད་གྲྭ་རྣམས་སུ་སློབ་གཉེར་གནང་བཞིན་པའི་དཔེ་དེབ་ཁག་ལ་མཚོན་ན། ཕལ་ཆེ་བ་དཔལ་ན་ལེན་དྲའི་མཁས་གྲུབ་ཆེན་པོ་རྣམས་ཀྱིས་མཛད་པའི་བསྟན་བཅོས་ཚད་ཐུབ་ཁག་ཡིན་པས། འོ་ན་རང་ཉིད་དཔལ་ན་ལེན་དྲའི་ཆོས་བརྒྱུད་འཛིན་མཁན་ཞིག་ཡིན་པའི་སྤོབས་པ་སྐྱེ་རིགས་ཀྱི། དཔལ་ན་ལེན་དྲའི་ཆོས་བརྒྱུད་ཅེས་པའི་ཐ་སྙད་རྣ་བར་གོ་ཙམ་ནས་དེ་འདྲའི་དྭོགས་འདྲོགས་རྣོ་ངར་ཅན་བྱེད་དགོས་དོན་ཅང་ཨེ་ཡོད་ན།
ཚོགས་བསགས་པ་དང་སྒྲིབ་པ་སྦྱོང་བ། དེ་གཉིས་གཞན་དོན་དུ་སྐུ་བཞིའི་བདག་ཉིད་ཅན་གྱི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་རྒྱུར་འགྲོ་ངེས་སུ་བྱེད་པ་བཅས་ཀྱི་ནང་དུ་མ་འདུས་པའི་སྤྱོད་པ་ཞིག་འོ་སྐོལ་ཐེག་ཆེན་པར་ཁས་འཆེས་པ་དག་ལ་ཡོད་དམ་ཅི།
མདོ་སྔགས་གཉིས་གཟུགས་སྐུའི་ཉེར་ལེན་ལྷ་ཡི་རྣལ་འབྱོར་བསྒོམ་པ་ཡོད་མེད་ཀྱི་ཕྱེ་བ་ནི། མདོ་ལ་མེད་པའི་སྔགས་ཀྱི་ཟབ་ཁྱད་བླ་ན་མེད་པ་དེ་ཡིན་གྱི། དེ་ཉིད་མདོ་སྔགས་སོགས་ཐེག་ཆེན་པའི་སྤྱོད་པ་ཚ་གྲང་ལྟར་འགལ་བའི་དཔེར་ཅི་ལྟར་རུང་།
སྐུ་ཞབས་བོན་པོ་ལགས་བཀའ་འདྲི་ཞུ་རྒྱུར།
གཡུང་དྲུང་བོན་གྱི་མདོ་སྔགས་ཀྱི་བསྟན་པའི་ལྟ་བ། སྤྱོད་པ། སྒོམ་པ་བཅས་སྤྱིའི་ཁོག་འབུབ་དེ་ཅི་འདྲ་ཞིག་ཡིན་ནམ། དེ་ཉིད་བཤད་པའི་ཁུངས་དང་རྒྱུན་གང་ལ་གཏུགས་སམ། དབུ་མ་པ་ནི་ཡིན་རྐྱང་ཡིན་ན། འོ་ན་རང་སྟོང་དབུ་མ་དང་གཞན་སྟོང་དབུ་མ་གང་ཡིན། མཚན་ཉིད་ཐེག་པ་རིམ་དགུ་དཔལ་མཉམ་མེད་འགྲོ་མགོན་སྔ་འགྱུར་པས་བཞེད་པའི་ཐེག་པ་རིམ་པ་དགུ་དང་འདྲའམ་མི་འདྲ་གང་ལགས།
ཐེག་ཆེན་པའི་སྤྱོད་པ་ཕལ་ཆེ་བ་མཚུངས་གསུངས་པར་ཐུགས་འདོད་མེད་པར་བལྟས་ན། འོ་ན་གང་མི་མཚུངས་པའི་ཐེག་ཆེན་པའི་སྤྱོད་པ་འགངས་ཆེ་བ་དེ་རྣམས་ཀྱང་གང་དང་གང་ལ་ངོས་འཛིན་བྱེད་ལགས།
སྐུ་ཉིད་ཀྱི་མཚན་ལ་མཇལ་ཚེ་གཡུང་དྲུང་བོན་ལུགས་པ་ཞིག་ཡིན་པ་སྣང་བས། འོ་ན་གཡུང་དྲུང་བོན་གྱི་བསྟན་པའི་ངོ་སྤྲོད་གནད་བསྡུས་ལ་ཆ་ཚང་པའི་སྙིང་དོན་མདོར་བསྡུས་ཤིག་གསུང་ན་གུས་པའི་རྨོངས་མུན་སེལ་བར་ཕན་ཐོགས་རྒྱུ་ཉག་གཅིག་ལགས་པས། དེ་ལུགས་ཐུགས་ལ་བསྲེལ་བར་མཛོད་ལགས།
རྩོམ་པ་པོ་རིགས་སློབ་འཇིགས་བློ་ལགས་དང་སྐུ་ཞབས་ལ་དྭགས་འཇམ་དཔལ་གཉིས་ཀྱི་བགྲོ་གླེང་གི་བར་ཚ་ཅུང་ཟད་ཅིག་འདེབས་ཆོག་པའི་གནང་བ་ཞུ།
གངས་ལྗོངས་དང་པོའི་སློབ་དཔོན་མཁས་མཆོག་ཐུ་མིས་རྟག་འཇུག་ཏུ། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།། ཞེས་གསུངས་པའི་བསྟན་དོན་ལྟར་བསྩལ་ཞེས་པའི་བྱ་ཚིག་འདིའི་དུས་གསུམ་གྱི་རྣམ་གཞག་ཀྱང་། དཔེར་ན་བསྒྲུབ་བྱ། སྒྲུབ་བྱེད། བསྒྲུབས། སྒྲུབས་ཤིག་ཅེས་པ་ལྟར་འདི་ཡང་བསྩལ་བྱ། སྩོལ་བྱེད། བསྩལད། སྩོལད་ཅིག ཅེས་་པ་འདི་བཞིན་ཅིས་ཀྱང་འོང་དགོས་རྒྱུ་ལ། མང་པོ་ཞིག་གིས་འདིའི་འདས་ཚིག་ཏུ་སྩལ་འབྲི་བ་ཡང་ཕྱག་ལེན་དུ་སྣང་། དེས་ན་སྨྱོ་ཧམ་ཆེ་ཙམ་བྱས་ནས་ཞུས་ན། བར་ལམ་ཞིག་ནས་མ་དག་རྒྱུན་འབྱམས་སུ་སོང་བར་སྨྲ་དགོས་སམ་གང་ལྟར་ཐོན་མིའི་རྩ་གཞུང་དང་ནི་འགལ་བ་ཡིན་པ་འུ་ཅག་གིས་མངོན་སུམ་གྱིས་གྲུབ་པ་འདི་རེད།
དེས་ན་མིག་སྔར་ང་ཚོའི་མདུན་དུ་ལྷགས་པའི་འདམ་ཀ་དེ་ནི། སློབ་དཔོན་གྱི་རྩ་གཞུང་བསྐྱུར་རྒྱུ་དེའམ་ཡང་ན་མ་དག་རྒྱུན་འབྱམས་སུ་སོང་བའི་རང་སྐྱོན་ངོས་ལེན་བྱས་ཏེ། ཕྱིན་ཆད་ལེགས་པར་བསྡམས་ཏེ་རྩ་གཞུང་གི་འགྲོས་ལྟར་དཀྱུས་གཅིག་ལ་ཕེབས་རྒྱུའི་འདམ་ཀ་དེ་གཉིས་ལས་མ་འདས་བར་སྙམ་མོ།།
དབར་དང་བར་གྱི་ཁྱད་པར་ཡང་བརྡ་གསར་རྙིང་ཙམ་ཞིག་ཨེ་ཡིན་ནམ་སྙམ། མི་དང་མི་ཕན་ཚུན་བར་གྱི་འབྲེལ་བའི་དོན་ཅན་དུ་ནན་ཆེར་བྱས་ཏེ༼དབར༽ ཞེས་པ་འདི་དང་། ཡང་སྤྱིར་བཏང་གི་བར་ཐག་སོགས་ཀྱི་དོན་ཅན་དུ་བར་ཞེས་པ་འདི་འབྲིའམ་སྙམ་པས་ནོར་འཁྲུལ་དུས་ལྟར་ཡོ་བསྲང་གནང་བར་ཞུ།
དཔྱོད་ལྡན་རྩོམ་པ་པོ་རིགས་འཇིགས་བློ་ལགས་དང་སྐུ་ཞབས་ལ་དྭགས་འཇམ་དཔལ་ལགས་ཀྱི་དབར་ཚ་ཅུང་ཞིག་འདེབས་ཆོག་པའི་གནང་བ་ཞུ།
གངས་ལྗོངས་དང་པོའི་སློབ་དཔོན་དགེ་རྒན་ཐུ་མི་མཆོག་གིས་རྟགས་འཇུག་རྩ་བར། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།། ཞེས་གསུངས་པའི་རྩ་དགོངས་ལྟར་དཔེར་ན་བསྒྲུབ་བྱ། སྒྲུབ་བྱེད། བསྒྲུབས། སྒྲུབས་ཤིག ཅེས་པ་ལྟར་བསྩལ་བྱ། སྩོལ་བྱེད། བསྩལད། སྩོལད་ཅིག ཅེས་འོང་དགོས་རྒྱུ་ལ་དེ་ལྟར་མི་འབྲི་བར་བསྩལད་ཀྱི་འདས་ཚབ་ཀྱི་སྩལ་ཞེས་འབྲི་བའི་ཕྱག་ལེན་ཡང་ཡོད་ད་བར་དུ་ཡོད་པ་འདི་རེད།
དེས་ན་ང་ཚོའི་མདུན་དུ་ལྷགས་པའི་འདམ་ཀ་ནི་སློབ་དཔོན་གྱི་རྩ་གཞུང་བསྐྱུར་རྒྱུ་དེའམ་ཡང་ན་བར་སྐབས་ཤིག་ནས་དར་བ་དེ་ཉིད་མ་དག་རྒྱུན་འབྱམས་བྱེད་རྒྱུ་དེ་རེད།
སྤྱིར་ན་སྔོན་གྱི་ཡིག་རྙིང་ལའང་དེ་ཙམ་དུ་ནི་ཆ་བཞག་རྒྱུ་ཨེ་ཡོད་སྙམས་ཏེ། རྒྱུ་མཚན་ནི་ང་ཚོས་འདི་ནས་ཡར་ཡིག་རྙིང་དག་ལ་ཅིག་བལྟས་ཚེ་ཚིག་གཅིག་གི་དག་ཆའི་ཐད་ལའང་འདྲ་མི་འདྲ་བྲིས་ཡོད་པ་མཐོང་གསལ་ལྟར་རོ།། སློབ་དཔོན་གྱི་རྩ་གཞུང་ལ་བསྟུན་ཅི་ཐུབ་བྱེད་རྒྱུ་ཅིས་ཀྱང་གལ་ཆེ་བར་འདོད་དེ། གཞན་དུ་ན་རང་སྣང་གང་ཤར་བྱེད་རྒྱུ་མང་དྲགས་ན་སློབ་དཔོན་འཇམ་པའི་དབྱངས་ཀྱིས་བཟོས་གནང་བའི་བྷོ་ཏྲའི་སྐད་ཡིག་གི་སྒྲིག་གཞི་དང་རྨང་གཞི་བསྟོར་བར་འགྱུར་བའི་ཕྱིར་རོ།།
དབར་དང་བར་གྱི་ཁྱད་པར་ཡང་བརྡ་གསར་རྙིང་ཙམ་ཞིག་ཨེ་ཡིན་འདོད་དེ། མི་དང་གྲོགས་པོ་ཕན་ཚུན་དབར་སྟོན་པའི་དོན་དུ་ནན་ཆེར་བྱས་ཏེ་༼དབར༽ཞེས་པ་འདི་འབྲི་ལ། སྤྱིར་བཏང་གི་བར་ཐག་སོགས་ཀྱི་དོན་དུ་༼བར༽ འབྲི་བར་སྣང་། རྨོངས་པའི་དབང་གིས་ལོག་བཤད་དང་ཉེས་བཤད་གང་ཞིག་ཡིན་ཀྱང་དུས་ལྟར་ཡོ་བསྲང་ཡོད་པ་མཁྱེན་མཁྱེན་ཞུ།
རིགས་སློབ་འཇིགས་བློ་ལགས་ཀྱིས་ཐེངས་འདིའི་ཆོས་བརྒྱུད་མཁས་དབང་ཁག་གི་བགྲོ་གླེང་ཐོག་དགོངས་ཚུལ་གསུངས་པ་ནི། ཧ་ཅང་གི་གལ་ཆེ་ཞིང་ཞིབ་མཇུག་པ་མཁས་པའི་ཉམས་མྱོང་གི་སྡོམ་ཚིག་ཅིག་བཞག་སྣང་སྟེ་རྣམ་དཔྱོད་དང་ལྡན་པའི་བསམ་དོན་ཡིན་པའི་ཕྱིར་རོ།།
ཞར་བྱུང་གོང་དུ་ཧེ་བཛྲ་ལགས་ཀྱིས་གསུངས་པའི་བཀའ་མོལ་ལ་ཅིག་གཟིགས་རོགས།
ད་དུང་ཞར་བྱུང་གཞན་ཞིག་ནི་ངས་སྐུ་ཉིད་ཀྱི་དཔྱད་རྩོམ་འོག་ཏུ་མཆན་བྲིས་པ་ཏོག་ཙམ་མང་དྲགས་པས་ཚོར་སྣང་བྱུང་བས་དེ་ལ་ཡང་དགོངས་སེལ་ཞུ་རྒྱུ་ཡིན།
ལྷན་རྒྱས་ལ་བཀའ་དྲིན་ཆེ་ཞུ་ལགས།
གྲུབ་མཐའ་ཕན་ཚན་ཆགས་སྡང་མི་ཉན་པའི་གནད་དང་་གྲུབ་མཐའ་གཞན་གྱི་ལྟ་སྤྱོད་དང་རང་གི་གྲུབ་མཐའ་བར་ཁྱད་དང་སྐྱོན་ཡོན་ཤེས་དགོས་ཀྱི། དེ་མིན་སུ་བཤད་ཀྱང་བདེན་བདེན་འདྲ་ལས་ལེགས་ཉེས་འབྱེད་པའི་ཤེ་རབ་དཀོན་པར་སྣང་། གྲུབ་མཐའ་རབ་འབྱམས་ཡིན་ཁུལ་གྱིས་ཉོག་བཤད་ལ་ཡི་རང་བའི་གནས་མེད་དོ།། གལ་སྲིད་ཆོས་རྒྱུད་རིས་མེད་གཅིག་བྱེད་བསམ་ན་ས་དགེ་བཀའ་རྙིང་ཇོ་ནང་བོན་དང་ཁ་ཆེ་ཡེ་ཤུ་བཅས་བོད་ལ་ཡོད་པའི་ཆོས་ཚང་མ་ལ་རིས་མེད་གཅིག་བྱེད་ཐུབ་བམ། འོ་ན་སྟོན་པ་གཅིག་གི་རྗེས་འབྲང་ལ་ཡིན་ཟེར་ན། མི་འཐད་དེ། སྤྱིར་ནང་པའི་གྲུབ་མཐའི་ལྟ་གྲུབ་ཚང་མ་ལྟ་བ་གཅིག་དུ་གང་འདྲ་བྱེད་ནས་བསྒྲིལ་ཡ་ཡིན་གསུངས་དང་། ཆེས་མི་རིག་པ་ཁོ་ན་བཤད་བཞིན་འགལ་བ་ཡོངས་སུ་དང་དུ་བླང་ན་ཡ་མཚན་ལས་གཞན་ཅི། བོད་ཀྱི་གྲུབ་མཐའ་རེ་རེ་ནས་གྲུབ་སྟངས་གཏིང་ནས་མ་ཤེས་པའི་བླུན་པོ་དག་གི་སྨྲ་བ་ཉུང་ན་ཤིན་ཏུ་མཛེས་སོ། རང་བསྟན་རང་གི་སྐྱོང་པ་གང་ཞིག་བསྟན་པ་གཞན་པའི་ཡོན་ཏན་ལ་གུས་བསྐུར་བྱེད་དགོས་པའི་ཚུལ་ཤེས་དགོས། དེར་མ་ཟད་བསྟན་པ་གཞན་གང་འདྲ་ཡིན་ཡང་གུས་བསྐུར་ལས་སྡང་སེམས་བྱེད་མི་ཉན་པ་ནི་བཅོམ་ལྡན་འདས་ཀྱིེས་ཀྱང་གསུངས་སོ། སྔར་མ་བྱུང་བའི་བསྟན་བདག་དང་བསྟན་འཛིན་་བྱེད་འདོད་ཀྱིས་བཤད་ཉོག་ཆེས་མང་པས་སོ།།
བགྲོ་གླེང་འོ་མཚོ་སྲུབ་པ་ལས།
བོད་ཡིག་མར་གྱི་དག་ཆ་སྐྱེ།
འབྱུང་ན་གཞུང་དཔེ་དག་བཀླགས་ཏེ།
ཡི་གེ་འགྲོ་སྟངས་ཤེས་གལ་ཆེ།།
་
ཁོ་བོས་བོད་དུ་སློབ་གཉེར་དུས།
ངག་གི་སྒྲོན་མའིདཔེ་ཞིག་མཇལ།
དེ་ཉིད་བཀླགས་པས་མིང་ཚིག་རྣམས།
འབྲི་བའི་ཚུལ་རྣམས་གསུངས་པ་མཐོང་།།
་
དེ་ལྟར་ཡིན་ན་རང་ཉིད་ཀྱི།
བློ་འཛིན་བྱས་དང་བཀླགས་པ་ཡི།
མིང་ཚིག་དག་པར་བརྩོན་པ་དགོས།
དམིགས་བསལ་ངག་སྒྲོན་སྦྱང་མི་དགོས།།
་
ཞེས་པ་ཁོ་བའི་ཡིད་ལ་ཤར།
དེ་ལྟར་བྱས་པས་རིག་བརྟུལ་ཀྱང་།
ཡི་གེ་དག་པར་འབྲི་ཁུངས་སུ།
བརྩིས་ཏེ་འགའ་རེའི་དྲི་བ་བྱུང་།།
་
དེ་ལྟར་མང་དུ་འབྲི་དགོས་ཀྱང་།
དུས་ཀྱིས་ལྡང་བ་མེད་པ་ན།
དགོངས་ཟན་ཟོས་ཏེ་གཉིད་ལོག་དགོས།
སྔ་དྲོ་གཞན་དུ་འགྲོ་དགོས་ཡོད།།
གངས་ལྗོངས་དང་པོའི་སློབ་དཔོན་དགེ་རྒན་ཐུ་མི་མཆོག་གིས་རྟགས་འཇུག་རྩ་བར། ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།། ཞེས་གསུངས་པའི་རྩ་དགོངས་ལྟར་དཔེར་ན་བསྒྲུབ་བྱ། སྒྲུབ་བྱེད། བསྒྲུབས། སྒྲུབས་ཤིག ཅེས་པ་ལྟར་བསྩལ་བྱ། སྩོལ་བྱེད། བསྩལད། སྩོལད་ཅིག ཅེས་འོང་དགོས་རྒྱུ་ལ་དེ་ལྟར་མི་འབྲི་བར་བསྩལད་ཀྱི་འདས་ཚབ་ཀྱི་སྩལ་ཞེས་འབྲི་བའི་ཕྱག་ལེན་ཡང་ཡོད་ད་བར་དུ་ཡོད་པ་འདི་རེད།
གཉིག་ལོག་པའི་དུས་ལ་སླེབས་ཀྱང་། བློ་སྦྱིན་མཆོག་གི་དཀའ་གནད་ཆེ་བའི་གོང་གསལ་གྱི་རབ་བྱེད་དེ་ལ་ལན་མ་རྒྱབ་ན།་བོད་ཀྱི་སྐད་ལ་གནོད་པས། གཉིད་ལོག་པ་ལས་འདི་ཉིད་རྩད་ཆེ་བར་མཐོང་། སྤྱིར་སྐད་སྔོན་དུ་འབྱུང་བ་དང་། དེ་ནས་བརྡ་སྤྲོད་འབྱུང་བ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་བཞེད། བཀྲས་མཐོང་ཐུབ་བསྟན་ཆོས་དར་གྱིས་པའི་དེབ་དེ་ཀློག་ཐུབ་ན་དེར་གསལ། ད་ལྟ་རར་རེའི་ལག་ཏུ་ཡོད་སུམ་རྟགས་ནི་སློབ་དཔོན་ཐོན་མི་ལ་ཁ་འཕངས་པ་མ་གཏོགས། ཕྱིས་ཀྱི་བོད་པ་དང་། ཕྱི་ལོགས་པ་བོད་སྐད་ལ་མཁས་པ་དུ་མས་སྤྱིས་སུ་བྱུང་བར་བསྒྲུབས་ཡོད། སྔར་ཇི་ལྟར་འདོན་པ་ལྟར་་མཁས་པས་བྲིས་པའིདཔེ་ཆ་ཡོངས་ན། སྩོལ། སྩལ། སྩལ། སྩོལ། ཞེས་པ་ཁོ་ན་མཐོང་དུ་ཡོད། དེར་མ་ཟད། སྩེལ། བསྩལ། བསྠལ། སྩོལ། སྡེ་དགེའ་བཀའ་བསྟན་སོགས་ན་མཇལ་ཐུབ། འདེ་ལ་ཕྱིས་སུ། སེལ བསལ། བསལ། སོལ། ཞེས་ས་སྒོ་མེད་པར་བྲིས་སོ།
་
ཡིག་ནོར་ལ་ཞུས་དག་མཛད། གཅིག་ན་ནངས་ཉིན་མཇལ་འོང་།
སྐུ་ཞབས་བློ་སྦྱིན་ལགས་ལ་ཞུ་རྒྱུར།
དགེ་མཚན་ཆེ་བའི་བརྡ་ཆད་གསར་པ་སྦྱར་འོས་པ་དང་། ཕན་ལས་གནོད་ཆེ་བའི་ཡུན་ཅན་གྱི་བརྡ་ཆད་ཡིན་ནའང་འདོར་རིགས་པ་བཅས་ལ་ངས་གང་ཡང་དྲིས་མེད། །
ངའི་དྲི་བ་ནི། དེང་སང་ཁྱེད་ཅག་གིས་་་དཔལ་ན་ལེན་དྲའི་ཆོས་བརྒྱུད་་་ཅེས་པའི་མིང་བརྡ་གསར་པ་ཞིག་བཟོས་འདུག་མོད།
་་་་མིང་བརྡ་འདི་ལ་འགྲེལ་བཤད་རྒྱབ་ན་་་་ག་འདྲ་ཞིག་རྒྱག་དགོས་པ་རེད་དམ། དྲི་བ་འདི་ཡིན་ལགས། བཀའ་དྲིན་ཆེ་ཞུ། །
སྐུ་ཞབས་བློ་སྦྱིན་ལགས་ལ་ཞུ་རྒྱུར།
ཁྱེས་ཀྱིས། ༼བོད་ཁ་བ་གངས་ཅན་ལྗོངས་ཀྱི་གདོད་མའི་ཆོས་ལུགས་གཡུང་དྲུང་བོན་གྱི་ཆོས་ལུགས་ལ་དབྱེ་ན། གཤེན་བོན། འཁྱར་བོན། བརྡོལ་བོན། བོན་དཀར། བོན་ནག བོན་ཁྲ་སོགས་དབྱེ་བ་མང་པོ་ཞིག་ཡོད་སྐད་འདུག་ཀྱང་། དེང་གི་དུས་སྐབས་འདིར་ནི། ངེས་དོན་གྱི་སེམས་དཔའ་ཆེན་པོ་དཔལ་རྒྱལ་བ་སྨན་རི་ཁྲི་འཛིན་མཆོག་གིས་དབུས་པའི་འོ་སྐོལ་གངས་ཅན་པ་ཚང་གི་གདོད་མའི་ཆོས་ལུགས། གཡུང་དྲུང་བོན་གྱི་བསྟན་པའང་སྒོ་གང་ས་ནས་སྤུས་ཇེ་དག་དང་ཇེ་དག་ཏུ་ཕྱིན་ཏེ། ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་པ་འདི་རེད།༽
སྐུ་ཉིད་སྒེར་གྱི་བློས་བྱས་ཀྱི་གཡུང་དྲུང་བོན་ལ་དབྱེ་ན། འཁྱར་བོན། བརྡོལ་བོན། བོན་དཀར། བོན་ནག བོན་ཁྲ་སོགས་དབྱེ་བ་མང་པོ་ཞིག་ཡོད་ཆོག་ཀྱང་། བོན་པོ་ང་ཡིས་ཉམས་སུ་ལེན་བཞིན་པའི་གཡུང་དྲུང་བོན་ལ་གོང་གི་དབྱེ་བ་དེ་འདྲ་ཡོད་པ་རྩ་བ་ནས་མི་ཤེས་ལ་ཁས་ཀྱང་ལེན་དཀའ། གཅིག་བྱས་ན་སྐུ་ཉིད་ཚོ་གཡུང་དྲུང་བོན་ལ་ཧ་ཅང་རྒྱུས་མངའ་ཆེ་རང་དྲག་ནས་དབྱེ་བ་དེ་འདྲ་ཡོད་པ་གཟིགས་པ་ཡིན་སྲིད། རབ་བྱུང་ན་ཁྱེད་རྣམས་ཀྱིས་གཟིགས་པའི། འཁྱར་བོན། བརྡོལ་བོན། བོན་དཀར། བོན་ནག བོན་ཁྲ་སོགས་དབྱེ་བ་མང་པོ་ཚང་བའི་་གཡུང་དྲུང་བོན་དེ། གངས་ཅན་ཆོས་ལུགས་ཀྱི་གྲལ་དུ་གོ་གནས་གསར་པ་གཞན་ཞིག་སླར་གསོ་བྱ་ཐུབ་ན་དེ་ནས་དངོས་གནས་ངོ་མཚར་ཆེན་པོ་ལོས་ཡིན། །
ད་ལྟའི་རྒྱལ་བ་སྨན་རིའི་ཁྲི་འཛིན་དཔལ་བཟང་པོ་མཆོག་ནི་གཙང་ཐོབ་རྒྱལ་བཀྲ་ཤིས་སྨན་རི་བའི་མཁན་རབས་༣༣་པ་དེ་ཡིན་པ་ཡོད། ད་དུང་དེའི་སྔོན་ལ་ཡོག་ཐང་ལྷུན་གྲུབ་ཨེན་ཙ་ཁའི་བྲུ་ཚང་གི་གཡས་རུའི་སྟོན་པ་བཅོ་བརྒྱད་༡༨་ཞུ་བའི་བླ་རབས་ཀྱང་ཕེབས་ཚར་བ་རེད།
གཙང་ཐོབ་རྒྱལ་བཀྲ་ཤིས་སྨན་རི་དགོན་ནི། ས་གསུམ་ན་འགྲན་ཟླ་བྲལ་བའི་བླ་མ་མཉམ་མེད་ཤེས་རབ་རྒྱལ་མཚན་ཞུ་བ་དེས་
ཕྱི་ལོ་༡༤༠༥་ལོར་ཐོག་མར་ཕྱག་བཏབས་པ་རེད།
ཡོག་ཐང་ལྷུན་གྲུབ་ཨེན་ཙ་ཁའི་དགོན་པ་ནི་བྲུ་རྗེ་གཡུང་དྲུང་བླ་མ་ཞུ་བ་དེས་ཕྱི་ལོ ༡༠༧༢ ལོར་ཐོག་མར་ཕྱག་བཏབས་གནང་བ་རེད།
བླ་རབས་འདི་རྣམས་ནི་གཡུང་དྲུང་བོན་གྱི་དབང་ལུང་ཁྲིད་གསུམ་གྱི་མངའ་བདག་ཏུ་གྱུར་ཞིང་། རང་རྒྱུད་གྲོལ་ལ་གཞན་རྒྱུད་སྨིན་པར་བྱེད་ནུས་པའི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་ཤ་སྟག་ཡིན་པའི་དད་པ་དང་ཡིད་ཆེས་རྩེ་གཅིག་ཏུ་བྱེད། བླ་རབས་འདི་རྣམས་ཀྱིས་ཉམས་སུ་བླངས་དང་ལེན་བཞིན་པའི་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་དེ་ནི་གནའ་སྔ་མོ་ནས་སྤུས་དག་ལ་ཕུན་སུམ་ཚོགས་པའི་རིང་ལུགས་དྲི་མ་མེད་པ་ཞིག་ཡིན་མ་གཏོགས། དུས་དེང་སང་གྱ་གྱུའི་ཚུལ་དུ་སྤུས་ཇེ་དག་དང་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པའི་འུ་ཐུག་གི་གནད་དོན་ཞིག་རྩ་བ་ཉིད་ནས་མེད། །
བློ་སྦྱིན་མཆོག་གིས།
་
ཕོ་ནི་འདས་དང་གཞན་བསྒྲུབ་ཕྱིར།
་
ཞེས་བཀོད་ནས་སྩོལ་གྱི་འདས་དང་མ་འོངས་པར་བ་སྔོན་འཇུག་དགོས་གསུངས་པ་ལ་ལན་ཞིག་བྲིས་ཀྱང་། དེ་ལ་དགག་སྒྲུབ་གང་ཡང་མ་མཐོང་།
གོང་གི་ཚིག་རྐང་དག་གི་དོན་གསལ་བར་བྱེད་པ་ལ་སི་ཏུ་པཎ་ཆེན་གྱི་སུམ་རྟགས་འགྲེལ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་གྱིས་༢༠༠༡་ལ་སྤར་པ་ན། འདས་དང་གཞན་བྱ་ཡུལ་བསྒྲུབ་པའི་དཔེ་བརྗོད། ཤོག་གྲངས་༡༦༧་ནས་༡༧༨བཀོད་པ་ལས་སྩོལ་བའི་འདས་པ་དང་མ་འོངས་པར་བ་སྔོན་འཇུག་དགོས་པའི་དཔེར་བརྗོད་གཅིག་ཀྱང་བཀོད་མེད་པ་དང་། ཁོ་བོས་གོང་དུ་བཤད་པ་བཞིན་དུ། སེལ་བའི་འདས་ལ། སྐྱོན་བསལ་ཏོ། ཞེས་དང་། གཞན་བྱ་བའི་ཡུལ་བསྒྲུབ་པ་ལ། བསལ་བྱའི་སྐྱོན། དེས་ན་བ་ཡིག་སྔོན་འཇུག་འདས་་པ་དང་གཞན་བྱ་ཡུལ་ཕལ་ཆེ་བར་བསྒྲུབ་པའི་ཕྱིར་དགོས་ཀྱང་། བརྩེགས་མ་བྱ་ཚིག་འདས་པ་དང་མ་འོངས་པ་ཡིན་ན། བ་སྔོན་འཇུག་ཡོད་པས་ཁྱབ་པ་མེད་པ་ཡིན་དགོས། སྟབས་ལེགས་ཀྱིས་བོད་རྒྱ་ཚིག་མཛོད་ན། སླེབ་པའི་འདས་པ་ལ། སླེབས་དང་། མ་འོངས་པར་། སླེབ། ཅེས་བྲིས་པ་མཐོང་ངོ་།
་
གཞན་ཡང་ཡོད་མེད་གཉིས་ཀྱི་ནང་ན་ཡོད་པ་གཙོ་ཆེ་བ་ཡིན་པ་ཁོ་བོས་འདོད་དེ། འཕྲེང་བ་ལ་འ་སྔོན་འཇུག་ཡོད་པ་དང་། མེད་པ་གཉིས་ལས་འ་སྔོན་འཇུག་ཅན་ཆེས་དག་པར་མཐོང་ནས་། ཁོ་བོས་འཕྲེང་བ་ཞེས་བྲིས་པ་ལ་བྱིས་པ་ཁྲོན་པའི་སྦལ་པ་ལྟ་བུ་འགའ་ཞིག་གིས་བཞད་གད་བྱས་པ་དེ་ལ་སྨྲ་བར་བྱ་སྟེ།
་
མཉམ་མེད་དྭགས་པོ་ལྷ་རྗེ་སྒམ་པོ་པའི་ཐར་པ་རིན་པོ་ཆེའི་རྒྱན་གྱི་ལེའུ་༡༧་པ་ན་། དབུ་མ་རིན་ཆེན་འཕྲེང་བ། ཞེས་དང་།
་
དཔལ་ལྡན་ཟླ་བའི་ལེགས་བཤད་ཀྱི། འོད་དཀར་འཕྲེང་བས་གསལ་བྱས་པ།
་
ཞེས་པ་ཙོང་ཁ་པའི་གསུང་འཐོར་བུ། སྐུ་འབུམ་སྤར་མ། ཁ། དཔེ་རིང་མདུན་ཤོག་༡༨པ་དང་།
་
རྒྱུད་བྱའི་འཕྲེང་བ། ཞེས་སི་ཏུ་སུམ་རྟགས་འགྲེལ་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་གྱིས་༢༠༠༡་ལ་སྤར་པ་ན། ཤོག་གྲངས་༡༧༣པ་དག་ལ་ལྟོས་དང་། ཁྱོད་ཀྱིས་ང་ལ་བཞད་གད་བྱས་པ་དེ་དོན་མེད་པ་ཤེས་པར་འགྱུར་རོ།
ཡི་གེ་མ་དག་པ་ཡོད་རིགས་ལ་ཞུས་དག་མཛོད་ཅིག
༼དེང་གི་གཡུང་དྲུང་བོན་གྱི་བཤད་གྲྭ་རྣམས་སུ་སློབ་གཉེར་གནང་བཞིན་པའི་དཔེ་དེབ་ཁག་ལ་མཚོན་ན། ཕལ་ཆེ་བ་དཔལ་ན་ལེན་དྲའི་མཁས་གྲུབ་ཆེན་པོ་རྣམས་ཀྱིས་མཛད་པའི་བསྟན་བཅོས་ཚད་ཐུབ་ཁག་ཡིན་པས། འོ་ན་རང་ཉིད་དཔལ་ན་ལེན་དྲའི་ཆོས་བརྒྱུད་འཛིན་མཁན་ཞིག་ཡིན་པའི་སྤོབས་པ་སྐྱེ་རིགས་ཀྱི། དཔལ་ན་ལེན་དྲའི་ཆོས་བརྒྱུད་ཅེས་པའི་ཐ་སྙད་རྣ་བར་གོ་ཙམ་ནས་དེ་འདྲའི་དྭོགས་འདྲོགས་རྣོ་ངར་ཅན་བྱེད་དགོས་དོན་ཅང་ཨེ་ཡོད་ན།༽
གཡུང་དྲུང་བོན་གྱི་བཤད་གྲྭ་རྣམས་སུ་སློབ་གཉེར་གནང་བཞིན་པའི་དཔེ་དེབ་ཁག་ཟེར་ན་ཏོག་ཙམ་རྒྱ་ཆེན་པོ་རེད། དཔེ་དེབ་དེ་ཚོའི་ནང་དུ་མདོ་སྔགས་སེམས་གསུམ་གྱི་གཞུང་ལུགས་དང་ཐུན་མོངས་རིག་པའི་གནས་དང་འདོན་ཆོ་ག་ཕྱག་ལེན་བཅས་པ་ཆ་ཚང་བ་ཡོད། དེ་འདྲ་ཡིན་དུས་ཕལ་ཆེ་བ་ད་ཕར་ཞོགས་དཔེ་དེབ་གཅིག་ཀྱང་ན་ལེན་དྲའི་མཁས་གྲུབ་རྣམས་ཀྱིས་མཛད་པའི་བསྟན་བཅོས་སུ་གྱུར་པ་ཨ་ཡོད་ན། རིག་པའི་རྣམ་བཞག་ཅུང་ཟད་འདྲ་བ་དང་འདྲེས་པ་དེ་འདྲ་ནི་ཡོད་སྲིད་པ་རེད། འོན་ཀྱང་དེ་ཚོ་རང་ལུགས་ཀྱི་ཁོངས་སུ་འཇོག་དང་མི་འཇོག་ང་ཚོས་རྣམ་དབྱེ་ལེགས་པར་འབྱེད་ཤེས་སོ། བོད་རང་གི་ནང་དོན་རིག་པའི་རྣམ་བཞག་ཡོད་ཚད། ན་ལེན་དྲའི་མཁས་གྲུབ་རྣམས་ཀྱི་གསུངས་ཡིན་པར་འདོད་པ་ནི་ཅུང་ཐལ་སོང་བ་མིན་ནམ། རིན་ཐང་ཡོད་ཚད་དེ་ན་ལེན་དྲ་བ་ལ་མ་སྤྲད་པའི་སྔོན་ལ། དང་པོ་བོད་རང་གི་མི་རིགས་ལ་རིན་ཐང་སྤྲོད་རྒྱུ་དེ་ངེས་པར་དུ་མཁྱེན་དགོས་པ་རེད། ན་ལེན་དྲ་བ་ཚོ་མི་ཞིག་ཡིན་ན་བོད་མི་ཚོ་ཡང་མི་ཞིག་ཡིན་པའི་གདེང་འཇོག་གནང་རྒྱུ་དེ་དུས་ནམ་ཡང་བརྗེད་མི་ཉན། ཁྱེད་རྣམ་པས་གསུངས་སྟངས་ལྟར་བྱས་ན། ན་ལེན་དྲའི་མཁས་གྲུབ་ཀྱི་གསུངས་ཆ་ཚང་བར་སྟོན་ཐུབ་མཁན་འཛམ་གླིང་འདིར་བོད་སྐད་དང་བོད་ཡིག་གཅིག་པུ་ཡིན་པར་གླེང་མོད། དེ་འདྲའི་བོད་སྐད་དང་བོད་ཡིག་ཕྱུག་པོ་དེ། ཁྱེད་རྣམ་པར་དགོས་པའི་ཉིན་མོ་དེ་རང་དུ་དུས་ཚོད་ཐུང་ངུ་ཞིག་ནང་ལ་བྱུང་བསྡད་པ་ཨ་ཡིན་ན། དུས་ཚོད་ངེས་ཅན་ཞིག་གི་བརྒྱུད་ནས་བྱུང་ཡོད་པ་ཐག་ཆོད། ལྷག་དོན་དུ་བོད་མི་རིགས་ཀྱི་གདོད་མའི་སྐད་འདི་ལ་ཐུན་མོངས་མ་ཡིན་པའི་ཁྱད་ནོར་ཞིག་ཡོད་པ་དེ་ང་ཚོ་ཚང་མས་ངེས་པར་དུ་ཤེས་དགོས་ས་རེད། དེ་འདྲ་ཡིན་དུས་བསྟན་བྱའི་དོན་ཞིག་མེད་ན་སྟོན་བྱེད་ཀྱི་སྐད་འདི་རྣམས་ཅིའི་ཕྱིར་བྱུང་བ་ཡིན་ནམ། ཕ་མེས་ཡང་མེས་རབས་དང་རིམ་པར་བརྒྱུད་པའི་རིན་བྲལ་གྱི་ནོར་བུ་འདི་མི་རིགས་གཞན་གྱི་བཀའ་དྲིན་ལས་བྱུང་བ་རེད་ཟེར་ན་ངས་ནི་དུས་ནམ་ཡང་ཁས་ལེན་མི་ཐུབ་བོ། ཁྱེད་ཀྱིས་སྤོབས་པ་བསྐྱེད་དགོས་རབས་ཤིག་གསུངས་འདུག་མོད། སྤོབས་པ་དངོས་གནས་བསྐྱེད་འདོད་ན། དང་པོ་བོད་མི་རིགས་ལ་སྤྱི་མཚུངས་ཀྱི་སྤོབས་པ་བསྐྱེད་ཤེས་དགོས་པ་རེད། དེ་ནས་གཞན་དག་ཚོ་ལ་སྤོབས་པ་བསྐྱེད་དུ་ཕེབས། ངས་དྭོགས་འདྲོགས་རྣོ་ངར་ཅན་གང་ཡང་བྱས་མེད། མིང་བརྡ་དེ་ལ་འགྲེལ་བཤད་ག་འདྲ་རྒྱག་དགོས་སྐད་ཆ་དྲིས་པ་ཡིན། འདི་དག་ནི་རང་སྒེར་གྱི་བསམ་ཚུལ་ཙམ་ཡིན་ནོ། བཀའ་དྲིན་ཆེ་ཞུ། །
་་་་་་་་་་ བོད་རང་གི་ནང་དོན་རིག་པའི་རྣམ་བཞག་ཡོད་ཚད། ན་ལེན་དྲའི་མཁས་གྲུབ་རྣམས་ཀྱི་གསུངས་ཡིན་པར་འདོད་པ་ནི་ཅུང་ཐལ་སོང་བ་མིན་ནམ། རིན་ཐང་ཡོད་ཚད་དེ་ན་ལེན་དྲ་བ་ལ་མ་སྤྲད་པའི་སྔོན་ལ། དང་པོ་བོད་རང་གི་མི་རིགས་ལ་རིན་ཐང་སྤྲོད་རྒྱུ་དེ་ངེས་པར་དུ་མཁྱེན་དགོས་པ་རེད། ་་་་་་་་་་་
ངའི་མཆན་༡༤་པ་དེར་ལྟ་བ་དང་སྤྱོད་པའི་སྐོར་ལ་རང་གི་བསམ་ཚུལ་སྲིན་འབུ་མེ་ཁྱེར་ལྟ་བུ་ཞིག་བྲིས་ཡོད། དེ་ལ་གསལ་བཤད་ཅིག་ཞུ་འདོད་པ་ཡིན། །
བོན་གཞུང་འགའ་ཤས་ནང་འདི་ལྟར་གསུངས་འདུག ། ལྟ་བ་ཡས་ཕུབ། སྤྱོད་པ་མས་ཡར་འཛེགས། སྙིང་རྗེའི་གཞི་བཟུང་། ཕ་རོལ་ཕྱིན་བཅུ་སྤྱོད། །
གསུངས་སྟངས་འདི་ལྟ་བུར་གནང་ན་གྲུབ་མཐའ་གཅིག་པའི་ལྟ་སྤྱོད་ཟུང་དུ་མ་འབྲེལ་ཡང་སྐྱོན་ཆ་དེ་ཙམ་ཡོད་པར་མི་མཐོང་། ཅིའི་ཕྱིར་ན། ཡས་ཀྱི་མཐོ་བའི་ལྟ་བ་རྟོགས་པའི་གང་ཟག་ཅིག་གིས། མས་ཀྱི་དམའ་བའི་སྤྱོད་པར་བཞུགས་ནས་ཉམས་ལེན་གྱི་རྒྱུན་བསྐྱངས་ན་སྐྱོང་ཐུབ་ངེས་པས་དཀའ་ཁག་དེ་ཙམ་ཡོད་པར་མི་སེམས། འོན་ཀྱང་། ལྟ་བ་རྟོགས་རྒྱུ་དེ་འོག་མིའི་ཐེག་པ་དམན་པའི་ལྟ་བ་ཞིག་རྒྱུད་ལ་ཉམས་སུ་བླངས། སྤྱོད་པ་གོང་མའི་ཐེག་པ་ཆེན་པོའི་སྤྱོད་པ་ཡོད་ཚད་དེ་ལོངས་སུ་སྤྱོད་ཀྱི་ཡིན་ཟེར་བ་ནི་ཧ་ཅང་རང་གི་ཧམ་པ་ཆེ་སོང་བ་མ་ཡིན་ནམ། ། བསམ་ཚུལ་ཙམ་ཡིན་ནོ། །