ཟླ་བ་ཚེ་རིང་།
ཐེངས་འདིའི་སྐུ་མདུན་གྱི་བགྲེས་ཡོལ་གསུང་འཕྲིན་ཐད་ཚང་མས་ལྟ་ཚུལ་གཅིག་རང་གཅིག་བཟུང་ཡོད། བཀའ་ཤག་གི་གསུང་འཕྲིན་འདི་བློ་ངོར་མི་ཤོང་བའི་གསལ་བཤད། གྲོས་ཚོགས་ཀྱི་གསུང་འཕྲིན་འདི་ལ་འགན་དབང་མི་ཐུབ་པའི་གྲོས་ཆོད། སྐུ་མདུན་ནས་གྲོས་ཆོད་ཕྱིར་སློག་གནང་བ། ད་དུང་། བར་སྐབས་དེར་བོད་མི་མི་རེ་ངོ་རེ་དང་། ཚོགས་པ་སྐྱིད་སྡུག ས་གནས་ཁག་ནའང་། སྐུ་མདུན་ལ་ཨུ་ཚུགས་ཀྱི་གསོལ་བ་འདེབས་མཁན། བཀའ་ཤག་དང་སྤྱི་འཐུས་ལ་ལོ་རྒྱུས་ཀྱི་ནག་ཉེས་འཛུགས་མཁན། གང་ལྟར། ཚང་མས་༼ ལོ་རྒྱུས་ཀྱི་བཅོས་བསྒྱུར་༽ ཞེས་པ་འདི་གཞི་རྩར་བཟུངས་ནས། ཐེངས་འདིའི་གསུང་འཕྲིན་ལ་མཐུན་དང་མི་མཐུན་པའི་ལྟ་སྣང་མཐོང་ཚུལ་བརྗོད་ཡོད། དེ་ལོས་ཡིན། སྐུ་མདུན་ནས་ཀྱང་གསུང་འཕྲིན་གྱི་དབུ་ལོ་རྒྱུས་ནས་བཙུགས་ཡོད་པ་མིན་ནམ།
བགྲེས་ཡོལ་སྐོར་བོད་མི་ཚོར་གསར་པ་གང་ཡང་མིན། ཐོག་མར་དྲུག་ཅུ་རེ་གྲངས་ནས་གསུངས་ཡོད། འོན་ཀྱང་། བགྲེས་ཡོལ་གྱི་དུས་ཚེས་ནི་བོད་འཛིན་སྐྱོང་བྱེད་པའི་གོ་སྐབས་བོད་མི་ཚོར་བྱུང་བའི་ཉིན་མོ་ཡིན། གོ་བདེ་བོ་བྱས་ན། གཞིས་བྱེས་མཉམ་འཛོམས་ཀྱི་ཉིན་མོ་དེ་ཡིན། མཚམས་ལ་རེར། གྲ་སྒྲིག་སྡུག་ས་ནས་བྱེད་དགོས་པའི་གསལ་འདེབས་རེ་གནང་བ་ལས། སྔ་ལོའི་བར་དུ་དུས་ཚེས་འདི་ལ་འགྱུར་བ་འགྲོ་ཉེན་གྱི་མངོན་རྟགས་གང་ཡང་བྱུང་མེད། འདིའི་ནང་༢༠༠༡ ལོ་ནས་ཕེབས་པའི་ཕྱེད་བགྲེས་ཡོལ་ཡང་ཚུད་ཡོད། ད་དུང་། བོད་མིའི་སེམས་ནང་གི་བགྲེས་ཡོལ་ནི་འཛིན་སྐྱོང་གི་དབུ་ཁྲིད་ཙམ་ཡིན། དམིགས་བསལ་སྐུ་སྒེར་གྱི་འགན་དབང་ཆེན་པོ། སྡེ་སྲིད་ལྷན་ཚོགས། དགའ་ལྡན་ཕོ་བྲང་གི་མིང་གནས་ཁྱབ་ཡུལ་སོགས། ཏྰ་ལའི་བླ་མའི་མཚན་གནས་རྗེས་འབྲེལ་གང་ཡོད་ཕྱིར་བསྡུ་དགོས་པའི་༼ བགྲེས་ཡོལ་ཆ་ཚང་༽ཞིག་ལ་བསམ་བློ་འཁོར་མྱོང་མེད། མ་མཐར་ཡང་བཙན་བྱོལ་བའི་དུས་ཡུན་ནང་འདི་འདྲ་ཞིག་ཡོང་བར་སྔོན་དཔག་དང་གྲ་སྒྲིག་གང་ཡང་མེད། ད་དུང་དེའི་སྒང་ལ། བགྲེས་ཡོལ་ཆ་ཚང་འདི། མི་མང་དང་བརྒྱུད་ལམ་ལ་གོ་བརྡ་སྤྲད། གསུམ་བཅུ་དུས་དྲན་ཐོག་ཡོངས་ཁྱབ་གསལ་བསྒྲགས། གྲོས་ཚོགས་ཚོགས་དུས་འདི་རང་དུ་ལག་བསྟར་གཏན་འབེབས་ཐུབ་དགོས་པའི་རྟིང་སྐུལ། གྲོས་ཆོད་ཕྱིར་སློག གྲོས་ཚོགས་ཀྱིས་དམིགས་བསལ་ལས་འཆར་ཚོགས་ཆུང་ཆེད་འཛུགས། ཚོགས་ཆུང་ནས་སྐུའི་འགན་དབང་ཡོད་ཚད་བཀའ་ཁྲི་དང་། བཀའ་ཤག ཁྲིམས་ཞིབ་ཁང་། སྤྱི་འཐུས་གྲོས་ཚོགས། བོད་རྒྱ་ཆེ་མི་མང་བཅས་ལ་བགོ་འགྲེམ་གྱི་རྒྱབ་གཉེར་ལས་འཆར་མ་ཟིན་གཏན་འབེབས། གཏན་འབེབས་ཡིག་ཆ་ཟུར་འཛུར་དང་བཅས་པ་གྲོས་ཚོགས་ལ་སྙན་སྒྲོན། ཕྱི་ཚུལ་ནས་འདི་ལ་དགོས་ངེས་ཀྱི་ལས་རིམ་ཆ་ཚང་ཞིག་སོང་དང་འགྲོ་བཞིན་ཡོད་ནའང་། འདིའི་བྱུང་རིམ་ཆ་ཚང་ལ་ཟླ་བདུན་གྱི་དུས་ཡུན་ལས་འགོར་མེད། དེ་ལས་ཀྱང་། གནད་འགག་ཚང་མ་ཉིན་གཅིག་དང་གཉིས་ནང་འགྲོ་བཞིན་ཡོད།
གསུང་འཕྲིན་གྱི་ཚིག་རྩ་དེད་ན། བགྲེས་ཡོལ་ནི་ཏག་ཏག་དུས་ལ་སྨིན་ཡོད། འདི་ལོ་རྒྱུས་ཀྱི་ཤེད་ཤུགས་དབང་དུ་སོང་བ་ཡིན། ལོ་རྒྱུས་ཀྱི་འོས་བབ་དང་འགན་དབང་ཟུར་དུ་བཞག་ནས། ང་ཚོས་གསུང་འཕྲིན་འདི་ཡང་བསྐྱར་ཐེངས་ཤིག་བཀླགས་ན། གསུང་འཕྲིན་ནང་འཁོད་ལྟར། བགྲེས་ཡོལ་འདི་འགན་འཁུར་བྱེད་འདོད་མེད་པའམ། སེམས་ཤུགས་ཆག་པ། བོད་མིའི་འཐབ་རྩོད་བློས་བཏང་བ་ཞིག་མིན་ནའང་། བོད་ལ་དོན་དམ་དམངས་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་དུས་ཚོད་ཅིག་སྨིན་ཡོད་པའང་གཏན་ནས་མིན། དམངས་གཙོའི་འཕེལ་རིམ་རྫོགས་ཀྱང་མ་རྫོགས་རུང་། སྒྲོམ་གཞི་༼ས་ཆ་མེད་པའི་རྒྱལ་ཁབ། ༽ཀྱི་རྒྱ་ལས་འགོངས་མེད། དེས་ན། དུས་ཡུན་ཐུང་ཐུང་ཞིག་གི་ནང་། བགྲེས་ཡོལ་འདི་འདྲའི་ཛ་དྲགས་དང་བྲེལ་འཚུབ་ལ་ཐུག་དོན་གང་ཡིན་ནམ། འདི་གསུང་འཕྲིན་གྱིས་མང་ཚོགས་ལ་ཞལ་མ་གསལ་བའི་ཕྱོགས་ངོས་དེ་ཡིན།
ལམ་དབུ་མ་སྐུ་མདུན་སྒེར་ངོས་ནས་བཏོན་གནང་བའི་ཐབས་ལམ་དེ་ཡིན། བོད་མི་ཚོས་འདི་ལ་ཡེ་ཤེ་དབྱིངས་དཔྱད་ཀྱི་ལམ་ཞེས་ཞེ་ས་བྱེད་ཀིན་ཡོད། ད་བར་དུ་འབྲེལ་མོལ་རིམ་པ་དགུ་སོང་ཞིང་། རིམ་པ་མཐའ་མ་དེ་འདས་ལོའི་ཕྱི་ཟླ་གཉིས་པའི་ནང་ཡིན། འབྲེལ་མོལ་ཇི་ཙམ་མང་དུ་བྱས་པའམ། དུས་ཡུན་ཐུང་ངུའི་ནང་རིམ་པ་མང་ཙམ་འགྲོ་ཐུབ་ཡོད་པ་ནང་བཞིན། དེ་ཙམ་གྱིས་བོད་ལ་བཟང་ཕྱོགས་ཀྱི་གནས་ཚུལ་གང་ཡང་འཁྱེར་ཡོང་མྱོང་མེད། དེ་ལས་ལྡོག་སྟེ། བར་སྐབས་དེར་སྐུ་མདུན་ནས་རྒྱ་ནག་ལ་ཡིད་ཆེས་ཇེ་སྲབ་ཇེ་སྲབ་ཡིན་པའི་ཡོངས་ཁྱབ་བཀའ་སློབ་གནང་ཡོད། བཀའ་སློབ་འདིའམ། འབྲེལ་མོལ་མཐའ་མ་གྲུབ་ནས་ཟླ་དྲུག་གི་རྗེས་སུ། སྐུ་མདུན་ནས་གློ་བུར་དུ་བགྲེས་ཡོལ་ཤུགས་ཆེན་པོས་གསུངས་མགོ་ཚུགས། དེ་ནས་ཟླ་བདུན་གྱི་རྗེས་ནས་བགྲེས་ཡོལ་ལ་ཕེབས་གཏན་འཁེལ་བ་རེད།
དམངས་གཙོ། འདི་འབྲེལ་མོལ་རིམ་པའི་སྐབས་བོད་པའི་སྐུ་ཚབ་ཚོས་གཡུགས་ཚར་བའི་གད་སྙིགས་ཤིག་ཡིན། གུང་ཁྲན་ཏང་གི་དབུ་ཁྲིད་འོག བོད་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལག་བསྟར་ཞེས་པ་འདི། ངྷ་རམ་ས་ལས་པེ་ཅིན་ལ་ཕུལ་བའི་བསམ་ཚུལ་ཡིག་ཆ་དང་། དེའི་གསལ་བཤད་གཉིས་ཀྱི་གཞི་རྩའི་མ་གདན་ཡིན། གྲོས་འཆམ་ཡོང་ཆེད་ཕྱིར་བསྡུ་བྱས་ཟིན་པའི་ང་ཚོའི་དམངས་གཙོ། བགྲེས་ཡོལ་གསུང་འཕྲིན་ནང་སླར་ཡང་ཕྱིར་མངོན་ཞིང་། དེ་ཡང་བགྲེས་ཡོལ་ནི་དམངས་གཙོའམ། བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པོ་ཡོང་ཆེད་ཡིན་ཚུལ་རྩལ་དུ་བཏོན་ཡོད། འདིས་ང་ཚོ་ལ་གོ་བརྡ་ག་རེ་སྤྲོད་ཀྱི་ཡོད་དམ། གྲོས་མོལ་ལ་མཇུག་འབྲས་མེད་པའམ། ཡང་ན། ཁོང་གི་སྐུ་ཚེ་རིང་། བོད་དོན་བདེན་མཐའ་སེལ་མི་ཐུབ་པ་ཐུགས་ཐག་ཆོད་ཡོད་པར་གོ་ན་ཨེ་འགྲིག
ལོ་རྒྱུས་དང་བཅའ་ཁྲིམས་ནང་གི་སྐུ་དབང་ཚང་མ་བློས་བཏངས་ཚར་རྗེས། ལམ་དབུ་མ་མུ་མཐུད་ནས་འགྲོ་ཐུབ་བམ། བྲེལ་འཚུབ་གྱིས་འགྲོ་བཞིན་པའི་བརྒྱུད་རིམ་འདིས། བགྲེས་ཡོལ་གསུང་འཕྲིན་ལམ་དབུ་མ་བློས་བཏང་བའི་༼སྙན་ངག་༽ཅིག་ཡིན་པར་གོ་ན་འགྲིག་གམ། ངོ་མས་བྱས་ན། བགྲེས་ཡོལ་དུ་ཕེབས་ཏེ་ལམ་དབུ་མ་བློས་གཏོང་གནང་བ་མིན་པར། ལམ་དབུ་མ་བློས་གཏོང་གནང་ཆེད་བགྲེས་ཡོལ་ལ་ཕེབས་གཏན་འཁེལ་བ་གནས་སྟངས་དང་ཐག་ཉེ་བོ་ཡོད།
གལ་སྲིད། བགྲེས་ཡོལ་གསུང་འཕྲིན་ནི་ལམ་དབུ་མ་བློས་གཏོང་གནང་བའི་སྙན་ངག་ཡིན་ཚེ། གལ་སྲིད། གསུང་འཕྲིན་གྱིས་མང་ཚོགས་ལ་ཞལ་མ་གསལ་བའི་ཕྱོགས་ངོས་དེ་སྙན་ངག་འདི་ཡིན་ཚེ། ད་ལྟ་འགྲོ་བཞིན་པའི་ང་ཚོའི་ལས་རིམ་རྣམ་བཞག་དང་། བགྲེས་ཡོལ་གསུང་འཕྲིན་གཉིས་བར་ལ་གོ་འཛོལ་བའི་སྣང་ཚུལ་ཞིག་བྱུང་ཡོད། ལས་རིམ་རྣམ་བཞག་གིས་སྐུའི་དབང་ཚད་ཡར་འབུལ་མར་གནང་དང་། དབང་ཚད་དེ་འབྱུང་འགྱུར་སུ་དང་གང་ལ་བགོ་འགྲེམ་གནང་སྟངས་གཙོ་གཉེར་གནང་གི་ཡོད། འོན་ཀྱང་། གསུང་འཕྲིན་གྱིས་ང་ཚོ་ལ་ཁོང་གི་སྐུ་ཚེ་ནང་སྒྲུབ་མ་ཐུབ་པའམ། འགྲུབ་མ་ཐུབ་པའི་ལས་འགན་ལྕི་མོ་ཞིག་བརྒྱུད་སྤྲོད་གནང་གི་ཡོད། ང་ཚོས་གསུང་འཕྲིན་ལ་རྒྱབ་གཉེར་ལས་འཆར་ཚོགས་ཆུང་བཙུགས་ནས་ལས་རིམ་རྣམ་གཞག་བང་སྒྲིག་པ་ནང་བཞིན། གསུང་འཕྲིན་གྱིས་ང་ཚོར་བརྒྱུད་སྤྲོད་གནང་བའི་ལས་འགན་འདི་ལའང་ལས་རིམ་རྣམ་གཞག་ཅིག་བང་སྒྲིག་ཐུབ་བམ།
ཟླ་བ་ཚེ་རིང་ལགས།
བཅོས་བསྒྱུར་༸གོང་ས་མཆོག་གི་བཀའ་དགོངས་དང་མཐུན་པ་དགོས། བགྲེལ་ཡོལ་ཡང་འོས་པ་རེད་ལགས། དགའ་ལྡན་ཕོ་བྲང་གི་སྲིད་གཞུང་གི་མིང་བེད་སྤྱད་ཀྱིས་དམངས་གཙོ་ཡང་དགོས་དོན་ཨ་ཡོད།
༥༩ནས་རང་བཙན་དང་། ༧༩ནས་༸གོང་ས་མཆོག་གིས་གཉིས་སྨན་དབུ་མའི་ལམ་ལ་དབུ་འཁྲིད་གནང་བ་ཡང་། བསྒྱུར་བཅོས་གཏོང་འོས་ཀྱང་། ༸བགྲེས་ཡོལ་ཕེབས་པས་དབུས་ལམ་མི་དགོས་ཚུལ་གྱི་སྙན་ངག་རེད་ཟེར་བ་ལ་ཡང་དྲང་བདེན་མ་རེད་དོ། །
ཨ་རོགས། གསུང་འཕྲིན་གྱི་ཕྱོགས་ངོས་གཞན་དེ་སྙན་ངག་ཞིག་ཡིན་ན། དེ་ལ་འགྲེལ་བཤད་གསལ་བོ་ཞིག་དང་། ད་དུང་ཁ་ཇེ་གསལ་ལ་བཏང་ན་འགྲིག་གམ།
གྲོགས་པོ།
ཉིད་ཀྱི་རྩོམ་ཡིག་དེའི་མཇུག་ནས་ཡག་པོ་གོ་གི་མི་འདུག་ཅིང་།མཇུག་ཏུ་སྙན་ངག་སྙན་ངག་ཟེར་བ་འདི་ཚོས་ཅི་ཞིག་ཤོད་ཀྱི་ཡོད།༧གོང་ས་མཆོག་ལ་གསང་བ་ཞིག་དང་ཡང་ན་སྐྱོན་ཞིག་ཡོད་པ་སྟོན་གྱིན་ཡོད་ན་གསལ་བོར་ཤོད་རོགས།ཕ་ལ་ཞལ་གསལ་བོ་མི་འདུག་ཟེར་ཞོར་དུ་ཉིད་ཀྱིས་ཀྱང་ཞལ་གསལ་བོ་མེད་པ་ཞིག་བྲིས་འདུག་ཀ
༧གོང་ས་མཆོག་བགྲེལ་ཡོལ་དུ་ཕེབས་པ་དེ་ཡིན་ད་ཡིན་ད་ཡིན།དེ་ལ་ཅིག་ཅིག་ཉིག་ཉིག་ཟེར་ནས་སྤུ་གསེང་ནས་ཤིག་འཚོལ་བ་བཞིན་སྐྱོན་ཞིག་རྙེད་ཐབས་ལ་འབད་དགོས་པ་མི་འདུག།༧གོང་ས་མཆོག་གིས་དགུང་ལོ་༧༦་བར་དུ་མི་རིགས་འདི་ལ་གྲྭ་བ་གྲྭ་རྐྱང་ཞིག་ངོས་ནས་ཞབས་ཞུ་བསྒྲུབས་པ་རེད།ད་ནི་སྐུ་ཚེའི་མཇུག་ཏུ་ལྷོད་དལ་གྱིས་བཞུགས་པའི་དུས་ཤིག་དགོས་པ་རེད།འདི་ནི་མི་སྒེར་བ་ཞིག་ཐོབ་ཐང་ཞིག་གི་ས་ནས་བཤད་དགོས་རེད།ད་ནི་ཁྱོད་དང་ང་གཉིས་ཐེ་བའི་བཙན་བྱོལ་མི་ཚོ་རང་ཉིད་ཀྱི་རྐང་བའི་ཐོག་ལངས་ཏེ་འགྲོ་ཐུབ་ཀྱི་ཡོད་ན་རེད་མེད་ན་རེད་འགྲོ་དགོས་པའི་དུས་ལ་བསླེབས་པ་རེད།དེ་ཤེས་དགོས་པ་རེད།
ད་དུང་ལ་བསམ་ཚུལ་མང་གི།ཁོམ་ན་ལན་རྒྱས་པ་ཞིག་གི་འབྲི་འདུན་ཡོད།བདེ་མོ།