འཇིགས་མེད་འོད་ལྡན
བོད་མི་སྤྱི་བོ་གནམ་བསྟན་ཡོངས་ཀྱིས་བློ་འཚབ་དང་དངངས་སྐྲག་བྱེད་བཞིན་པའི་གྲོས་ཚོགས་སུ་བསྩལ་བའི་གསུང་འཕྲིན་དང་གསུམ་བཅུའི་དུས་དྲན་ཐེངས་ང་གཉིས་པའི་ཐོག་ཡོངས་ཁྱབ་ཏུ་བསྩལ་བའི་བཀའ་སློབ་ལ་སྤྱི་སྒེར་གང་རུང་ནས་བགྲོ་གླེང་ཤུགས་ཆེན་བྱས་བའི་རྣམ་པ་ཐོན་གྱི་འདུག ༸གོང་ས་ཏཱ་ལའི་བླ་མའི་མི་ལོ་སུམ་བརྒྱ་དྲུག་ཅུ་ལྷག་ལ་སྐྱོང་གནང་མཛད་པའི་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་འོས་འདེམས་བྱས་བའི་དབུ་ཁྲིད་ལ་རྩིས་སྤྲོད་བྱས་ན་སྤྱི་བོ་གནམ་བསྟན་གྱི་བོད་མི་ཡོངས་ལ་བློ་འཚབ་དང་དངངས་སྐྲག་འབྱུང་བ་ཡང་ཁག་མི་འདུག གོང་ས་མཆོག་ལྟ་བུའི་རླབས་ཆེན་གྱི་དབུ་ཁྲིད་ཅིག་འཛམ་གླིང་གང་སར་བཙལ་ན་རྙེད་མི་སྲིད་པས་རེད །
ཡིན་ན་ཡང་གོང་ས་མཆོག་འགྲོ་བ་མིའི་སྐྱེས་གནས་སུ་སྐྱེ་བ་བཞེས་བའི་དགུང་གྲངས་བདུན་ཅུ་དོན་བདུན་ལ་ཕེབས་བའི་མི་ཞིག་ཡིན་ཙང་ལས་འཁྱེར་ངལ་གསོའི་ཐོབ་ཐང་ཆ་ཚང་བ་ཞིག་དགོས་བ་སྨྲས་མ་དགོས་བ་དང་ཐོབ་ཐང་ཆ་ཚང་བ་ཕུལ་དགོས་བའང་ལས་ཀྱི་སྣེ་ཤེན་པ་དང་གདུལ་བྱ་གངས་ཅན་པ་ཚོས་བསམ་ཡོད་གནང་རོགས ལས་འཁྱེར་ངལ་གསོའམ་མིང་གནས་རྗེ་བསྒྱུར་བྱས་པ་ཡིན་ཡང་ཁོང་གིས་བོད་མི་རིགས་དང་རྒྱལ་ཁབ་ཀྱི་རྩ་དོན་གཏན་ནས་བློས་གཏོང་མི་སྲིད་པ་གསལ་གསལ་ཐང་ཐང་དུ་གསུང་འདུག
ཆབ་སྲིད་ཀྱི་དབང་ལུང་ཡོངས་རྫོགས་མི་མང་གིས་འོས་འདེམས་བྱས་བའི་འགོ་ཁྲིད་ལ་རྩིས་སྤྲོད་ཟིན་པའི་ཐག་གཅོད་གནང་ན་ཡང་ང་ཚོའི་གྲོས་ཚོགས་དང་བོད་མི་ཉུང་ཤས་ཤིག་གིས་གསོལ་བ་ཕུར་ཚུགས་སུ་འདེབས་དགོས་བར་བསམ་པ་དང་གྲོས་ཚོགས་ནས་གསོལ་འདེབས་སྙན་ཞུ་ཕུལ་བ་སོགས་ལ་མགོན་པོ་གང་གིས་ཀྱང་མཐོང་བཞག་མི་འདུག་ལ་བཞག་པའི་དགོས་བའང་མི་འདུག གྲོས་ཚོགས་དང་གསོལ་བ་ཕུར་ཚུགས་སུ་འདེབས་དགོས་པའི་བསམ་ཚུལ་འཛིན་མཁན་ཚོས་བོད་རྒྱལ་ཁབ་དང་མི་རིགས་འདིའི་ཤི་གསོན་མཐའ་དག་གོང་ས་མཆོག་གཅིག་བུ་ལ་གཏུགས་ན་བོད་མི་ཞིག་ཡིན་པའི་ངོས་ནས་རང་ཉིད་ཀྱི་འགན་ཁྲི་རང་ཉིད་ཀྱིས་ཕྲག་སྟེང་དུ་ལེན་འདོད་མེད་པའི་སྐད་ཆ་རེད། ཕྱི་རྒྱལ་ཡུལ་གྲུ་ཁག་ནང་ཡོད་པའི་སྐུ་ཚབ་དོན་གཅོད་དང་བོད་རྒྱ་ཞི་མོལ་གྱིས་མཚོན་པའི་མང་པོ་མང་པོ་ཞིག་གོང་ས་མཆོག་སྐུ་སྒེར་གྱི་མཚན་ཐོག་ཏུ་ཡོད་པ་གསལ་བོ་རེད གོང་ས་མཆོག་གི་དེ་དག་ལ་ང་ཚོ་ལས་ལྷག་པའི་ཐུགས་བསམ་རྒྱ་ཆེན་པོ་བཞེས་མེད་ན་ཆབ་སྲིད་ཀྱི་དབང་ལུང་ཆ་ཚང་རྩིས་སྤྲོད་གནང་གི་མ་རེད གངས་དཀར་སེམས་ན་རྟ་མེད་ན ། ཕུ་ཐུང་ནང་ལ་སྲབ་མི་འཛིན་ཞེས་པའི་དཔེ་ལྟ་བུ་རེད །
མགོན་པོ་གང་གིས་བོད་མི་རིགས་ཀྱི་འཕྲལ་ཕུགས་ཁེ་ཕན་ཁོ་ནའི་ཆེད་དུ་དམིགས་པ་ཞིག་ཡིན་པས་གསུང་འཕྲིན་རིན་པོ་ཆེ་ལ་དགའ་དད་སྤྲོ་གསུམ་གྱིས་ལེགས་སོ་ཞུས་ན་སྐུ་ཚེ་བརྟན་པའི་གསོལ་འདེབས་བརྟན་བཞུགས་དངོས་གནས་སླད་མ་ཞུགས་པ་ཞིག་ལས་མ་འདས ། ཡང་གཅིག་བཤད་ན་འུ་ཚང་གི་གནད་ཡོད་སྣེ་ཤན་པ་འདི་དག་གིས་དོན་ངོ་མར་ཐུགས་བསམ་ག་རེ་སྒང་ལ་བཞེས་གྱི་ཡོད་དམ་སྙམ་པའི་དངངས་སྐྲག་སླེབས་ཀྱི་འདུག ཁོང་ཚོས་གོང་ས་མཆོག་ལྷ་མི་ངོ་བོ་དབྱེར་མེད་དུ་བལྟ་བཞིན་མགོན་པོ་གང་གི་དགོངས་པ་མཐའ་དག་ཡེ་ཤེས་དབྱིངས་དཔྱད་ཡིན་པའི་ངོས་འཛིན་མཛད་བཞིན་ད་རེས་ཀྱི་གསུང་འཕྲིན་རིན་པོ་ཆེ་ལ་ཅིའི་ཕྱིར་ལེགས་སོའི་ཐལ་མོ་སྦྱོར་མ་ཐུབ་པ་རེད། མགོན་པོ་མཆོག་གི་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་བཅད་པའི་བཙན་བྱོལ་བོད་གཞུང་གི་སྲིད་བྱུས་ལ་མི་མང་གི་འཐུས་ཚབ་སྤྱི་འཐུས་ལྷན་ཚོགས་དང་འཛིན་སྐྱོང་བཀའ་ཤག་སོགས་ཤར་བསྐྱོད་བྱེད་པའི་སྤོབས་པ་དེ་མགོན་པོ་གང་གི་ཡེ་ཤེས་དབྱིངས་དཔྱད་ཀྱི་ཐག་གཅོད་ཡིན་པས་གསུང་བཤད་ཆུ་བཞུར་བཞུར་བྱས་ནས་དེ་རིང་བར་དུ་ཡོང་བསྡད་པ་རེད །
ཁོང་གི་ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐག་བཅད་པའི་སྲིད་བྱུས་དང་ལམ་སྟོན་གང་རུང་ལ་ནོར་འཁྲུལ་གྱི་ཆ་ཕྲ་མོ་ཙམ་ཡང་བྱུང་མྱོང་མེད་པ་འདས་པའི་མི་ལོ་དྲུག་ཅུ་ལྷག་གི་རིང་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་མཛད་འགན་བཞེས་བའི་བྱུང་རིམ་ནས་གསལ་བའི་ཕྱིར་མིག་ཅིག་བལྟས་ན་ཅི་འདྲ་རེད ། འདས་བའི་མི་ལོ་ལྔ་བཅུ་ནང་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདི་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཁ་ཐག་ཉེ་བའི་དམངས་གཙོའི་འཕེལ་རིམ་ལ་ཁ་ཕྱོགས་ཡོད་པ་རྒྱ་དམར་གུང་ཁྲན་གྱིས་བཙན་འཛུལ་བྱས་བའི་ཕམ་ཁ་བྱུང་བའི་རྗེས་ཀྱི་རྒྱལ་ཁའི་འབྲས་བུ་ཡིན་པ་འདི་གོང་ས་མཆོག་གི་བཀའ་དྲིན་ཡིན་པས་བསམ་ཤེས་ཀྱི་ཐོག་ནས་དེ་རིང་གི་གསུང་འཕྲིན་རིན་པོ་ཆེ་འདི་དང་ལེན་བྱེད་རྒྱུ་ང་ཚོའི་འོས་འགན་རེད ། ང་ཚོ་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིའི་ནང་མི་མང་རང་གི་འོས་འདེམས་བྱས་བའི་དབུ་ཁྲིད་ལ་ཡིད་ཆེས་བློ་འགེལ་བྱས་ཏེ་བོད་དོན་འཐབ་རྩོད་དང་བསམ་བློའི་གོ་རྟོགས་ཤེས་ཡོན་གོང་མཐོར། འཕྲོད་བསྟེན་དང་ཁོར་ཡུག་སྲུང་སྐྱོབ་ཀྱིས་མཚོན་པའི་ཆིག་སྒྲིལ་དང་རང་དབང་། གསར་གཏོད་སོགས་བོད་མི་སྤྱི་སྒེར་ཀྱི་ཁེ་ཕན་ཁོ་ནའི་ཆེད་སྤོབས་པ་ཆེན་པའི་གོམ་པ་སྤོས་བ་ཡིན་ན་ད་བཟོད་རང་ཉིད་ཀྱི་འགན་ཁྲི་རང་ཉིད་ཀྱིས་དང་དུ་བླངས་བ་རེད གོང་ས་མཆོག་གི་སེམས་བསྐྱེད་གསུམ་གྱི་ནང་འཛམ་གླིང་མི་མང་ལ་ཞི་བདེ་དང་ཆོས་ལུགས་ཕན་ཚུན་བར་མཐུན་ལམ་སྐྲུན་རྒྱུར་གསལ་བ་ལྟར་ཆབ་སྲིད་ཀྱི་རྙོག་མ་མ་འདྲེས་བར་གནམ་འོག་གི་སངས་རྒྱས་ཆོས་ལུགས་པ་ཡོངས་ཀྱི་དབུ་ཁྲིད་དམ་པར་འགྱུར་ཐུབ་པའི་ལམ་ཁར་འགོག་རྐྱེན་མི་བཟོ་རྒྱུ་ནི་འུ་ཅག་གངས་ཅན་པ་ཚོས་མཁྱེན་དགོས་པ་ཞིག་རེད།
ཞི་ལིས་བསམ་ཚུལ་བདེ་མོ་ཞིག་བྲིས་འདུག ཁྱོད་རང་གི་བསམ་ཚུལ་ཡིན་པའི་རེ་བ་ཡོད།
མ་འོངས་པའི་བཀའ་ཁྲི་དང་། སྤྱི་འཐུས་རྣམས་གལ་ཆེན་པོ་རེད། ལྟོ་ཕད་ནང་དུ་རྭ་ཅོ་བཅུག་པ་ལྟར་མ་ཡིན་པར་སྤྱི་དོན་གཙུག་ཏུ་བཀུར་ནས་མཐུན་ལམ་དམ་གཙང་དང་། གཡོ་ལྷད་མེད་པར་ལྷག་བསམ་གྱིས་རྒྱབ་འཁྱོངས་པ་གནང་རྒྱུ་གལ་ཆེན་པོ་རེད།
མི་ལོ་དྲུག་ཅུ་ལྷག་གི་རིང་ འུ་ཚང་གི་གནད་ཡོད་སྣེ་ཤན་པ་ དམངས་གཙོའི་འཕེལ་རིམ་ལ་ཁ་ཕྱོགས་ཡོད་པ
ངོ་མ་ཡག་པོ་བྲིས་འདུག་ གང་ལྟར་བོད་རྒྱ་ཁབ་ཀྱི་བདེ་སྡུག་འདི་འུ་ཚོའི་མི་ཐོག་འདའི་ཕྲག་ལ་བབས་ཡོད་པས་ཁུར་ཐུབ་ན་མི་ཐུབ་ན་འུ་ཚོ་རག་ལས་ཡོད།
དཔེ་ཡགས་པོ་བྲིས་འདུག་ དངོས་གནས་བསམས་ཚུལ་ཡག་པོ་རེད་།
འཇིག་མེད་འོད་ལྡན་མཆོག་གི་རྩོམ་དེར་ཆེས་རྨད་དུ་བྱུང་བའི་ཕུལ་བྱུང་གི་དཔྱད་པ་མང་དུ་མངོན་པ་ནི་རྗེས་སུ་ཡི་རང་ཞུ་བའི་གནས་སུ་གྱུར། དེ་ལྟ་ནའང་ཁོང་ཉིད་ལ་བོད་མི་དམངས་སྤྱིའི་བསམ་ཚུལ་ལྟར་ལེགས་ཚད་དང་བཟང་ཚད་མི་གཅིག་གིས་བཟོས་པར་འདོད་པའི་བསམ་ཚུལ་ཤུགས་ཆེན་འདུག དེ་ནས་གང་ཡོད་མི་དམངས་ཀྱི་ནུས་ཤུགས་དང་གཅིག་གྱུར་གྱི་ནུས་པ་ལས་བྱུང་བར་འདོད་དགོས་པ་ནི་ནམ་ཡང་འདོར་དུ་མི་རུང་བའི་དམང་གཙོའི་ལྟ་གྲུབ་ཅིག་ཡིན།
The Changing of Ganden Phodrang
http://www.youtube.com/watch?v=DOYTTEv7kro
Amending the Charter of the Tibetans in Exile
http://www.youtube.com/watch?hl=en&v=f9fVx37erOs&gl=US
དྲ་གྲོགས་རྣམས་ཀྱིས་བསམ་ཚུལ་དང་མཛུབ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ་འོ།