ལོག་སྨྲ་ཚར་གཅོད།
མཁྱེན་ཡངས་དཔྱོད་ལྡན་ཀུན་ལ་འབུལ་རྒྱུའི་དྲི་བ་ཁག་གསུམ། ༡༽ ནང་པའི་ཆོས་གཞུང་ནས་བཤད་པའི་བརྗོད་བྱ་སྤྱི་དང་ལྷག་པར་དངོས་ཁམས་རིག་པའི་སྐོར་རྡུལ་རིགས་ཕྲ་རགས་དང་འཇིག་རྟེན་ཁམས་ཀྱི་རྣམ་བཞག་སོགས་མདོར་ན་གཟུགས་ཅན་ཕྲ་རགས་ཀྱི་གནས་ལུགས་ཤིག་བཤད་ཁུལ་མཛད་པ་དེ་དག་ཆ་འཇོག་འཕེར་བ་ཞིག་གཟིགས་ཀྱི་ཡོད་དམ།
༢༽ ནང་པའི་རབ་བྱུང་བ་ཞིག་གིས་དངོས་ཁམས་ཚན་རིག་ཐོག་ནས་བེམ་གཟུགས་རྣམས་ལ་རྟོག་ཞིབ་བྱེད་སྐབས་གསུང་རབ་དེ་དག་གི་དགོངས་པའི་རྒྱ་ལས་མ་འདས་པ་ཞིག་བྱེད་དགོས་པ་དང་། གལ་ཏེ་འདས་ན་དོན་དངོས་ཤིག་རེག་ཀྱང་ལྟ་བ་ལོག་པར་བརྩི་དགོས་པ་ཡིན་ནམ།
༣༽ སྲོག་ཆགས་རྣམས་ལ་ཡོད་པའི་དྲན་འཛིན་ཚོར་ཤེས་འདི་དག་དང་ཕྲ་བའི་རྡུལ་རིགས་རྣམས་ལའང་དྲན་འཛིན་དང་ཚོར་ཤེས་སོགས་ཀྱི་ནུས་པ་ཡོད་པས་དེ་གཉིས་ཀྱི་བར་ཐག་ཉེ་པོ་ཡིན་པ་ཞིག་གཟིགས་ཀྱི་ཡོད་དམ།
དྲི་བ་དང་པོའི་ལན་དུ་རང་གི་བསམ་འཆར།
སྤྱིར་གང་ཟག་གི་བློ་དང་འཚམས་པའི་གསུང་ཚུལ་ཞིག་ཡིན་སྲིད་ན་ཡང་། བདག་གི་བློ་ཡི་ཁམས་ལ་དེ་བརྒྱ་ཆ་བརྒྱ་ཡིད་བརྟན་འཕེལ་བ་ཞིག་མིན་པར་བསམ། རྒྱུ་མཚན་ནི་བདག་གིས་མངོན་ཤེས་ཟེར་བ་ཅི་ཡིན་ངེས་ཤེས་འདྲོངས་མེད་པས་སོ།
དྲི་བ་གཉིས་པའི་ལན་དུ་བསམ་འཆར།
ལྟ་བ་ལོག་ཟེར་བ་ནི་སྤྱིར་ན་བལྟོས་འཇོག་གི་བཤད་སྟངས་ཤིག་རེད། རང་ཕྱོགས་ལ་བལྟོས་ན་གཞན་ཕྱོགས་ལ་ལོག་པ་དང་དེ་བཞིན་ཚུར་ཁ་སྒྱུར་ཆོག དེས་ན་ནང་པས་གསུང་ཚུལ་ལས་ལྟ་བ་ལོག་པ་ཡིན་རུང་གསུང་ཚུལ་གཞན་ཞིག་ནས་བལྟས་ན་ལོག་མེད། མདོར་བསྡུས་ནས་ད་སྐབས་ལྟ་ལོག་པ་ཞེས་འཁོན་དམད་བྱེད་པའི་དུས་ཚོད་དེ་ཡོལ་ཟིན་པར་སྙམ།
དྲི་བ་གསུམ་པའི་ལན་དུ་བསམ་འཆར།
སྤྱིར་ན་དེའི་སྐོར་ལ་ཆ་རྒྱུས་ཆེར་མེད་པས་བརྗོད་དཀའ་མོ་རེད། འཆར་སྣང་ཙམ་བཤད་ན། ཉེ་བའི་ཆ་ཞིག་མེད་དམ་སྙམ། གང་ལྟར་ཉེ་བོ་དེ་ཙམ་མེད་རུང་རྒྱུད་རིམ་གཅིག་ལ་གནས་མེད་དམ་སྙམ་པ་ཚོར་མྱོང་། འོན་ཚོད་དཔགས་ཁོ་ན་ཡིན།
ལན།
༡༽ ཆ་འཇོག་འཕེར་ཡང་། ཟབ་རྒྱས་མེད།
༢༽ གསུང་རབ་དང་འགལ་ན་ཡང་། རིགས་པ་ཡང་དག་དང་ལྡན་ན་ལྟ་བ་ཡང་དག་པར་གྱུར་པ་རེད།
༣༽ དྲན་འཚོར་དང་། དེའི་ནུས་པ་གཉིས་ལ་བར་ཐག་ཉེ་པོ་ཡོད་དགོས་ཏེ། རྒྱུ་འབྲས་ཡིན་པས་སོ།།
དྲི་བ་དང་པོར། སློབ་དཔོན་དབྱིག་གཉེན་གྱིས། ཧ་ལས་གནད་འཁེལ་རྡོག་དྲིལ་བ་ཞིག་གསུངས་ཡོད། དེ་ནི། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་པ་དེ་ཡིན། སྟོང་ཉིད་ཕྲ་མོའི་སྟེང་ནས་ཀུན་རྫོབ་འཇོག་ཤེས་ཀྱང་ད་དུང་ལས་འབྲས་ཕྲ་ཞིང་ཕྲ་བ་ཤིན་ལྐོག་རིགས་དེ་དག་བདེ་མོར་འཇོག་དཀའ་བ་ཡང་ཡོད། ཡང་རང་བྱུང་ཁམས་ཀྱིས་གྲུབ་པའི་སྣོད་དང་ལས་ཀྱིས་སྒྲུབ་པའི་བཅུད་གཉིས་འཇོག་ཚུལ་གྱི་སྟེང་ནས་ཀྱང་གོ་རྒྱུ་ཡོད། ཡང་མངོན་པ་དང་སྔགས་ཀྱི་བཤད་ཚུལ་ཡང་སོ་སོར་ཡོད་ལ། མཁའི་རྡུལ་ཞེས་རང་བྱུང་ཁམས་ཀྱི་རྩོམ་གཞི་ཕྲ་རབ་དང་། ས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་དག་གི་རང་རང་གི་རྒྱུ་ལ་ཐོག་མ་མེད་པས་ཤིན་ཏུ་ཕྲ་བའི་རླུང་སེམས་ཀྱི་རོལ་པར་འཇིག་རྟེན་གྱི་ཁམས་རགས་པ་བཤད་པར་ཅུང་བདེ་ཡང་། རྟེན་འབྲེལ་ལྟོས་གྲུབ་ཕྲ་མཛངས་ཀྱིས་འཇིག་རྟེན་མ་ལུས་བཤིགཔར་བྱེད་མཁན་རིག་པ་ཡེ་ཤེས་དེ་བདེ་མོར་བཞག་མ་ཐུབ་ན། དེ་དག་རྩ་བ་མ་རིག་པར་ཐུག་ཚུལ་མི་ཤེས། འཁོར་བ་སྒྲུབ་པའི་རྒྱུ་མ་རིག་པ་ཡིན་ན། སྣོད་ཀྱི་འཁོར་བ་དེ་ཡང་མ་རིག་པ་ལས་བྱུང་ན་དེས་ཉེར་ལེན་བྱེད་མ་བྱེད་ཁྱད་ཡོད་སྙམ། སྣོད་བཅུད་གཉི་ག་མ་རིག་པ་ལས་བྱུང་ཡང་སྣོད་ཀྱི་ཉེར་ལེན་གྱི་རྩ་བ་མ་རིག࿒པར་གཏུགས་མི་དགོས་ཏེ། རང་གི་ཉེརལེན་སྔ་མ་ཕྲ་བའི་འབྱུང་ནུས་དེ་ཡོད་ཆོག་པས་སོ།།དངོས་ཁམས་སྨྲ་བ་པོ་དག་ནི་གཞི་ནས་རང་གི་གྲུབ་དོན་འཚོལ་བའི་སྐབས་ཡིན་གྱི་དཔྱད་མཐར་རྙེད་པ་ཞིག་མིན་པས་ནམ་ཞིག་སྐབས་ཀྱི་གྲུབ་དོན་དང་འགལ་བི་དཔང་རྟགས་རྙེད་ཚེ་དོར་བར་བྱ་བ་ཡིན་ལ། འོན་ཀྱང་ནང་དོན་རིག་པས་ཕྱི་དཔྱད་པའི་དཔྱད་མཐར་གྲུབ་དོན་གྱི་མཐའ་མེད་པས་ཤུན་པ་བརྡུང་བས་འབྲས་ཐོབ་ཏུ་མེད་པར་ངལ་བར་ཟད་པར་དགོངས་ཤིང་། ནང་དོན་རིག་པས་དེའི་རྩ་བ་ཞིབ་མོར་དཔྱད་འབྲས་སུ་རྩ་བ་མ་རིག་པ་རྙེད་ལ། མ་རིགཔ་ཡང་རིགཔ་ཡིན་པས་རིག་པ་ཞིག་གིས་མ་རིག་པ་རྩ་བཀོག་གཏོང་བ་ལས་གཟུགས་ཅན་གྱིས་མི་ནུས་པ་ཡིན། དེས་ན་གཟུགས་ཀྱི་ཕྲ་བའི་ཕྲ་རབ་འཚོལ་བ་ལས་རིག་པར་ཕྲ་མོར་འཇུག་ཚུལ་གསུངས་ཡོད། གཟུགས་ཅན་དག་ནི་ཡུལ་དུས་གནས་སྐབས་ཀྱིས་ཡིན་པ་ལས་གཏན་ཆགས་པའི་ཐག་ཆོད་མེད་ལ། སེམས་རང་ནས་རྩ་བཀོག་བཏང་ན་ཐམས་ཅད་ནས་ཐམས་ཅད་མེད་པར་གྱུར་བས། དཔལ་ལྡན་ཟླ་བས། སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན། །ཞེས་གསུངས་པའི་དགོངས་དོན་ཡིན་སྙམ། འོན་ཀྱང་ཕྱི་དངོས་པོ་དང་འགལ་འདུ་ཅན་དུ་གསུངས་པ་ནི་མ་མཇལ་ལོ།།གང་ལགས་ན། དངོས་ཡོད་བསྟུན་དགོས་ལ་རིགས་པ་བཞི་ལྡན་གྱི་ཚུལ་ལུགས་ཡིན་པས་སོ།།
དྲི་བ་དང་པོར། འཇིག་རྟེན་ཁམས་ལས་གླིང་ཕྲན་མང་པོ་བཤད་པ་དེ་དག ད་ཆ་མངོན་གསལ་དུ་གྱུར་བཞིན་ཡོད། རྡུལ་ཕྲ་རགས་བཤད་པ་དེ་དག་ཧ་ལས་དགོས་པ་གསུངས་ཡོད། ལྷག་དོན་བྱེ་སྨྲས་བར་དུ་རླུང་གིས་ཆོད་གསུང་པ་ནི་དེང་སང་ཆ་རྐྱེན་ཤིན་ཏུ་འཛོམས་པོའི་ཐོག་ནས་བརྟག་དཔྱད་གནང་བ་དག་གིས་ཀྱང་ཁས་ལེན་བཞིན་པ་རེད། དེ་མིན་འཇིག་རྟེན་གྱི་བཀོད་པ་ཁ་ཤས་ཡོད་ཀྱང་མི་ལབ་མེད་ཀྱང་མི་ལབ།
བཤད་ཁུལ། ཆ་འཇོག་འཕེར་བ་ཟེར་བ་ནི་འདྲི་པོ་རང་ཉིད་བློ་ཟུར་གནས་མེད་པར་སྟོན།
དྲི་བ་གཉིས་པ། ཀརྡོ་ལགས་ཀྱི་གསུང་པས་མཐུད། འོན་ཀྱང་ཞིབ་འཇུག་ཐིལ་ཕྱིན་པ་གནང་བ་ཞིག་དགོས།
ལར་ནས་དྲི་བ་དང་པོའི་ལན་ཅི་ཕྱིན་པར་གོ་ན་གཉིས་པའི་ལན་ཡང་ཡིན། ཡང་ན། ནང་པའི་གཞུང་ནས་གསུང་པའི་རྡུལ་ཕྲ་བ་ལས་ཀྱང་ཕྲ་བ་དེང་སང་རྙེད་པ་བཞིན་ནང་པའི་ལྟ་གྲུབ་སྨྲ་བ་ཚོས་ངོས་ལེན་བཞིན་ཡོད་པས་ལྟ་ལོག་ཏུ་རྩིས་བ་སུ་ཡང་མེད། ལྷག་དོན་དེང་རབ་པས་ཤིན་ཏུ་ཕྲ་བའི་རྡུལ་ཆ་ཕྱེ་བ་ན་རང་ཡལ་དུ་འགྲོ་བར་གསུང་པ་དེ་དང། ནང་པས་རྡུལ་ཕྲ་རབ་ཁས་ལེན་ན་བདེན་གྲུབ་ཀྱི་དངོས་པོ་ཁས་ལེན་གསུང་པ་དང་ཅིའི་མི་མཐུན།
དྲི་བ་གསུམ་པ། ཕྲ་བའི་རྡུལ་རིགས་རྣམས་ལའང་དྲན་འཛིན་དང་ཚོར་ཤེས་སོགས་ཀྱི་ནུས་པ་ཡོད་གསུང་པ་གང་ལ་གོ་དགོས། དྲན་འཛིན་དང་ཚོར་བ་དངོས་ཡོད་པ་ལ་བྱས་ན་ཁས་ལེ་དཀའ། དྲན་འཛིན་སོགས་ཀྱི་རྐྱེན་བྱེད་པར་བཤད་ཤིན་ཏུ་ནས་ཁས་ལེན་པ་ཡིན།
ལྷན་རྒྱས་རྣམས་ཀྱིས་དྲི་བ་དང་། ལན་བྲིས་པས་བོད་ཀྱི་ཡིག་སྐད་ལེགས་པར་བྱེད་པར་དགའོ།