གཡ་དྲུག་དཀར།
ང་རང་འུག་པ་ཞིག་དང་འདྲ་བར། མིང་ཟུང་རིག་རིག་གིས་ཅི་ཞིག་ལ་ཅེར་འགྲོ། མཚན་སྨག་གི་ཡོལ་རས་མཐུག་དྲགས་ནས་ཅི་ཡང་མཐོང་དཀའ་ཡང་། སང་ཉིན་མོ་ཡིད་ལ་དྲན་ན། དོགས་པ་དང་རྣམ་རྟོག་གི་སྒོ་གླེགས་ཆེན་པོ་དེ་ངང་གིས་གྲོལ་འགྲོ་ལ། ཞེད་སྣང་དང་འཇིགས་སྐྲག་གི་གློག་དམར་བྲང་ཁོག་ལ་ཧར་གྱིས་འཁྱུག་ཐེངས་རེར། སྙིང་ལ་ཚ་ཤར་རྒྱག་པས། མིག་ཟུང་མཚན་ལྗོངས་ལ་གཏད་ཡོད་ཀྱང་། ངས་བོད་ལྗོངས་ཀྱི་ལྷ་སའི་བར་བསྐོར་དང་གདན་ས་གསུམ། སི་ཁྲོན་གྱི་རྔ་བ་དང་དཀར་མཛེས། ཀན་སུའུ་ཡི་བླ་བྲང་དང་རྨ་ཆུ། མཚོ་སྔོན་གྱི་རེབ་གོང་དང་མགོ་ལོག ཡོན་ནན་གྱི་བདེ་ཆེན་སོགས། མདོར་ན་བོད་ཁམས་ཧྲིལ་བོ་དེ་མཐོང་ཞིང་།
མཚན་གུང་ལ་སླེབས་ཉེར་མུན་པ་ཇེ་སྟུག་དང་སྨུག་ཇེ་ནག་ཏུ་འགྲོ་ཡང་། སང་ཉིན་མོ་བསམ་བཞིན། ང་རང་ད་དུང་འུག་པ་ཞིག་དང་འདྲ་བར་བསམ་གཞིག་གི་རྟ་ཁ་ཐུར་ལ་དཀྱུས་ན། མཚན་སྨག་སྟུག་པོའི་ྐློང་ནས་མིག་ལམ་ལ་འཁོར་ཡོང་བའི་བོད་ཁམས་ཧྲིལ་བོ་དེ་རུ། རང་གི་ལ་རྒྱ་དང་ཐོབ་ཐང་། རང་དབང་དང་མང་གཙོ། རིག་གཞུང་དང་ཁོར་ཡུག་སོགས་ཀྱི་ཆེད་དུ། ཁུ་ཚུར་དང་དར་ཆ་དགུང་ལ་འཕྱར་བཞིན། ཁ་གཡང་དང་སྨོན་འདུན་ཁ་ནས་ལུད་ཀྱིན། མི་ཚོགས་དང་མི་ཚོགས་བྱས་ཏེ། མི་ཚོགས་ཅི་ཙམ་ཞིག་ལངས་ཡོང་བ་མཐོང་གི
མཚན་གུང་ཡོལ་སོང་། ཆུ་ཚོད་ཀྱི་ཐག་སྒྲས་ཅི་ཞིག་འཆད་ཀྱིན་པ་ལྟར་ང་ལ་བྲེལ་ཤ་སློང་། སེམས་པ་འཚབ་འཚུབ་ཀྱིས་འདང་ཞིག་བརྒྱབས་པར། ངའི་ཡིད་ཀྱིས་མཐོང་ཐུབ་པ་ནི། སང་ཉིན་མོ། ཁོང་ཚོ་ལངས་མ་ཐག ལག་ཏུ་དྲག་པོའི་མཚོན་ཆ་ཐོགས་ཤིང་། བྲང་ཁོག་ལ་གདོན་སེམས་ནག་པོ་ཞུགས་པའི་དམར་དམག་ཁྲི་མ་འབུམ། གློ་བུར་དུ་ཁོང་ཚོ་དང་ཁ་གཏད་དུ་ལངས་ཡོང་ངེས་ལ། སྐབས་དེ་མ་ཐག བོད་ཁམས་ཧྲིལ་བོ་དེ་ནས། སླར་ཡང་མི་ཅི་ཙམ་གྱི་ཚེ་སྲོག་ཤོར་སྲིད་དམ། མི་ཅི་ཙམ་ལ་རྨས་སྐྱོན་ཕོག་སྲིད་དམ། མི་ཅི་ཙམ་དྲན་མེད་ཚོར་མེད་བཟོ་སྲིད་དམ། མི་ཅི་ཙམ་ས་དོང་མུན་དོང་གིབཙོན་དུ་ཚུད་སྲིད་དམ། མི་ཅི་ཙམ་ལ་སྲོག་ཐོག་གི་ཉེས་ཆད་འབབ་སྲིད་དམ། མི་ཅི་ཙམ་ཞིག་ཚེ་བཙོན་གྱི་བཙོན་རྭར་འཇུག་སྲིད་པ་དེ་རེད།
འོ་་་་་་་་ད་དུང་། སང་ཉིན་མོའི་ཆག་སྒོ་འདིའི་འཕྲོ་ན་ལྷག་པའི་བོད་ཁམས་དེའང་། གསོན་པོ་ཡིན་ནམ། ནམ་སྨད་ལ་སླེབས་དུས་ངས་འདི་ལྟར་སྨག་རུམ་གྱི་ྐློང་ཆེན་པོར་དྲི་རྟགས་རེ་བཀོད་མོད། ཕ་མ་བསད་སོང་བའི་དྭ་ཕྲུག བཟའ་ཟླ་ཤོར་སོང་བའི་ཡུགས་ས། གཅེས་ཕྲུག་བརླག་སོང་བའི་ཕ་མ། ཐ་ན་བདག་པོ་བོར་སོང་བའི་ནོར་ལུག་སོགས་ཚོད་རྩིས་ཤིག་བརྒྱབས་ནའང་། སང་ཉིན་མོར་བོད་ཁམས་ཧྲིལ་བོ་ནས་གསོན་པོ་ཐང་པོ་ཞིག་ལྷག་མི་སྲིད་པ་རྟོགས་ཤིང་།
སུས་ཀྱང་ཁ་ཚོན་གཅོད་དཀའ་བའི་སང་ཉིན་མོ་ཡིད་ལ་དྲན་ན། དོ་ནུབ་ང་རང་འུག་པ་ཞིག་ལྟར་འདུག་དགོས། དོ་ནུབ་ངས་འུག་པ་ཞིག་ལྟར་སང་ཉིན་གྱི་བོད་ཁམས་ལ་སོ་ལྟ་བྱེད་དགོས། འོན་ཀྱང་། སང་ཉིན་གྱི་སྐྱ་རེངས་ཤར་དུས། ངའང་ནུས་མེད་ཡིན། ངས་ཀྱང་ཅི་ཡང་འཇོན་མི་སྲིད། དུས་ཚོད་ཀྱིས་སྐྱ་རེངས་དང་ཐག་ཉེར་གཏུགས་དུས། ངའི་སྙིང་ཁམས་འཁྱག་སིབ་སིབ་འདི་ལྟར་དྲན་ཡོང་ལ། སང་ཉིན་མོའི་བོད་ཁམས་ཀྱི་མགོན་སྐྱབས་དེ་སུ་ཡིན་ནམ་བསམ་བཞིན་མགོ་བོ་སྔས་ཐོག་ལ་ལྷུང་།།
ངོ་མ་བཟང་་་་་ གི།