(བཀུར་འོས་པའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་དང་། རྒྱ་ཆེ་བའི་བོད་རིགས་མང་ཚོགས་རྣམ་པ།)
བོད་སྐད་ལྷན་ཚོགས་ནས།
དེ་རིང་ནས་བརྩིས་པའི་ཉིན་བཅུའི་རྗེས་ཏེ་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་ནི་བོད་ཀྱི་མུན་ནག་གི་ཉིན་མོའམ། གསུམ་བཅུའི་དུས་དྲན་གྱི་ཉིན་མོ་ཡིན་ལ་ང་ཚོས་མི་ལོ་ལྔ་བཅུ་ལྷག་གི་རིང་མུན་ནག་གི་ཉིན་མོ་འདི་སྲུང་བརྩི་བྱས་ཏེ་ཡོང་བ་ཡིན། ད་ལོ་ཡང་དེ་ལྟར་སྲུང་བརྩི་བྱ་རྒྱུ་ཡིན་པ་སྨོས་མེད་ཐོག ཉེ་ཆར་གཞིས་ལུས་བོད་མིར་གཉའ་གནོན་དང་དྲག་གནོན་ཤུགས་ཆེན་ཚད་མེད་བྱས་པར་མ་ཟད། ཁྲག་རྒྱུན་གཅིག་པའི་སྤུན་ཟླ་ཉི་ཤུ་ལྷག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་པར་བརྟེན། སྔར་དང་མི་འདྲ་བའི་གསུམ་བཅུའི་དུས་དྲན་ནམ་མུན་ནག་གི་ཉིན་མོ་འདི་སྲུང་བརྩི་གནང་དགོས་པའི་འབོད་སྐུལ་དང་མཉམ་དུ། ད་ལོར་བཙན་བྱོལ་དུ་ཡོད་པའི་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཚང་མས་ཉིན་མོ་འདིའི་ངོ་རྒོལ་འཕྲེད་དར་དང་ཤོག་བྱང་། བཀྲམ་ཡིག་སོགས་ཀྱི་སྟེང་དུ་བོད་ཡིག་ངེས་པར་དུ་འབྲི་རོགས་གནོངས་ཞེས་འབོད་སྐུལ་ཞུ་གིན་ཡོད།
ང་ཚོ་བོད་པ་ཚང་གི་སྐད་ཡིག་ཀྱང་རྒྱལ་ཁབ་གཞན་གྱི་སྐད་ཡིག་དང་འདྲ་མཉམ་གྱིས་བསྐྱོད་ཐུབ་ཆེད་ངོ་རྒོལ་གྱི་འབོད་ཚིག་ཁག་གི་ནང་དོན་དེའང་བོད་ཡིག་དང་དབྱིན་ཡིག རྒྱ་ཡིག་དང་ཕྱིའི་སྐད་ཡིག་མཉམ་སྦྲགས་ཐོག་བྲིས་ཏེ། བོད་པ་བསླེབ་སར་བོད་ཡིག་ཀྱང་བསླེབ་ཐུབ་བྱེད་དགོས་ལ། དེ་ནི་ང་ཚོའི་ངོ་རྟགས་ཀྱི་མཚོན་དོན་གཙོ་བོའང་ཡིན།
དེ་བཞིན་འདི་ལོར་བོད་མི་འདུས་སྡོད་ཀྱི་ས་གནས་ཁག་ཚང་མར་འབོད་ཚིག་གཅིག་དང་དགོས་འདུན་གཅིག་བྱུང་ན་བཟང་སྙམ་པས་གཤམ་གྱི་འབོད་ཚིག་ཁག་དཔེ་མཚོན་དུ་བཀོད་པ་ལགས།
གཅིག བོད་བོད་ཡུལ་ནས་སྐྱིད། རྒྱ་རྒྱ་ཡུལ་ནས་སྐྱིད།
གཉིས། ༸གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས།
གསུམ། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། རང་དབང་དགོས།
བཞི། བོད་མི་རྣམས་བཙོན་འཇུག་དང་མནར་གཅོད། དམར་གསོད་སོགས་འཚམས་འཇོག་དགོས།
ལྔ། བོད་ལ་འདྲ་མཉམ་དང་ཐོབ་ཐང་། མང་གཙོ། ཞི་བདེ་དགོས།
དྲུག བོད་མི་རིགས་ཀྱི་སྐད་དང་ཡི་གེ ཆོས་དང་རིག་གཞུང་བཅས་པ་རྩ་གཏོར་གྱི་ལྐོག་ངན་སྲིད་ཇུས་མཚམས་འཇོག་དགོས།
བདུན། གཏེར་ཁ་བསྔོག་འདོན།། ཤིང་ནགས་གཅོད་འབྲེག། མཁའ་དབུགས་སྤག་རྩོག། ཁོར་ཡུག་གཏོར་སྐྱོན།། མཚམས་འཇོག་བྱེད་དགོས།།
བརྒྱད། བོད་ལ་ཆོས་དད་རང་དབང་དགོས།
དགུ་བ། བོད་མའི་སྐྱིད་སྡུག་མཉམ་མྱོང།
བཅུ་བ། བོད་པར་དྲག་གནོད་དང་འཇིགས་སྐུལ་མཚམས་འཇོག་དགོས།
ཕྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༡ ཉིན་མོར་བོད་སྐད་ལྷན་ཚོགས་ནས།
ད་རེས་ཀྱི་སུམ་བཅུ་དུས་དྲན་འདི་སྔོན་མ་དང་མི་འདྲ་བར་ལས་འགུལ་ཡག་པོ་སྤེལ་དགོས། ཉེ་སྔོན་བོད་ནང་གི་རྒྱལ་གཅེས་དཔའ་པོ་དཔའ་མོ་ཚོའི་རང་ལུས་མེར་སྲེག་པ།
ད་དུང་བོད་མི་མང་པོ་ཞིག་རྒྱའི་ཁྲིམས་འོད་ནས་མནར་སྤྱོད་མྱངས་དང་མྱོང་བཞིན་པ་ཚོ་དང་། ཕྱིར་སྡོད་བོད་མི་གསུམ་གྱིས་ལོ་སར་ཚེས་གཅིག་ནས་བཟུང་ཟས་བཅད་ངོ་རྒོལ་བྱེད་པ་སོགས་ལ་གདུང་སེམས་མཉམ་སྐྱེད་ཡོང་ཆེད་དུ། ང་ཚོའི་སྡུག་གི་འབོད་སྒྲ་འདི་འཛམ་གླིང་མི་དམངས་ཚོར་ཤེས་སུ་འཇུག་དགོས་ན།
ཕྱི་རྒྱལ་ན་ཡོད་པའི་དོན་སྤྱོད་ཁག་གཙོ་བྱས་ནས་འཛམ་གླིང་གང་སར་གནས་པའི་བོད་མི་ཡོད་དོ་ཅོག་གིས།
མི་རེ་ངོ་རེ་ནས་བོད་མའི་སྐྱིད་སྡུག་མཉམ་མྱོང་ཟེར་བ་ཁ་གཅིག་བུ་མ་ཡིན་པར་ལག་ལེན་དངོས་ལ་འབད་དགོས།
ཟུར་ཞུ་་་་་་་་ཕྱི་རྒྱལ་ན་ཡོད་པའི་དོན་སྤྱོད་ཁག་ལ་བཤད་རྒྱུར། ཁྱེད་ཚོར་གཅིག་ནས་རྒྱལ་ཁབ་དེ་དང་དེའི་དཔོན་རིགས་མི་སྣ་ཚོ་དང་འབྲེལ་བ་ཡོད་རེད། གཉིས་ནས་ས་གནས་ཀྱི་བོད་མོ་ཚོ་ལ་བཀའ་བཀོད་ཀྱིས་དཔང་ཆ་ཡོད་རེད། ད་དུང་ཤེས་ན་མ་ཤེས་འདོག་འདོག གོ་ན་མ་གོ་འདོག་འདོག་གིས་ བསྡད་ན་འགྲིག་གི་མ་རེད་ད།། །།
རྒྱབ་སྐྱོར་དང་རྗེས་སུ་ཡི་རང་ཡོད།
གཏེར་ཁ་བསྔོག་འདོན།། ཤིང་ནགས་གཅོད་འབྲེག། མཁའ་དབུགས་(སྤག་རྩོག།) ཁོར་ཡུག་གཏོར་སྐྱོན།། མཚམས་འཇོག་བྱེད་དགོས།།
༼སྤག་རྩོག་༽མིན་པར་་་་་འདི་ལ་སྦག་བཙོག་ཅེས་འབྲི་དགོས། འདི་ལྟར་ཡིག་ནོར་ཅན་གྱི་འཕྲེད་དར་ཞིག་དཔྱངས་པ་ཡིན་ན་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ལས་གཏོར་བཤིག་བཏང་བ་རེད། ཁྱོད་ཚོས་འཕྲེད་དར་སྟེང་འབྲི་བའི་བརྗོད་ཚིག་འདི་དག་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ན་ཡིག་ནོར་མེད་པ་ཞིག་སྒྲོགས་རྒྱུའི་རེ་བ་ཡོད། སྐུ་མཁྱེན།
བོད་སྐད་ཚོགས་ལྷན་ཚོགས་དང་བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཚོགས་པ་ཟེར་བ་ལྟ་བུའི་མིང་ཞིག་བཟུང་ནས་འདི་རིགས་ལ་གཟབ་རྒྱུ་གལ་ཆེ།
འདི་ནི་ཁོ་བོས་ཁྱེད་ཅག་ལ་དོན་མེད་སྐྱོན་འཛུགས་བྱེད་པ་དང་མ་དགའ་བ་གང་ཡང་མིན། བཤད་ཉེས་ཤོར་ཡོད་ན་དགོངས་དག་ཞུ།
ད་ལོའི་སུམ་་ཅུའི་དུས་དྲན་སྐབས་རྒྱ་ནག་གིས་སྔར་དང་མི་འདྲ་བའི་བསུན་བཙེར་བྱེད་ངེས།
༼སྤག་རྩོག་༽མིན་པར་་་་་འདི་ལ་སྦག་བཙོག་ཅེས་འབྲི་དགོས་ཟེར།