ཨེ་མ་ཧོ།
ན་མོ་གུ་རུ་པདྨ་ཀ་ར་ཡེ།
སྐུ་གསུམ་རྒྱལ་ཀུན་འདུས་ཞལ་པདྨ་འབྱུང་།།
ཁམས་གསུམ་འགྲོ་བ་ཡོངས་ཀྱི་མགོན་གཅིག་པུ།།
དུས་གསུམ་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན།།
མཆོག་གསུམ་རྒྱལ་བའི་སྤྱི་གཟུགས་རྒྱལ་གྱུར་ཅིག།
ཞིང་འབྲོག་ཕལ་ཆེར་གྲོང་མཐའི་རྒུད་པར་སྐྱལ།།
མདོ་དབུས་ཁམས་པའི་དགོན་སྡེ་དཔལ་འབྱོར་ཁང་།།
རྒྱ་སྐད་གོ་ན་སངས་རྒྱས་གསོན་མིང་འདོགས།།
གངས་ཅན་སྲོལ་རྒྱུན་དངུལ་ལ་བརྗེ་འདི་སྐྱོ།།
མཁན་སྤྲུལ་ཕལ་ཆེར་རྒྱ་ནང་ཚོང་པར་རྒྱུ།།
བླ་མ་ཕལ་ཆེར་བསྟན་སྲིད་དབུ་གཉིས་ཁྲབ།།
གླུ་བ་ཕལ་ཆེར་སྟོང་འུར་བསྟོད་ལ་བྲེལ།།
དོན་མེད་ཐབ་གསུར་མང་འདི་ཀྱེ་མ་ཧུད།།
དབུས་གཙང་ཞིང་དུ་ཇོ་བོ་ལས་བྱེད་ཆགས།།
ཨ་མདོའི་ཕྱོགས་ནས་ལྟ་ལོག་བསྟན་པ་དར།།
ཁམས་པའི་དགེ་བཅུ་བག་ལ་ཞ་བའི་ཚེ།།
སྐྱབས་མེད་མགོན་མེད་རང་གཞན་སྙིང་རེ་རྗེ།།
རྒྱ་བླ་ཕལ་ཆེར་རླངས་འཁོར་འགྲན་བསྡུར་ཙམ།།
བོད་བླ་ཀླད་མེད་རང་མགོ་རང་གིས་བསྐོར།།
དབྱིན་བླ་མི་ཚེ་གཡོག་ལ་ཟད་པའི་ཚེ།།
གངས་ཅན་སྟོན་པའི་མདུན་ལམ་ངང་གིས་འགགས།།
སྟོད་ན་གངས་དཀར་ཞུས་ནས་བྲག་རྡོ་ལོག།།
བར་གྱི་ནགས་ཀླུང་ཉམས་ནས་སོལ་བར་བསྒྱུར།
མཐའ་བཞིའི་ཆུ་བོར་ལུད་ཀྱིས་ལྷད་པའི་ཚེ།།
འཛམ་གླིང་ནོར་འཛིན་སྙིང་གི་སྲོག་རྩ་བསྐམས།།
ལྷ་སའི་གླིང་ན་ཁ་ཆེའི་ལྷ་ཁང་བཞེངས།།
ཕོ་བྲང་དཀར་དམར་དམག་གི་རུ་དར་སྒྲོན།།
སེ་འབྲས་དགེ་གསུམ་བཤད་སྒྲུབ་ཉམས་པའི་ཚེ།།
ཆོས་ཀྱི་རྒྱལ་པོའི་ཏང་ལ་རེ་འབོད་བྱས།།
རྔ་བའི་ཁུལ་ནས་གསོན་བསྲེག་ལས་འགུལ་དར།།
སྐྱེ་དགུའི་ཕྱོགས་སུ་རྐུན་ཇག་ཟ་ཁ་དར།།
དགོན་སྡེ་ཕལ་ཆེར་ཉེན་རྟོག་གང་བའི་ཚེ།།
རྒྱལ་ཁམས་འཁྱམས་པོ་བདག་གི་སྙིང་རྩ་འཕར།།
གནས་ཆེན་ཀུན་ཏུ་ཡུག་མོས་བཙན་ས་བཟུང་།།
བླ་བྲང་ཕལ་ཆེས་རུལ་སོང་ནང་ནས་སྤེལ།།
སྨོན་ལམ་འཚོགས་འདུའི་ཆོས་བརྒྱད་འགྲན་པའི་ཚེ།།
བཤད་སྒྲུབ་ཕྲིན་ལས་མུན་པའི་དཔུང་དུ་ཚུད།།
རྒྱ་ནག་སོ་བ་བོད་ཀྱི་གཅེས་ཕྲུག་བྱས།།
ཆོས་པ་ཡང་དག་དགྲ་ཡི་དྭངས་མར་རྩི།།
བདེན་དྲང་མེད་པའི་གཡོ་སྒྱུ་ཚེས་པའི་ཚེ།།
ངོ་ཚ་ཁྲེལ་མེད་ཁྱི་སྤྱང་རྒྱལ་ཁ་ཐོབ།།
གངས་འདབས་ཉེར་གཅིག་གཏེར་ཁ་བཙན་གྱིས་གཏོར།།
བླ་མཚོར་ཕལ་ཆེར་ཉ་བ་གདོལ་བས་གང་།།
ཧེབ་སྐྱལ་བླུན་རྨོངས་གྲལ་མགོ་འཛིན་པའི་ཚེ།།
བཀའ་སྲུང་ཆོས་སྐྱོང་སྲུང་མ་འཇའ་བཞིན་ཡལ།།
རྐུན་རྫུན་མཁས་པས་རང་ཁ་གསོ་བར་རྒྱལ།།
གཡོ་སྒྱུ་ཁྲམ་པས་ཕ་ཆོས་བརླགས་པར་བྱས།།
ཆོས་མཛད་ཕལ་ཆེ་དམའ་ས་བཟུང་བའི་ཚེ།།
གངས་ཅན་གནའ་དེང་བཟང་ངན་གོ་ལོག་གྱུར།།
རྒྱལ་ཁམས་བདེན་དྲང་གནས་ལུགས་རབ་ཏུ་བཙུན།།
རྒྱལ་བསྟན་དར་རྒྱས་འགྲོ་བའི་བདེ་སྐྱིད་འཕེལ།།
རྒྱལ་ཀུན་དགྱེས་པའི་བཟང་པོ་སྤྱོད་པའི་ཚོགས།།
ཕྲིན་ལས་ནམ་མཁའི་ཁྱོན་ཀུན་ཁྱབ་གྱུར་ཅིག།
གསུམ་བཅུ་དུས་དྲན་སྐབས་སུ་ཤྲྰི་ཨེ་མ་ཧོས་བྷན་གྷོར་གཙུག་ལག་སློབ་གླིང་གི་ཚིག་ཇ་ཁང་ནས་གང་ཤར་སྐྱོ་གླུ་རུ་བླངས་པས་བཟང་ངན་ཤན་འགྱེད་ནུས་པའི་རྒྱུ་རུ་གྱུར་ཅིག་གུ།།
གསུམ་བཅུའི་དུས་དྲན་དྲན་གསོ་བྱས་ཡོད་དམ། །
གསུམ་བཅུའི་དུས་དྲན་གཏམ་བཤད་སྤེལ་ཡོད་དམ། །
གསུམ་བཅུའི་དུས་དྲན་སྐད་འབོད་བརྒྱབ་ཡོད་དམ། །
གསུམ་བཅུའི་དུས་དྲན་དམ་བཅའ་བཞག་ཡོད་དམ། །
གསུམ་བཅུའི་དུས་་དྲན་རྒྱ་ལ་ངོ་རྒོལ་བགྱིས་།
གསུམ་བཅུའི་དུས་དྲན་གཞིས་ཞུགས་དྲན་པ་བགྱིས་།
གསུམ་བཅུའི་དུས་དྲན་བསྔོ་བ་སྨོན་ལམ་འདོན་།
གསུམ་བཅུའི་དུས་དྲན་སྐྱིད་ཉལ་མ་རྒྱག་ཨ་།
སུམ་ཅུའི་དུས་དྲན་བྱས་ན་དབུ་མ་འགལ།།
དབུ་མའི་རྗེས་སུ་རྒྱུགས་ན་གསོན་བསྲེག་གྱིས།།
གསོན་བསྲེག་དཔའ་བོ་རྩིས་ན་ཤི་རང་རྒྱོབས།།
མི་ཚེ་འཕྲོག་བརླག་བསམ་ན་དེ་འདྲ་རེད།།
ད་ནི་ཨེ་མ་ཧོ་ཡང་མཚར་པོ་འདུག།
འཛིན་མཚམས་མེད་པར་རྒྱ་མིའི་པཎ་རྫུན་བསྟོད།།
གངས་རི་ལྗོངས་ཀྱི་སྣོད་བཅུད་ཐམས་ཅད་སྨད།།
གང་དྲན་ལག་ཏུ་བླངས་ནས་བྲིས་འདི་ངན།།
བོད་ཀྱི་འབོད་སྒྲ་ནི། ༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་དང་། ཏིང་ཤའོ་ཕིན་གཉིས་ཀྱི་མཇལ་འཕྲད་མ་བྱུང་བར། རང་བཙན་སྐད་འབོད་བྱས་ཡོད་པ་དང་། དེའི་ཕྱི་ནས་ནས་བཟུང་༸གོང་ས་མཆོག་གིས། དབུས་མའི་ལམ་གསར་གཏོད་མཛད་པ་ནས་བཟུང་། གཉིས་སྨན་དབུས་མའི་ལམ་ལ་ཤར་བསྐྱོད་ཐུབ་ན། འགྱོད་པ་ཆུང་བ་འོངས་ངེས་སོ་སྙམ་ལགས།