༄༅། །དེ་རིང་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་བོད་མི་ཚོས་བོད་ཀྱི་རྒྱལ་ས་ལྷ་སར་ཞི་བའི་གྱེན་ལངས་བྱས་ཏེ་ལོ་ ༥༣ དང་། ཕྱི་ལོ་ ༢༠༠༨ ལོར་བོད་ཆོལ་ཁ་གསུམ་ཁྱོན་ཡོངས་ལ་ཞི་རྒོལ་བྱས་ཏེ་ལོ་བཞི་འཁོར་བའི་དུས་ཚིགས་ཀྱི་ཉིན་མོ་འདིར། བསྟན་སྲིད་མི་རིགས་ཀྱི་དོན་དུ་ལུས་སྲོག་བློས་བཏང་གནང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་རྗེས་དྲན་གུས་བཏུད་ཞུ་རྒྱུ་ཡིན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་བཙན་བཟུང་བྱས་ཏེ་ལོ་ ༥༣ འདས་ཟིན་ཀྱང་། བོད་ནང་གི་བོད་མིའི་སྙིང་སྟོབས་ལ་འགྱུར་བ་མེད་པར་གནས་ཡོད།
དུས་སྐབས་འདིའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོའི་དགོངས་ཡངས་དཀྱེལ་ཆེའི་དབུ་འཁྲིད་ལམ་སྟོན་ལ་གུས་བཏུད་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན། དེ་བཞིན་འདས་པའི་མི་ལོ་ལྔ་བཅུ་ལྷག་རིང་ང་ཚོའི་འཐབ་རྩོད་ཀྱི་ལས་འགུལ་ཐོག་སྐུ་ངལ་ཁྱད་བསད་དང་འབད་རྩོལ་ལྷོད་མེད་ཀྱིས་ཕྱག་ལས་གནང་མཁན་མི་ཐོག་རྒན་པ་རྣམས་ལའང་གུས་བཏུད་དང་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ཡིན།
ན་ནིང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆབ་སྲིད་ཀྱི་སྐུ་དབང་རྩིས་སྤྲོད་གནང་རྒྱུའི་བཀའ་ཕེབས་བྱུང་སྐབས། བོད་མི་ཚོར་བློ་འཚབ་ཆེན་པོ་བྱུང་སྟེ་དགོངས་པ་བསྐྱར་བཞེས་ཡོང་བའི་གསོལ་འདེབས་ཀྱང་ཞུས་ཡོད། ད་ཆ་༸གོང་ས་མཆོག་གི་རླབས་ཆེའི་དགོངས་པ་དང་ཐག་གཅོད་དེ་དག་ལ་འཛམ་གླིང་ཡོངས་ཀྱིས་ངོས་འཛིན་དང་བསྔགས་བརྗོད་ཞུ་བཞིན་ཡོད། རྒྱལ་ཁབ་ཁག་བཞི་བཅུ་ལྷག་ནང་གནས་སྡོད་བྱེད་མཁན་བཙན་བྱོལ་བོད་མི་ཚོས་རང་དབང་དང་དྲང་སྙོམས་ཀྱི་ལམ་ནས་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་བསྡུའི་ལས་རིམ་ནང་ཞུགས་ཏེ། རླབས་ཆེའི་འཕོ་འགྱུར་དེ་འཇམ་ལྷིང་ངང་ལེགས་གྲུབ་བྱུང་ཡོད།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཕྲན་ལ་ཐུགས་སྨོན་མཚམས་སབྱོར་དང་སྦྲགས། ཆབ་སྲིད་དང་ཁྲིམས་མཐུན་གྱི་བརྒྱུད་འཛིན་པར་དབང་བསྐུར་མཛད་པ་ནི་རང་ཉིད་ཀྱི་བསོད་ནམས་ཀྱི་གོ་སྐལ་ཆེན་པོ་ཞིག་ཡིན། སྐབས་དེར་༸གོང་ས་མཆོག་ནས། བོད་ཀྱི་སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་མདུན་ནས་ངས་རྩིས་ལེན་ཞུས་པ་དེ། དེ་རིང་མི་མང་གིས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་ལ་རྩིས་སྤྲོད་བྱ་རྒྱུ་ཡིན། ཞེས་དང་། རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན། ཞེས་བརྗོད་པའི་འདོད་དོན་དེ་རིང་དངོས་སུ་གྲུབ་ཐུབ་པ་བྱུང་ཞེས་བཀའ་ཕེབས་ཡོད། དེ་བཞིན་གཞིས་བཞུགས་བོད་མི་རྣམས་ནས་ཀྱང་ཕྲན་ལ་དགའ་བསུ་དང་རྒྱབ་སྐྱོར་ཆེན་པོ་བྱུང་བ་དང་། ལྷག་པར་གཞིས་བཞུགས་བོད་མི་བརྒྱ་ཕྲག་ཁ་ཤས་ལ་དངོས་སུ་ཐུག་འཕྲད་ཀྱི་གོ་སྐབས་བྱུང་སྐབས། ཁོང་ཚོས་རྒྱབ་སྐྱོར་དང་སྨོན་འདུན་གྱི་རྣམ་འགྱུར་གསལ་པོ་བསྟན་པ་ལ་བརྟེན་ནས་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བྱུང་། སྤྱི་ནོར་༸གོང་ས་མཆོག་གིས་ལོ་རྒྱུས་རང་བཞིན་ལྡན་པའི་ཆབ་སྲིད་ཀྱི་དབང་བསྐུར་གནང་བའི་བྱིན་མཐུ་དང་། རྒྱ་ཆེའི་མང་ཚོགས་ཀྱི་དབང་ལུང་། གཞིས་བཞུགས་བོད་མིའི་ཡིད་ཆེས་དང་རྒྱབ་སྐྱོར་བཅས་ལ་བརྟེན་ཏེ། ངས་གདེང་སྤོབས་ཆེན་པོས་བོད་མིའི་སྒྲིག་འཛུགས་འདི་ཉིད་བོད་མི་ས་ཡ་དྲུག་གི་ཁྲིམས་མཐུན་ངོ་ཚབ་དང་། རང་དབང་ཅན་གྱི་མགྲིན་ཚབ་པ་ཡིན་ཞེས་བརྗོད་ཐུབ།
རྒྱ་ནག་གཞུང་ནས་མི་ཐོག་གསར་རྙིང་གི་འགོ་འཁྲིད་འཕོ་འགྱུར་སྐབས་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ལ་ཉམས་ཉེས་ཡོང་རྒྱུའི་རེ་སྟོང་འཆང་བ་ནི་ནམ་ཡང་འགྲུབ་ཐབས་མེད་པ་ཞིག་ཡིན་ཞིང་། བོད་མིའི་འགྱུར་བ་མེད་པའི་སྙིང་སྟོབས་དང་། མི་ཐོག་རྗེས་མ་ཚོའི་ཤེས་ཡོན་གྱི་ནུས་ཤུགས་གཉིས་ལ་བརྟེན་ནས་ཇི་སྲིད་བོད་ལ་རང་དབང་སླར་གསོ་མ་བྱུང་དེ་སྲིད་དུ་བོད་མིའི་འགོ་འཁྲིད་དང་འཐབ་རྩོད་ཀྱི་སྟོབས་ཤུགས་རྒྱུན་གནས་དང་གོང་འཕེལ་ཡོང་རྒྱུ་རེད། རྒྱ་ནག་གཞུང་གིས་བཤད་པ་ལྟར་བོད་མི་ཚོར་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ་བདེན་པ་ཡིན་ན། བོད་ནང་མང་གཙོའི་ལམ་ལུགས་ཇི་བཞིན་ཕྱི་གསལ་ནང་གསལ་དང་དྲང་སྙོམས་ཀྱི་འོས་བསྡུའི་ཐོབ་ཐང་སྤྲོད་དགོས། ད་བར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཚོགས་དྲུང་ཆེར་བོད་རིགས་གཅིག་ཀྱང་བསྐོ་གཞག་བྱུང་མྱོང་མེད་ཅིང་། དབང་ཆ་ཅན་གྱི་གཞུང་གི་གོ་གནས་ཕལ་ཆེ་བ་རྒྱ་རིགས་ཀྱིས་བཟུང་ཡོད། ལས་བྱེད་པའི་བརྒྱ་ཆ་ ༥༠ ལྷག་རྒྱ་རིགས་ཡིན་པ་དང་། སྒེར་གྱི་བཟོ་ཚོང་སྡེ་ཚན་གྱི་བརྒྱ་ཆ་ ༧༠ སྐོར་རྒྱ་མིས་དབང་བཟུང་བྱེད་བཞིན་ཡོད། མཐོ་རིམ་སློབ་འབྲིང་དང་གཙུག་ལག་སློབ་གྲྭ་ཐོན་པའི་བོད་རིགས་བརྒྱ་ཆ་ ༤༠ སྐོར་ལ་འཚོ་རྟེན་ལས་ཀ་མེད་པར་ལྷག་ཡོད།
བོད་ཀྱི་གནད་དོན་ནི་བོད་མི་ས་ཡ་དྲུག་གི་བདེ་དོན་ཁོ་ན་མ་ཡིན་པར། ས་ཡི་གོ་ལ་ཡོངས་རྫོགས་ལ་ཕན་གནོད་འབྲེལ་བ་ཞིག་ཡིན། སྐད་ཡིག་དང་། ནང་དོན་རིག་པ། ལོ་རྒྱུས་དང་བཅས་པའི་བོད་ཀྱི་ཐུུན་མོང་མ་ཡིན་པའི་རིག་གཞུང་ལ་སྲུང་སྐྱོབ་ངེས་པར་བྱེད་དགོས། བོད་ཀྱི་མཐོ་སྒང་ནི་གོ་ལའི་ལྷོ་བྱང་གི་སྣེ་གཉིས་ཕུད་པའི་འཁྱག་རོམ་གྱི་རྟེན་གནས་ཆེ་ཤོས་དེ་ཡིན་པས། འཛམ་གླིང་གི་སྣེ་གསུམ་པ་ལྟ་བུ་ཡིན་པ་དང་། མི་འབོར་དུང་ཕྱུར་བཅོ་ལྔ་ལྷག་གི་འཚོ་གནས་དང་འབྲེལ་བ་ཡོད་པའི་གཙང་ཆུ་ཆེ་ཁག་བཅུའི་འབྱུང་ཁུངས་ཀྱང་ཡིན། དེ་བཞིན་རྒྱ་ནག་གི་དཔལ་འབྱོར་ཐོན་སྐྱེད་སླད་བོད་ནས་ལོ་རེར་ཨ་སྒོར་ཐེར་འབུམ་མང་པོའི་རིན་ཐང་ཅན་གྱི་གཏེར་ཁ་བསྔོག་འདོན་བྱེད་བཞིན་ཡོད་པ་དང་། ལོ་གྲངས་བཅུ་ཕྲག་ཁ་ཤས་རིང་ཤིང་སྣ་གཅོད་བྲེག་རྒྱུན་ཆད་མེད་པར་བྱས་པ་ལ་བརྟེན་ནས་བོད་ཀྱི་གདོད་མའི་ནགས་ཚལ་ཕྱེད་ལྷག་རྩ་མེད་དུ་བཏང་ཟིན་ཡོད། དེར་བརྟེན་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་འཛམ་གླིང་སྤྱི་ཡོངས་ཀྱི་འགན་ཁུར་ཞིག་ཆགས་ཡོད།
ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གིས་བོད་བཙན་བཟུང་བྱས་སྐབས་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་བསྐྲུན་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་། དངོས་དོན་དུ་བོད་མི་རྣམས་གྲལ་རིམ་གཉིས་པའི་མི་སེར་ལྟ་བུར་གྱུར་ཡོད་པ་དང་། བོད་མི་ཚོས་ཞི་བའི་སྒོ་ནས་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་བའི་གཞི་རྩའི་ཐོབ་ཐང་རྩོད་ཆེད་འདུ་འཛོམས་ཙམ་ཡང་བྱེད་ཆོག་གི་མེད་པ། དཔེར་ན་འདི་ལོ་ཟླ་ ༡ ཚེས་ ༢༣ དང་ ༢༤ རྒྱ་ནག་གི་དཔྱིད་གསར་དུས་ཆེན་སྐབས་བོད་མིའི་ཐོག་མེ་མདའ་བརྒྱབས་ཏེ་བསད་པ་དང་འཛིན་བཟུང་བྱེད་པ་བཅས་བྱས་ཡོད། བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཚོགས་ཀྱི་འཐུས་མི་རྣམས་ལ་བོད་མི་ཞི་རྒོལ་བ་ཚོའི་ཐོག་དམག་དྲང་རྒྱུའི་གྲ་སྒྲིག་དགོས་ཚུལ་བཀོད་འདོམས་ཀྱང་བྱས་ཡོད།
དེའི་ལྡོག་ཟླར། ཀོང་ཏུང་ཞིང་ཆེན་གྱི་ཝུ་ཀན་དུ་ས་གནས་ཡུལ་མི་ཚོས་བདུན་ཕྲག་ཁ་ཤས་རིང་ངོ་རྒོལ་བྱས་ཡོད་སྐབས། ཞིང་ཆེན་གྱི་འགོ་འཁྲིད་ཚོས་ངོ་རྒོལ་བའི་ཞུ་རྩ་ལ་ཉན་འཇོག་གིས་ཐག་གཅོད་བྱས་པ་མ་ཟད། འོས་བསྡུའི་ལམ་ནས་གྲོང་སྡེའི་འགོ་འཁྲིད་གདམ་རྒྱུར་རྒྱབ་སྐྱོར་དང་། ངོ་རྒོལ་བྱེད་མཁན་འགོ་འཁྲིད་གཅིག་གྲོང་སྡེའི་དམར་ཚོགས་ཀྱི་དྲུང་ཆེར་བསྐོག་གཞག་ཀྱང་བྱས་ཡོད་པ་རེད།
བོད་མི་ཤེས་ཡོན་ཅན་དང་། སྒྱུ་རྩལ་བ། འགོ་འཁྲིད་རྣམས་རང་འགར་འཛིན་བཟུང་དང་བཙོན་འཇུག་བྱས་པ། ཉེ་ཆར་རྒྱ་གར་ནས་གནས་བསྐོར་རྗེས་བོད་ལ་ཕྱིར་ལོག་བྱེད་མཁན་བོད་མི་སྟོང་ཕྲག་ཁ་ཤས་བཀག་ཉར་དང་མང་པོ་ཞིག་གར་སོང་ཆ་མེད་སོང་བ། གྲྭ་བཙུན་སོགས་བོད་མི་མང་པོར་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་འཛིན་གྲྭར་བཏང་སྟེ་༸གོང་ས་མཆོག་ལ་མཚན་སྨད་ཞུ་རུ་བཅུག་པ། བོད་མིའི་ས་ཁུལ་ཁག་ཏུ་རྒྱལ་སྤྱིའི་གསར་འགོད་པ་དང་ཕྱི་རྒྱལ་མི་སྣ་འགྲོ་བསྐྱོད་མི་ཆོག་པར་བཟོས་པ་བཅས་ཀྱི་གནས་ཚུལ་བྱུང་ཡོད།
ཉེ་སྔོན་རྒྱ་རིགས་མཁས་པ་ཞིག་གིས་དེང་སང་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་ལས་རྒྱ་རིགས་མང་བ་དང་། གྲྭ་པ་ལས་ཉེན་རྟོག་པ་མང་བ། ཁང་པའི་སྒེའུ་ཁུང་ལས་སོ་ལྟའི་པར་ཆས་མང་བ་འདུགཅེས་བྲིས་ཡོད་པ་ལྟར། ད་ལྟའི་ཆར་བོད་ཀྱི་ས་གནས་ཡོངས་རྫོགས་ཡོངས་བསྒྲགས་མ་བྱས་པའི་དྲག་པོའི་ཁྲིམས་གཞིའི་འོག་གནས་ཡོད། བོད་ནང་གནམ་ཐང་མང་པོ་གསར་བསྐྲུན་དང་། དམག་གི་རུ་ཁག་མང་པོ་གསར་འཛུགས། ཁྱིམ་མཚེས་རྒྱལ་ཁབ་ཁག་གི་ས་མཚམས་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་རྒྱ་བསྐྱེད། གོ་ལག་ཅན་གྱི་སྲུང་དམག་སྟོང་ཕྲག་མང་པོ་འགྲེམས་འཇོག་བྱེད་པ་བཅས་ཀྱི་སྒོ་ནས། བོད་ནི་དྲག་པོའི་རྟེན་གཞི་མང་ཤོས་ཀྱི་ས་ཁུལ་ཞིག་ཏུ་གྱུར་ཡོད།དེང་སྐབས་བོད་ནང་ཟས་བཅད་ངོ་རྒོལ་ལྟ་བུ་ལུགས་མཐུན་གྱི་ཞི་རྒོལ་རིགས་དང་། ཐ་ན་ཞི་བའི་འདུ་འཛོམས་ཙམ་ཡང་བྱེད་ས་མེད་པར་བརྟེན། བོད་མི་རྣམས་འུ་ཐུག་ཐབས་ཟད་གྱུར་ཏེ། ཕྱི་ལོ་ ༢༠༠༩ ནས་བཟུང་ད་བར་བོད་མི་ ༢༦ ཡིས་རང་ལུས་མེར་བསྲེགས་བཏང་བའི་ཡིད་སྐྱོའི་དོན་རྐྱེན་བྱུང་ཡོད་ཅིང་། ༸གོང་ས་མཆོག་དང་བཀའ་ཤག་ནས་ཚབས་ཆེའི་ལས་འགུལ་དེ་རིགས་མི་སྤེལ་བའི་འབོད་སྐུལ་གནང་ཡོད་ཀྱང་། འདི་ལོ་ ༢༠༡༢ གཅིག་པུའི་ནང་རང་ལུས་མེར་བསྲེགས་བཏང་བའི་དོན་རྐྱེན་ ༡༤ བྱུང་ཟིན་ཡོད། དོན་རྐྱེན་དེ་དག་གི་འགན་ཁག་ཆ་ཚང་མཁྲེགས་བཟུང་ཅན་གྱི་རྒྱ་ནག་གི་འགོ་འཁྲིད་ཚོར་ཡོད་ཅིང་། རང་བསྲེགས་ཀྱི་དོན་རྐྱེན་དེ་དག་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་ཟེར་བའི་དམ་བཅའ་སྟོང་པ་དེར་དགག་ལན་ནན་པོ་བརྒྱབ་ཡོད།
བོད་མིའི་འཐབ་རྩོད་ནི་རྒྱ་ནག་མི་མང་ངམ་རྒྱལ་ཁབ་ལ་ཁ་གཏད་བྱས་པ་ཞིག་མ་ཡིན་པར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བྱུས་ལ་ཁ་གཏད་བྱས་པ་ཞིག་ཡིན། རྒྱ་གཞུང་ནས་བོད་ནང་གི་གཞི་རྩའི་དཀའ་ངལ་གྱི་གནས་སྟངས་ལ་ངོས་ལེན་བྱེད་དགོས་པ་དང་། དཀའ་ངལ་དེ་དག་དྲག་པོའི་ཐབས་ལམ་གྱིས་སེལ་མི་ཐུབ་པ་ལའང་ངོས་འཛིན་བྱེད་དགོས།
བོད་ཀྱི་དཀའ་རྙོག་བསལ་ཐབས་སུ་ཕྱི་ལོ་ ༢༠༠༨ དང་ ༢༠༡༠ སོ་སོར་སྤྲད་པའི་བསམ་འཆར་དང་དེའི་འགྲེལ་བརྗོད་ཡིག་ཆའི་ནང་དོན་ལྟར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཅིག་ཡོང་ཐབས་བྱེད་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་པེ་ཅིང་སྲིད་གཞུང་གིས་ངོས་ལེན་བྱེད་དགོས་པར་བསྐྱར་བསྐུལ་བྱ་རྒྱུ་ཡིན། ཧོང་ཀོང་དང་མེ་ཀའོ་ལ་ཚད་མཐོའི་རང་སྐྱོང་སྤྲད་ཡོད་པ་དང་། ཐེ་ཝེན་ནང་འགལ་ཟླ་ཡོད་བཞིན་དུ་ཚད་མཐོའི་རང་སྐྱོང་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད། བོད་མི་ཚོར་ད་བར་རྩ་ཁྲིམས་ནང་གསལ་བའི་རང་སྐྱོང་མིང་དོན་མཚུངས་པ་ཞིག་སྤྲོད་མི་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
རྒྱ་ནག་གི་འགོ་འཁྲིད་གསར་པ་ཚོས་སྒྱུར་བཅོས་སྒོ་དབྱེ་ངོ་མ་ཞིག་བྱེད་རྒྱུ་དང་། ད་བར་བོད་ཀྱི་ཐོག་བཟུང་བའི་མཁྲེགས་བཟུང་གི་སྲིད་བྱུས་ལས་གྲུབ་འབྲས་མ་བྱུང་བར་ངོས་ལེན་དང་སྦྲགས། ནོར་འཁྲུལ་ཡོ་བསྲངས་བྱེད་པའི་རེ་བ་བྱེད་ཀྱིན་ཡོད། ལོ་རྒྱུས་ཐོག་བོད་ལ་རང་བཙན་གྱི་གནས་བབ་བྱུང་ཡོད་པ་དང་། རྒྱལ་སྤྱིའི་ཁྲིམས་ཐོག་ནས་བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་ཀྱང་། ང་ཚོས་ཕྱོགས་གཉིས་ཀར་ཕན་ཐོགས་ཡོད་པའི་ཐབས་ལམ་ཞིག་གི་ཐོག་བབས་ཏེ་འགྲིག་ཐབས་བྱས་ཡོད། རྒྱ་རིགས་མི་མང་དང་ཤེས་ཡོན་ཅན་རྣམས་ཀྱིས་བོད་མི་ཚོས་ཞི་རྒོལ་དང་རང་ལུས་མེར་བསྲེགས་བཏང་དགོས་པའི་རྒྱུ་མཚན་གང་ལ་ཐུག་མིན་ཤེས་རྟོགས་ཐུབ་པ་བྱེད་དགོས། འབྲེལ་མོལ་དང་ཞི་བའི་ཐབས་ལམ་གྱི་སྒོ་ནས་བོད་དོན་ཐག་ཆོད་ཡོང་ཐབས་བྱ་རྒྱུ་དེ་ཉིད་རྒྱ་བོད་མི་རིགས་གཉིས་ཀའི་ཁེ་ཕན་བཟང་ཤོས་སུ་གྱུར་ཡོད། ང་ཚོའི་ངོས་ནས་འབྲེལ་མོལ་མུ་མཐུད་བྱེད་སླད་སྐུ་ཚབ་གཏོང་རྒྱུའི་གྲ་སྒྲིག་ཡོད་ཀྱང་། བར་ལམ་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་སྐུ་ཚབ་འགས་ནུས་ཤུགས་མང་ཆེ་བ་འཛམ་གླིང་གང་སར་བསྐྱོད་དེ་༸གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་ལ་སྐྱོན་འཛུགས་བྱེད་རྒྱུའི་ཐོག་བེད་སྤྱོད་བཏང་ཡོད། དེས་བོད་ཀྱི་གནད་དོན་རྒྱལ་སྤྱིའི་རང་བཞིན་ཅན་དུ་སྔར་བས་ཀྱང་ལྷག་པར་བསྒྱུར་ཡོད།
མཉམ་འབྲེལ་རྒྱལ་ཚོགས་བཙུགས་པའི་དགོས་དོན་གཙོ་བོ་ཞིག་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་ཆེད་ཡིན་པ་ལྟར། མཉམ་འབྲེལ་རྒྱལ་ཚོགས་ནས་རང་ཉིད་ཀྱི་དགོས་དོན་མ་བརྗེད་པ་གནང་དགོས་པ་དང་། བོད་ནང་གི་ཛ་དྲག་གནས་སྟངས་བསལ་ཐབས་སུ་དམིགས་བསལ་སྐུ་ཚབ་གཏོང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།
དེ་བཞིན་རྒྱལ་སྤྱིིའི་སྤྱི་ཚོགས་དང་གསར་འགྱུར་བརྒྱུད་ལམ་རྣམས་ཀྱིས་བདེན་གཏམ་བཀག་སྡོམ་དང་རྫུན་གཏམ་དྲིལ་བསྒྲགས་ཀྱི་སྒྲིབ་གཡོགས་བསལ་ཆེད། བོད་ནང་དངོས་ཡོད་གནས་ཚུལ་རྟོག་ཞིབ་བྱེད་པའི་ཚོགས་ཆུང་གཏོང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། རྒྱལ་མཚམས་མེད་པའི་གསར་འགོད་འཐུས་ཚོགས་ཀྱིས་ པི་ཡོང་ཡང་ (Pyongyang) གི་ནང་དུའང་རྒྱལ་སྤྱིའི་གསར་འགོད་མི་སྣ་རྟེན་གཞི་བྱེད་ཆོག་གི་ཡོད་ཀྱང་། ལྷ་སར་དེ་ལྟར་རྟེན་གཞི་བྱེད་ཆོག་གི་མི་འདུག ཅེས་བརྗོད་ཡོད།
ཨ་སེ་ཨན་ (ASEAN) དང་སརཀ་ (SAARC) ས་གནས་རྒྱལ་ཚོགས་གཉིས་ཀྱི་ཚོགས་མི་རྒྱལ་ཁབ་རྣམས་ནས། བོད་ཀྱི་སའི་ཆགས་བབ་དང་། རྩ་འགངས་ཆེ་བའི་བོད་ཀྱི་ཁོར་ཡུག་གི་གནས་བབ་ལ་བསམས་ཏེ། སོ་སོའི་ས་གནས་རྒྱལ་ཚོགས་ཀྱི་གྲོས་གཞིའི་ནང་བོད་ཀྱི་གནད་དོན་ཡང་འཇོག་ཐབས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། རྒྱ་ནག་གིས་བོད་ཀྱི་དཀའ་རྙོག་བསལ་ཐུབ་ཚེ། ཨེ་ཤི་ཡའི་གླིང་ཆེན་ཁུལ་གྱི་ཞི་བདེ་ལྷིང་འཇགས་ལའང་ཕན་ཐོགས་བསྒྲུབ་ཐུབ།
བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་གཞིས་བཞུགས་སྤན་ཟླ་རྣམས་ཀྱི་དཀའ་སྡུག་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཞུ་དགོས་པ་དང་། བོད་ཀྱི་རང་དབང་སླར་གསོ་དང་བདེན་དོན་འཐབ་རྩོད་ཀྱི་ལས་འགུལ་གྱི་གནས་ཚད་གོང་མཐོར་གཏོང་སླད། ཤེས་ཡོན་གྱི་ལས་དོན་གལ་གནད་ཆེ་ཤོས་སུ་བརྩིས་ཏེ། སྤྱི་དོན་ལྷག་བསམ་ཅན་དང་ཤེས་ཡོན་ཅན་གྱི་འགོ་འཁྲིད་གང་མང་གསོ་སྐྱོང་ཐུབ་པ་བྱེད་དགོས། བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་གནང་མཁན་རྣམས་ཀྱི་ཆེད་རེས་གཟའ་ལྷག་པ་ནམ་ཡིན་ལ་གཟུངས་སྔགས་ཡིག་དྲུག་དང་འབྲེལ་བསྔོ་སྨོན་མཚམས་སབྱོར་བྱེད་དགོས་པ་དང་། ལོ་ན་གཞོན་པ་ཚོས་དེ་ཉིན་བོད་ཆས་གྱོན་པ་སོགས་རང་གི་ཕ་མེས་ནས་བརྒྱུད་པའི་གོམས་སྲོལ་དང་རིག་གཞུང་གི་ཁྱད་ནོར་རྣམས་ལ་དགའ་སྤོབས་ཀྱི་སྒོ་ནས་སློབ་སབྱོང་དང་ཉམས་བསྟར་བྱེད་དགོས།
ཕྱི་ལོ་ ༢༠༡༢ འདི་བོད་དོན་རྒྱབ་སྐྱོར་གྱི་ལོར་བརྩི་རྒྱུ་དང་། ལོ་འདིའི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་དབུས་དང་མངའ་སྡེའི་འཐུས་མི་ཚོར་བོད་དོན་སྐོར་དང་། བོད་ནང་གི་ད་ལྟའི་གནས་སྟངས། རྒྱ་ནག་གཞུང་གི་སྲིད་བྱུས་འཛིན་སྟངས། ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ཇི་ཡིན་སོགས་འགྲེལ་བཤད་བྱས་ཏེ་གོ་རྟོགས་ཐུབ་པ་བཟོ་དགོས། བོད་དང་བོད་མིའི་རྩ་དོན་རྒྱབ་སྐྱོར་ཆེད་གྲོས་ཆོད་གཏན་འབེབས་ཡོང་ཐབས་དང་། བོད་སྐོར་བགྲོ་གླེང་གོ་སྒྲིག བོད་མིའི་དབུ་འཁྲིད་དང་སྒྲིག་འཛུགས་ཀྱི་ཆེ་མཐོང་གོང་མཐོར་གཏོང་བའི་ལས་འགུལ་སྤེལ་ཐབས་བཅས་གནང་དགོས།སྐབས་བཅུ་བཞི་པའི་བཀའ་ཤག་གིས་ཆིག་བསྒྲིལ་དང་། གསར་གཏོད། རང་ཁ་རང་གསོ་བཅས་ཀྱི་ལྟ་གྲུབ་ལམ་སྟོན་གཞི་རྩར་བཟུང་སྟེ། བོད་མིའི་རྩ་དོན་དམིགས་ཡུལ་སྒྲུབ་ཐབས་དང་། བོད་མིའི་སྤྱི་ཚོགས་དང་སྒྲིག་འཛུགས་ཁག་དུས་རབས་ཉེར་གཅིག་པའི་དུས་རྗེས་ཟིན་པ་བཟོ་ཐབས་ལ་འབད་རྩོལ་གང་ཡོད་ཞུ་རྒྱུ་ཡིན། གཞན་ཡང་། བོད་མི་ཡོངས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ལས་འགུལ་གང་འདྲ་ཞིག་སྤེལ་རུང་ཞི་བའི་སྒོ་ནས་དང་། ཡུལ་ཁྲིམས་དང་མི་འགལ་བ། ཆེ་མཐོང་ལྡན་པ་ཞིག་ངེས་པར་གནང་རོགས་ཞེས་འབོད་བསྐུལ་ཞུ་རྒྱུ་ཡིན། འཚེ་བ་མེད་པ་དང་མང་གཙོའི་ལམ་ལུགས་ནི་རང་རེའི་འགྱུར་བ་མེད་པའི་རྩ་བའི་ལྟ་གྲུབ་གཉིས་ཡིན་པ་དུས་རྟག་ཏུ་དྲན་དགོས།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མཚུངས་ཟླ་མེད་པའི་མཁྱེན་རླབས་དང་། སྐུའི་གསང་བ་གསུམ་ལ་ཚུལ་བསྟན་སྐུ་གེགས་ཀྱི་མཚན་མས་མ་རེག་པར་རང་ཅག་བོད་འབངས་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་དཔལ་དུ་བཞུགས་པ་ནི། ཆེས་ཤིན་ཏུ་རྙེད་པར་དཀའ་བའི་སྐལ་བཟང་གི་གནས་སྐབས་ཡིན་པས། དགའ་སྒོམ་དང་བཀའ་དྲིན་སྙིང་བཅངས་ཞུ་བཞིན་ཡོད། ༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་སྐུའི་ཡང་སྲིད་ཕེབས་ཕྱོགས་སྐོར་གལ་ཆེའི་བཀའ་ཡིག་བསྩལ་བར་བཀའ་ཤག་གི་ངོས་ནས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན། དོན་གནད་དེའི་ཐད་ཐག་གཅོད་གནང་རྒྱུའི་སྐུ་དབང་ཡོངས་རྫོགས་༸གོང་ས་མཆོག་ཁོ་ན་ལ་ཡོད་པ་ལས། རྒྱ་ནག་དམར་པོའི་གཞུང་ལ་ཐེ་བྱུས་བྱེད་དབང་སྤ་ཙམ་མེད།
གོ་སྐབས་འདི་བརྒྱུད་བོད་མིའི་བདེན་དོན་ཐོག་རོགས་རམ་རྒྱབ་སྐྱོར་གནང་མཁན་སྲིད་གཞུང་ཡོངས་དང་། ཁྱད་པར་ཨ་རི་དང་ཡུ་རོབ་དང་ཨེ་ཤི་ཡའི་སྲིད་གཞུང་ཁག དེ་བཞིན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག གང་ཟག་སྒེར་བཅས་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་དོན་རྒྱབ་སྐྱོར་གནང་མཁན་གྲོགས་པོ་གསར་རྙིང་ཚང་མར་རྒྱབ་སྐྱོར་མུ་མཐུད་གནང་རོགས་ཞུ་རྒྱུ་ཡིན། ཛ་དྲག་གི་དུས་སྐབས་འདིར་ང་ཚོར་ཁྱེད་ཚོ་སྔར་བས་དགོས་མཁོ་ཆེ་བ་ཆགས་འདུག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བཀའ་ཤག་གི་ལས་དོན་གང་ཅིའི་ཐོག་མཐུན་སྐྱོར་དང་མཉམ་རུབ་ཧ་ཅང་བཟང་པོ་གནང་བྱུང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ལྷག་དོན། འདས་པའི་ལོ་བཅུ་ཕྲག་ལྔ་ལྷག་རིང་རྒྱ་གར་གཞུང་མང་གཉིས་ནས་གཏོང་ཕོད་ཆེན་པོས་ང་ཚོར་མཐུན་འགྱུར་རོགས་རམ་གནང་བའི་བཀའ་དྲིན་ནམ་ཡང་བརྗེད་ཐབས་མེད། ཁྱད་པར་ཕྲན་ནས་བོད་མིའི་ཆབ་སྲིད་འགོ་འཁྲིད་ཀྱི་འགན་ཁུར་བླངས་རྗེས་འདིའི་ཐད་མྱོང་ཚོར་སྔར་ལྷག་བྱུང་བས་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།གཞིས་བཞུགས་བོད་རིགས་སྤན་ཟླ་རྣམས་དུས་རྟག་ཏུ་ང་ཚོའི་སྙིང་དབུས་སུ་མ་བརྗེད་པར་ཡོད་ཅིང་། ཇི་སྲིད་བོད་ནང་རང་དབང་བསྐྱར་གསོ་དང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་དུ་གདན་ཞུ་མ་ཐུབ་ཀྱི་བར་གཞིས་བྱེས་བོད་མི་རྣམས་གོམ་པ་མཉམ་བགྲོད་དང་སེམས་ཁུར་མཉམ་བསྐྱེད་གནང་དགོས་ཞེས་ཞུ་རྒྱུ་ཡིན།
མཐའ་དོན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། ཐུགས་ཀྱི་བཞེད་དགོངས་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། རང་ཡུལ་གངས་ཅན་གྱི་ཞིང་དུ་རང་དབང་དང་གཞིས་བྱེས་མཉམ་འཛོམས་ཀྱི་སྐལ་བཟང་ཉི་མ་མྱུར་དུ་ཤར་བའི་སྨོན་འདུན་ཞུ་རྒྱུ་བཅས།
བཀའ་བློན་ཁྲི་པ་བློ་བཟང་སེང་གེས་ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༠ ལ།། །།
Comments on “གསུམ་བཅུའི་དུས་དྲན་ཐེངས་ ༥༣ པའི་ཐོག་སྤེལ་བའི་བཀའ་བློན་ཁྲི་པའི་ཡོངས་ཁྱབ་གཏམ་བཤད།”
Comments are closed.
སྤྱི་ནོར་༸གོང་ས་མཆོག་གིས་ལོ་རྒྱུས་རང་བཞིན་ལྡན་པའི་ཆབ་སྲིད་ཀྱི་དབང་བསྐུར་གནང་བའི་བྱིན་མཐུ་དང་། རྒྱ་ཆེའི་མང་ཚོགས་ཀྱི་དབང་ལུང་། གཞིས་བཞུགས་བོད་མིའི་ཡིད་ཆེས་དང་རྒྱབ་སྐྱོར་བཅས་ལ་བརྟེན་ཏེ། ངས་གདེང་སྤོབས་ཆེན་པོས་བོད་མིའི་སྒྲིག་འཛུགས་འདི་ཉིད་བོད་མི་ས་ཡ་དྲུག་གི་ཁྲིམས་མཐུན་ངོ་ཚབ་དང་། རང་དབང་ཅན་གྱི་མགྲིན་ཚབ་པ་ཡིན་ཞེས་བརྗོད་ཐུབ།
ཞེས་དང་།
བོད་མིའི་འཐབ་རྩོད་ནི་རྒྱ་ནག་མི་མང་ངམ་རྒྱལ་ཁབ་ལ་ཁ་གཏད་བྱས་པ་ཞིག་མ་ཡིན་པར། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་བྱུས་ལ་ཁ་གཏད་བྱས་པ་ཞིག་ཡིན། རྒྱ་གཞུང་ནས་བོད་ནང་གི་གཞི་རྩའི་དཀའ་ངལ་གྱི་གནས་སྟངས་ལ་ངོས་ལེན་བྱེད་དགོས་པ་དང་། དཀའ་ངལ་དེ་དག་དྲག་པོའི་ཐབས་ལམ་གྱིས་སེལ་མི་ཐུབ་པ་ལའང་ངོས་འཛིན་བྱེད་དགོས།
སྲིད་སྐྱོང་བློ་སེང་ལགས་རྒྱལ་འགྱུར་ཅིག བོད་རྒྱལ་ལོ། བདེན་པ་ཉིད་རྒྱལ་འགྱུར་ཅིག །
བོད་ཀྱི་བཙན་བྱོལ་བའི་དབུས་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གསུང་བཤད་ལ་རྗེས་སུ་ཡི་རང་ཞུ་རྒྱུ་དང་ཁོང་གིས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་བབ་བསལ་ཐབས་སུ་གང་མྱུར་རླབས་ཆེ་བའི་ཐབས་ཇུས་དང་ཡང་དག་པའི་སྲིད་ཇུས་གསར་བ་ཞིག་གསར་གཏོད་དང་གཏན་འབེབས་བྱེད་རྒྱུར་རེ་བ་ཉག་ཅིག་ཞུ་བ་ཡིན།
དེ་རིང་ 1959 ལོའི་སྤྱི་ཟླ་ 3 ཚེས་ 10 ཉིན་མོ་འདི་བསླར་ཡང་ཡིད་ལ་གསོན་པོ་དྲན་ཐུབ་པ་ཞིག་བྱེད་ནས་སྙིང་མེད་པའི་བོད་མི་ཞིག་ཡིནརུང་གློ་བ་འཕར་རྒྱག་ཅིག་ཅིས་ཀྱང་བྱེད་དགོས།
སྙིང་སྟོབས་ཞིམ་མེད།
རྡོག་རྩ་ཆིག་སྒྲིལ།
རང་དབང་རང་བཙན།
གཞིས་བྱེས་མཉམ་འཛོམས།
འདི་ནི་ངའི་དེ་རིང་སྒྲོག་རྒྱུའི་འབོད་ཚིག་ཡིན།
བཀའ་བློན་འཁྲི་བ་བློ་བཟང་སེང་གེ་ཟེར་བ་དེ་རྒྱལ་བོ་ཞིག་གི་བློན་ལ་གོ་དགོས་པ་འདྲ་སུ་ཞིག་གི་བཀའ་བློན་རེད་སུ་ཞིག་རྒྱལ་བོ་རེད་སུ་ཞིག་གི་བློན་རེད་རང་ཉིད་ནི་ཆེས་རྨོང་པས་ད་དུང་མགོ་བོ་ཐོམ་འདུག་༸གོང་ས་ལྷ་མི་རྣམ་འདྲེན་གཟིགས་པ་ཆེན་པོས་བོད་ཁ་བའི་ལྗོངས་སུ་མངས་གཙོ་ཡི་སྒོ་ཆེན་ཡོངས་སུ་ཕྱེས་ཟིན་པས་གུས་པ་ནི་ཆེས་རྨོང་པས་བཀའ་བློན་འཁྲི་བ་ཟེར་བ་དེ་ཚད་གཞི་གང་ལ་ངོས་འཛིན་དགོས་ད་དུང་མགོ་ཚོས་མ་སོང་དྲ་གྲོགས་པ་ཡོངས་ཀྱིས་འབྲི་བཤད་ཞིག་ཡོད་ན་ཅི་མ་རོང་།།
གཏམ་བཤད་འདི་བློ་ཡིད་ཚིམས་པ་ཞིག་ཁྱོན་ནས་བྱུང་མ་སོང་། འགྲེལ་བཤད་དགོས་ན་རྗེས་སུ་བཤད་ཆོག
ངའི་བློ་ཡིད་དང་མཐུན་པའི་གཏམ་བཤད་ཅིག་ཁྱོན་ནས་བྱུང་མ་སོང་། འགྲེལ་བཤད་དགོས་ན་རེ་རེ་བཤད་ཆོག
“རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་བཙན་བཟུང་བྱས་ཏེ་ལོ་ ༥༣ འདས་ཟིན་ཀྱང་། བོད་ནང་གི་བོད་མིའི་སྙིང་སྟོབས་ལ་འགྱུར་བ་མེད་པར་གནས་ཡོད།”ནོར་འཁྲུལ་གྱི་སྐད་ཆ་འདི་རྒྱ་གར་གྱི་སློབ་གྲྭ་ཁག་ནང་དང་ཚོགས་པ་ཁག་ནང་ལ་མང་པོ་ཐོན་ཡོད། ངས་རྟག་པར་སྐད་ཆ་འདི་བཤད་མཁན་ཚོར་ངོ་རྒོལ་བྱེད་ཀྱིན་ཡོད། མི་ལོ་༥༣་འདི་ང་ཚོ་སྐྱབས་བཅོལ་བ་ཆགས་པའི་ལོ་ཡུན་ཙམ་རེད། བོད་༡༩༥༡་ལོ་ནས་བཙན་བཟུང་བྱས་ཚར་བ་རེད། གོང་གསལ་ལྟར་ན་༡༩༥༩ལོར་མ་གཏོགས་རྒྱ་ནག་གིས་བོད་ལ་བཙན་འཛུལ་དང་དབང་སྒྱུར་མ་བྱས་པར་ངོས་བླངས་པ་མིན་ནམ། བཀའ་ཤག་གི་གསུང་བཤད་ནང་ལ་དམིགས་སུ་བཀར་ནས་སྐད་ཆ་འདི་བཤད་དགོས་དོན་ཅི་ཡིན་ནམ།
མུ་མཐུད་དུ་མཆན་ཞོགས་དང་བཀའ་ཁྲིའི་ཆབ་སྲིད་ཀྱི་ཤེས་ཡོན་ཡར་རྒྱས་སུ་འགྲོ་ངེས་རེད། རྒན་ལྷ་མོ་སྐྱབས་ཀྱི་བཀའ་མོལ་འདི་དོན་ལ་གནས་པ་ཞིག་རེད། འདིའི་ཐོག་ནས་བཀའ་ཁྲི་མཆོག་བོད་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་མེད་པའི་རང་རྟགས་ཤིག་རེད་སྙམ། དེ་སྔོན་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་སའི་གྲྭ་ཕྲུག་ཚོས་གངས་ལབ་ན་ཚོས་གཞི་ག་འདྲ་ཡོད་པ་རེད་ཟེར་པའི་སྐད་ཆ་དེ་ཡིད་ལ་དྲན་སོང་། འདིས་རྒྱ་གར་ནས་སྐྱེས་བའི་བོད་ཕྲུག་ཚོས་བོད་ནང་གི་གནས་ཚུལ་ལ་རྒྱུས་མངའ་མེད་པའི་རྟགས་མཚན་ཞིག་མ་རེད་དམ།
གང་ལྟར་ང་ཚོ་མཐུན་མོང་མ་ཡིན་པའི་དབུ་ཁྲིད་ན་གཞོན་བསོད་ནམས་ཅན་ཞིག་འདུག་པས་དགའ་འོས་པ་ཞིག་རེད།
ཁ་སེང་བཀའ་ཁྲི་གསུང་བཤད་དེ་ནི་དབྱིན་སྐད་ནས་བོད་སྐད་དུ་སྒྱུར་པའི་བཟོ་འདྲ་ཞིག་དང་། ཡང་སྤྱི་འཐུས་ཚོགས་གཙོའི་གསུང་བཤད་དེ་ནི་བོད་སྐད་ནས་དབྱིན་སྐད་དུ་སྒྱུར་པའི་སྣང་བ་ཞིག་བསྟེར་བྱུང་། གང་ལྟར་བོད་དབྱིན་སྐད་གཉིས་སྨྲ་མཁན་ཞིག་ཡིན་ན་བཀའ་ཁྲིའི་གསུང་དབྱིན་སྐད་དང་ཚོགས་གཙོའི་གསུང་བོད་སྐད་བཅས་སོ་སོར་ཉན་ན་རྣ་བར་གོ་བདེ་བ་དང་བསམ་པར་གོ་དོན་ཆེར་མཐོང་།
བཀའ་ཁྲི་མཆོག་ནས་ཡང་བསྐྱར་ཞབས་འདྲེན་གཅིག་ཞུས་སོང་ང་། གསུང་བཤད་སྒོ་བཙུགས་སྐབས་་༡༩༥༩ ཚབ་ལ་ ༥༣ ཞེས་བཤད་སོང་། བོད་མིའི་སྒེར་ལངས་ཀྱི་ལོ་གྲངས་ནོར་སྲིད་ཀྱང་སྒེར་ལངས་ཀྱི་ལོ་ཁོ་རང་ནོར་ན་དངོས་གནས་ཡ་མཚན་རེད། ཆུང་བྱིས་པ་ཞིག་ཡིན་ཡང་དུས་དྲན་གྱི་ལོ་ནི་སེམས་གཏིང་ནས་འཆད་རྒྱུ་ཡོད།
བློ་སེང་གིས་གཏམ་བཤད་དེས་བཀའ་ཤག་གིས་རང་མདོག་ལྟན་སོང་། མདོག་ངན་གི་ཡ། བཀའ་ཤག་གིས་བོད་ནང་གི་རྒྱལ་གཅེས་པ་རང་ལུས་མེ་མཆོད་འབུལ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཡོད་ཟེར་བ་དེ་བདེན་པ་ཡིན་ས་རེད།(((འདི་ལོ་ ༢༠༡༢ གཅིག་པུའི་ནང་རང་ལུས་མེར་བསྲེགས་བཏང་བའི་དོན་རྐྱེན་ ༡༤ བྱུང་ཟིན་ཡོད།))))) གཅིག་བྱས་ན་བཀའ་ཤག་གིས་བོད་ནང་གི་དོན་རྐྱེན་ཞིག་གི་གནས་ཚུལ་གསར་བ་ཞིག་གོ་བ་མ་རེད་ད། ཡོངས་གྲངས་ལྟར་ན་༢༠༠༩ལོ་༡་དང་། ༢༠༡༡ལོ་༡༢། ༢༠༡༢ལོའི་ད་བར་༡༣རེད།
ཁྱེད་ཚོས་ཁ་གཏོང་དགོས་ཀྱང་། འདི་བློ་སང་གཅིག་པུའི་ཁ་ལ་གོམས་པ་ཞིག་རེད་མི་འདུག མགོ་༧གོང་ས་མཆོག་ནས། དམའ་རིམ་བར་རེད། ཡིན་ཡང་རྒྱ་ལ་སྣེ་ལེ་བྱས་ཏེ། རྒྱ་འོག་ལ་འཛུལ་མ་མ་རག་པར་བསྡད་ཡོད་མཁན་ཚར་ལོ་ཚིགས་ལ་ཁྱད་པར་ཡོད་ཀྱི་མ་རེད། སྐད་ཆ་གཉིས་མ་གསུངས་རོགས་༌༌
གང་ལྟར་ཁྱེད་རང་ཚོས་འཆོལ་ཁའི་འཐེན་འཁྱེར་ཟོ་བོ་འདྲ་བོ་ཞིག་ལས་མ་གཏོག་ག་དུས་ཡིན་རུང་བཤད་རྒྱུ་མི་འདུག། སྤྱིར་གཏང་ཆབ་བྲག་ཕོ་ཉ་ཉིད་བཙན་འབྱོར་སྤྱི་ཚོགས་ཕྲོད་དུ་སློབ་སྦྱོང་དང་ཆབ་སྲིད་སོགས་གང་ཅིས་ཐད་ལ་འབོར་དུ་ཐོན་ཞིང་བསྔགས་རྗོད་གནང་ཡུལ་ཞིག་ཡིན་རུང་གནས་ཚུལ་ཁ་ཤེས་ཀྱི་ཐད་ལ་དྲང་བདེན་དུ་མི་གནས་པར་ཅུང་ཐལ་ཆེ་བ་ཟོ་འདྲ་བོ་ཅིག་མཐོང་གིན་འདུག་པས་གཅིག་བྱས་ན་གུས་རང་ཉིད་ཆབ་སྲིད་ཀྱི་གོ་རྟོགས་གཞན་པ་དང་དམངས་ཚོའི་འགྲོ་སྟང་མ་ཤེས་པས་རྒྱུ་མཚན་ཡིན་གྱི་རེད་སྙམ།
ང་རང་ཚུད་པའི་དྲ་འབུ་མང་པོ་ཞིག་གི་བཀའ་ཁྲི་བློ་སེང་ལ་སྐྱོན་བརྗོད་བྱ་གི་ཡོད། འདི་ནི་ཁོང་ལ་མཚོན་ན་ཡར་རྒྱས་དང་ཡར་ཐོན་ལ་མེད་དུ་མི་རུང་བ་ཞིག་ཡིན། ད་རུང་རྒྱ་ནག་སྲིད་གཞུང་ལ་ང་ཚོར་སྨྲ་བརྗོད་རང་དབང་ཡོད་པའི་བརྡ་ལན་ངོ་མ་ཞིག་ཀྱང་ཡིན། བཀའ་ཁྲི་མཆོག་གིས་བོད་བསྟན་སྲིད་ཆེད་ལས་དོན་གང་ཞིག་གི་སྣེ་ཁྲིད་གནང་ན། ང་ཚོས་བཀའ་ཁྲིའི་བཀའ་གསུངས་རྡོ་རྗེའི་བཀའ་བཞིན་བཀུར་རྒྱུ་ཐེ་ཚོམ་སྤུ་ཙམ་མེད།
པ་སངས་ཚེ་རིང་གི་གསུངས་པ་བདེན་པ་རེད། རང་ཉིད་ལ་སྟག་བྲག་ནས་བརྒྱུད་པའི་སྲིད་སྐྱོང་གི་སྐུ་དབང་གནང་ཡོད་པའི་བརྒྱུད་རིམ་དེ་བསྐྱར་ནན་ཆེན་པོས་ཡང་ནས་ཡང་དུ་བཀའ་སློབ་སྔ་ཕྱི་མང་པོའི་ནང་གསུངས་ཡོད།
དྲ་གྲོགས་རྣམས་ནས་སླར་ཡང་འོས་འཕེན་གནང་རོགས། རྗེས་སུ་སྟག་བྲག་ནས་བརྒྱུད་པའི་སྲིད་སྐྱོང་གི་སྐུ་དབང་གནང་ཡོད་པའི་བརྒྱུད་གསུང་དགོས་སམ། མི་དགོས།
ང་ཚོས་བཀའ་ཁྲི་མཆོག་ལ་ཐོག་མའི་དམུགས་ཡུལ་གང་ཡོད་པ་མ་བརྗེད་པའི་སྒོ་ནས་རྒྱབ་སྐྱོར་བྱེད་རྒྱུ་དང་། ཆོལ་གསུམ་རྡོག་རྩ་གཅིག་ཏུ་སྒྲིལ་ཏེ་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་མདུན་དུ་བསྐྱོད། བོད་རྒྱལ་ལོ།
སྲིད་སྐྱོང་དང་བཀའ་བློན་ཁྲི་པ་གཉིས་ལ་ཁྱད་པར་ཡོད་པ་རེད། འགན་དབང་གི་ཐད་ནས། ད་ལྟའི་བཀའ་བློན་ཁྲི་པ་འདི་ནི། སྲིད་སྐྱོང་ཆགས་ཡོད་པ་རེད།
ཡིན་ནའང་། ང་ཚོས་འོས་འདེམས་ཞུ་སྐབས་བཀའ་བློན་ཁྲི་པར་འོས་འདེམས་ཞུས་པ་རེད། སྲིད་སྐྱོང་གི་ལས་འགན་ནི་དེའི་རྗེས་ཀྱི་འགྱུར་བ་ཞིག་ཆགས་ཡོད་པ་རེད། ད་ལྟ་ཕྱག་ལས་ཀྱི་ཐད་ནས་སྲིད་སྐྱོང་གི་ཕྱག་ལས་གནང་གི་ཡོད་པ་དང་། མིང་གི་ཆ་ནས་བཀའ་བློན་ཁྲི་པའི་མཚན་བཞེས་ཡོད་པ་རེད། སྲིད་སྐྱོང་ཞེས་པའི་མཚན་འདི་འཇགས་པ་ཞིག་བྱེད་དགོས་ན། འོས་འདེམས་བསྐྱར་མ་ཞིག་ཞུས་ནས་གསོལ་དགོས་པ་ཆགས་ཡོད་པ་རེད། སྔ་ལོའི་ནང་། གྲོས་ཚོགས་ར་བ་ནས་སྲིད་སྐྱོང་གི་མིང་འདི་གླེང་སློང་ཤུགས་ཆེ་མ་བྱུང་བའང་དོན་འདིས་ཡིན་ས་རེད།
རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་སྤྱི་འཐུས་ལྷན་ཚོགས་ལ་བཀའ་བློན་ཁྲི་པའི་མཚན་འདི་སྲིད་སྐྱོང་ལ་འགྱུར་བ་གཏོང་བའི་སྙན་ཞུ་དང་རེ་སྐུལ་ཞུས་པ་ཡིན་ན། མཚན་གནས་ཀྱི་འགྱུར་བ་བཏང་མི་ཆོག་པ་དང་གཏོང་མི་ཐུབ་པ་ཞིག་ཡིན་རྒྱུ་མ་རེད།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཚོགས་གཙོ་བློ་བཟང་སེང་གེ་ལགས་ནི་མི་འགྱངས་བར་ཚོགས་གཙོའི་གོ་གནས་ནས་རྒྱང་ཕུད་གཏོང་སྲིད་པ་རེད།
དེ་རིང་བཀའ་བློ་ཁྲི་བས་བཀའ་ཤག་གི་གསུང་བཤད་ཡིག་ཆ་སྒྲོག་སྦྱོང་གནང་དགོས་རྒྱུ་རེད་མ་གཏོགས། སོ་སོ་ཁྱབ་བསྒྲགས་བྱས་བསྡད་ནས་ཕན་ཐོགས་ཅི་ཡོད། བོད་མིའི་སྒྲིག་འཛུགས་ཚོགས་པའི་ཚོགས་གཙོ་བློ་བཟང་སེང་གེ་ལ་མི་དམངས་དང་གྲོགས་ཚོགས་ཀྱིས་སྟངས་འཛིན་བྱེད་དགོས་པ་མ་ཟད། སོ་སོ་སྐད་གྲགས་འགྲོ་ཆེད་རང་འདོད་རྐྱང་རྐྱང་སྒྲུབ་བསྡད་ན་གྲོས་ཚོགས་དང་མི་དམངས་ཀྱིས་ཁོ་ལྟ་བུ་ནི་གནས་དབྱུང་གཏང་ཆོག་ངེས་རེད། མི་དམངས་ཀྱིས་བདམ་པའི་ཚོགས་གཙོ་ཞིག་མི་མང་གིས་གནས་དབྱུང་གཏང་མི་ཆོག་པ་གང་ཡང་མེད། གྲོས་ཚོགས་དང་མི་དམངས་ཀྱི་ངོས་ནས་ཁོ་སྐྱག་ལང་ལ་བཏང་བཞག་ན་ག་ལ་འགྲིག
བློ་སེང་གིས་དེ་རིང་བཀའ་ཤག་གི་གཏམ་བཤད་ཡིན་ནམ་ཁོང་སྒེར་གྱི་སྨྱོན་གཏམ་ལུང་བ་གང་བཤད་སོང་། བློ་སེང་ལ་ད་རུང་བཀའ་ཁྲིར་འོས་པའི་མི་གཤིས་དང་སེམས་རྒྱ་ཡངས་པོ་མེད་ལ་ཉམས་མྱོང་ཡང་ཚང་མེད་པར་དེ་རིང་གི་གཏམ་འདི་དང་། དེ་སྔའི་གཏམ་བཤད་ཁག་ལ་ལྟོས་དང་གསལ་བོ་རེད། ཆུང་ས་ནས་ཞུས་ན་མི་མང་གི་དྲི་བར་ཡང་ལེན་འདེབས་གནད་དུ་ཕོགས་པ་ཞིག་ཕར་ཞོར་ངོ་འཛུམ་ཡང་ཡག་པོ་ཞིག་སྟོན་ཤེས་ཀྱིན་མི་འདུག གད་མོ་ཤོར་བ་ཞིག་ལ་དེ་རིང་ཁོང་གིས་འདི་ལྟར་ཟེར་གི་་་་་་་རིང་ནས་སྙིང་དུ་བརྣག་པའི་འདོད་པའི་དོན་་་ཞེས་པའི་གསུངས་ཚིག་འདི་ཁོང་རང་ཉིད་ཀྱི་ཐོག་ལ་ལེན་ཏེ་རྫིག་རྫིག་བྱེད་ཀྱིན་འདུག་་་་་ཧ་ཧ་ཧ་་་ཐམས་ཅད་མཁྱེན་པའི་གསུངས་འདི་་་་ཁྱེད་ཚོ་ངན་པ་རང་བསྟོད་དགའ་མཁན་དག་ལ་དམིགས་ནས་གསུངས་པ་ཅི་ལ་ཡིན་་་་་འདི་ཙམ་ཡང་མ་ཤེས་ན་བོད་མིའི་དབུ་ཁྲིར་ག་འདྲ་བྱས་ནས་གནང་ཤེས་སམ་་་་་བཀའ་ཁྲི་ལགས་་་་་་་དེ་རིང་ངས་ཁྱེད་ལ་ཁྱེད་ཀྱི་རྫིག་གཏམ་ཞིག་ཁྱེད་ལ་ཕར་ལབ་ཆོག་པར་ཞུ་་་་་ལོ་ལྔ་ཡི་དུས་ཚོད་དེ་་་་་ཆུད་ཟོས་སུ་མི་འགྲོ་བའི་ཐབས་ལམ་གཞན་ལ་བསམ་བློ་གཏོང་རོགས་ཞུ་ཞེས་ལབ་སྙིང་འདོད་སོང་་་་བཀའ་ཁྲི་ལགས།
༄༅།། བཀའ་ཁྲི་བློ་སེང་ལགས་ཀྱི་སྐུ་ཡོན་ཡག་པོ་ཞེ་དྲག་འདུག ། བོད་སྐད་བརྡ་དག་ཁྱད་མཚར་ཐོན་ཡོང་གི་འདུག་པ་དཔེར་ན། སྐུའི་གསང་བ་གསུམ་ལ་ཚུལ་བསྟན་སྐུ་གེགས། འདི་ལ་གོ་བ་གང་འདྲ་ཞིག་ལེན་རྒྱུ་ཡིན་ནམ།
ད་དུང་ ་དུས་སྐབས་འདིར་ང་ཚོར་ཁྱེད་ཚོ་སྔར་བས་དགོས་མཁོ་ཆེ་བ་ཆགས་འདུག ། ཟེར་བ་འདི་བཞིན་གྲོང་གསེབ་ཀྱི་ལུག་རྫི་རྒན་པོ་ཤིག་གི་བརྗོད་བབ་ཡིན་པ་ལས་སྲིད་སྐྱོང་སྟག་བྲག་གི་སྐུ་དབང་འཛིན་པའི་སྲིད་དོན་པ་ཞིག་གི་བརྗོད་བབ་རེད་དམ། ད་དུང་ཁོ་རང་གི་སྲིད་ཀྱི་དབང་དེ་༧གོང་ས་མཆོག་ནས་གནང་བ་བཤད་སོང་། ཁོ་རང་མི་དམངས་ནས་འོས་འདེམས་བྱས་ནས་སྲིད་དབང་ཟུང་བ་དེ་བརྗེད་ཚར་འདུག །ད་དུང་བོད་ཡིག་ལ་བྱང་བྱ་མིན་འདུག་པས་བོད་ཡིག་དོ་སྣང་གནང་དགོས་འདུག །
གསུམ་བཅུའི་དུས་དྲན་ཐེངས་ ༥༣ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།
གསུམ་བཅུའི་དུས་དྲན་ཐེངས་ ༥༣ པའི་ཐོག་སྤེལ་བའི་བཀའ་བློན་ཁྲི་པའི་ཡོངས་ཁྱབ་གཏམ་བཤད།
སྤྱི་འཐུས་ཀྱི་བཤད་པ་དེ་ ༼གསུང་བཤད་༽ ཡིན་དགོ་ལེ་དང་
བཀའ་བློན་ཁྲི་པའི་བཤད་པ་དེ་ ༼གཏམ་བཤད་༽ ཡིན་དགོས་དོན་གང་རེད་དམ་། བོད་རྒྱལ་ཁབ་ཆེན་པོའི་དབུ་འཁྲིད་དེ་སྤྱི་འཐུས་ལས་དམའ་བའམ་ མཐོང་ཆུང་བ་རེད་དམ་།
གོང་དུ་དྲ་གྲོགས་དགའ་ཤས་ཀྱི་གསུངས་པ་བཞིན། ངའི་མཐོང་སྣང་ལ་བཀའ་བློ ་ཁྲི་པ་ག་དུས་ཡིན་ནའང་ཁོ་རང་ཁོ་རང་བསྟོད་ར་གཏོང་མཁན་ཞིག་མཐོང་གི་འདུག ཁོ་རང་གཏམ་བཤད་ཚང་མ་དེ་སྔའི་ཁོ་རང་གི་སྐད་ཆ་བཤད་ཡེ་སྐད་ཆ་རྙིང་པ་དེ་ཚོ་རྗེས་ཟློས་རྐྱང་རྐྱང་རེད། ཆབ་བྲག་ཚང་ལ་ཞུ་རྒྱུ་ནི། བོད་པའི་སྒེར་ལང་གྱི་ཉིན་མོ་དེ་ནི་བོད་ཀྱི་ལྷ་སར་༡༩༥༩ལོའི་གསུམ་བཅུ་དུས་དྲན་གྱི་ཉིན་མོ་བྱུང་བ་ནསབཟུང་་སྲུང་རྩི་ཞུ་བཞིན་ཡོད། ཉིན་མོ་དེ་ནས་བཟུང་རྒྱ་ནག་གིས་བོད་བཙན་་འཕྲོག་བྱས་ཡོད། རྒྱུ་མཚན་གང་ཡིན་ཞེ་ན་རྒྱལ་ཁབ་གཅིག་གི་རྒྱལ་ས་ཤོར་ན་རྒྱལ་ཁབ་ཡོངས་རྫོགས་ཤོར་ཚར་བ་ཞིག་རྩིས་ཀྱི་ཡོད་ས་རེད། ཡིན་ནའང་བོད་ནང་བཙན་འཛུལ་ཐོག་མར་ཆབ་བྲག་ཚང་གིས་གསུངས་པ་བཞིན་༡༩༥༡ ལོ་ནས་བཟུང་འགོ་འཛུགས་་པ་རེད། དེ་གཉིས་ཀྱི་དབྱེ་བ་འབྱེད་དགོས། ད་དུང་དྲ་གྲོགས་གཞན་ལ་གསལ་པོ་གསུངས་རྒྱུ་ཡོད་ན་དགའ་བསུ་ཡོད།
གསུམ་བཅུའི་དུས་དྲན་ཐེངས་ ༥༣ པའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།
གསུམ་བཅུའི་དུས་དྲན་ཐེངས་ ༥༣ པའི་ཐོག་སྤེལ་བའི་བཀའ་བློན་ཁྲི་པའི་ཡོངས་ཁྱབ་གཏམ་བཤད།
འདི་གཉིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ངོས་སུ་གང་གསལ་བ་དེ་ཁ་བྱང་དང་བཅས་པ་སོར་འཇོག་ཞུས་པ་ཞིག་ཡིན།
གཤམ་གྱི་དྲ་བྱང་ནས་གཟིགས་དང་དེར་ཡོད།
http://bod.asia/
རྒྱ་ནག་ལ་ཁ་འཁོར་ནས་ངོ་རྒོལ་བྱེད་མཁན་ཉུང་ཉུང་རེད། རང་མི་ལ་ཁ་འཁོར་ནས་དྲ་འབུ་བྱེད་མཁན་མང་པོ་རེད།
༼༢༤༽ བསྟན་འཛིན་ནས།
སྤྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༡༡ གི་ཆུ་ཚོད་ ༥ སྐར་མ་ ༢༨
རྒྱ་ནག་ལ་ཁ་འཁོར་ནས་ངོ་རྒོལ་བྱེད་མཁན་ཉུང་ཉུང་རེད། རང་མི་ལ་ཁ་འཁོར་ནས་དྲ་འབུ་བྱེད་མཁན་མང་པོ་རེད།༽
ཁྱོད་ཀྱིས་བཤད་པར་མོས་མཐུན་ཡོད། རྒྱ་ནག་སྐད་ཆ་བཤད་རྒྱ་མཚན་དང་དོན་དངོས་ལ་རྨོངས་པ་རེད། ནང་ཁུལ་ལ་སྡིགས་དམོད་བྱེད་པར་རྒྱུ་མཚན་དང་དོན་དགོས་གང་ཡང་ཡིན་མི་དགོས་པར་སེམས་ལ་དྲན་ཚད་དང་ཁ་ནས་གང་ཐོན། ལག་གིས་གང་ཕྲིས་རེད། རྒྱ་ནག་གིས་འཁྱོགས་རེ་བྱས་ཡོང་དུས་མཆན་བུ་འདེབས་མཁན་ཧ་ལམ་མེད་པར་གྱུར་དང་འགྱུར་འགྲོ་གི་རེད།
བཀའ་བློན་ཁྲི་བས་དུས་ལ་དཔགས་པའི་གསུང་བཤད་ཡག་པོ་གནང་འདུག །མཆན་བུ་འདེབས་པ་རྣམས་ཀྱིས་དྲང་ལྡོག་ཅི་རིགས་ནས་བསམ་ཚུལ་བཏོན་པ་བཟང་མོད། ཚད་བརྒལ་གྱི་སྡིགས་དམོད། དོན་མེད་ཀྱི་སྐྱོན་བརྗོད་རིགས་ལ་འཛེམས་ན་བཟང་།
བཀའ་ཁྲི་མཆོག་ལ་གུས་པ་དགོས་པ་རེད། བསམ་འཆར་ཡང་འདོན་དགོས། ཅི་མཛད་ཁྱོད་ཤེས་ཟེར་ན་གཞུང་དམངས་གཉིས་ཀས་སྔར་ཀྱི་ལམ་ལུགས་ལ་འགྱུར་བ་གཏོང་དགོས་དོན་མེད། དེ་རིང་གི་གསུང་བཤད་དུ་ནང་དོན་གསར་པ་མི་འདུག ཚིག་སྐྱོན་མང་པོ་འདུག གང་ལྟར་ལས་ཀ་ལ་འབད་བརྩོན་གནང་རྒྱུར་བཀའ་དྲིན་མི་ཆུང་བར་ཞུ། དམངས་གཙོའི་གཞུང་ཞིག་ཡིན་ཚེ་རྒྱུ་མཚན་ལྡན་པའི་སྐྱོན་བརྗོད་གནང་ན་དགེ་མཚན་རེད། གང་བཤད་པ་དེར་ལགས་སོ་ཙམ་ལས་ཞུ་མ་ཕོད་ཚེ་སྲིད་དབང་སྒེར་གཅོད་དང་། བཙན་རྒྱལ་རིང་ལུགས། རང་རེའི་ངོ་རྒོལ་བྱེད་སའི་དམར་ཤོག་ཚོགས་པའི་ལམ་ལུགས་ལས་གཞན་དུ་འགྲོ་ས་མེད། གལ་སྲིད་སྔོན་ཆད་བཀའ་ཟུར་བཀྲས་མཐོང་ལགས་འདམས་ཡོད་ན་དེ་རིང་གི་གསུང་བཤད་ལ་ཡིད་ཆད་སྐྱེ་མི་དགོས་པ་ཞིག་ངེས་པར་ཡོང་། མང་པོ་བཤད་ན་སྨྱོན་པར་འགྱུར་བས་ངས་ཚེ་འདས་རྣམས་ཀྱི་དོན་དུ་མ་ཎི་འདོན་རྒྱུ། ཨོཾ་མ་ཎི་པདྨེ་ཧཱུྃ།
བཀའ་བློན་ཁྲི་པ་བླ་བཟང་སོང་གེ་ལ་ཡང་ནས་ཡང་དུ་ཁ་རྡུང་གཏོང་མཁན་ཨ་མདོ་བ་ཚོས་བསོམ་བློ་གཏོང་རྒྱུ་དགོས་འདུག ཨ་མདོ་བ་ཁྱོད་ཚོ་རང་གིས་མ་འཇོན་གཞན་པར་མི་སྐུར་བའི་ཞེན་འཁོན་ག་ནས་ཡོང་ལེ་རེད། ཨ་མདོ་བ་ཁྱོད་ཚོ་ཤར་རྒྱུན་མེད་པར་སྐྱོན་བརྗོད་བྱོ་རྒྱུ་མ་གཏོགས། ཁྱོད་ཚོ་ལག་རྗེས་ག་ཡོད་རེད། ཁ་བཙུམས་ནས་སྤྱི ཚོགས་ནང་འགྲིག་མཐུན་ཡོང་ཐབས་བྱ་རྒྱུའི་དུས་ཚོད་འདི་ལ། ཨ་མདོ་བ་ཁག་ཅིག་གིས་ང་ཚོའི་སྤྱི ཚོགས་ལ་ལུང་མང་པོ་གཏོང་གི་འདུག ད་ཁྱོད་ཚོ་ཁ་བཙུམས་ན་རེད་དཱ།
ཨ་མདོ་བ་བློ་བཟང་ཆོས་འབྱོར་ཟེར་བ་དེ་ཡིས་སྒྲིག་འཛུགས་ཀྱི་བཀའ་མ་རྩིས་པར་ཕྱིར་སྤོས་བཏང་བ་ལ། ཨ་མདོ་བ་ཆབ་བྲག་ལྷ་མོ་ཟེར་བ་སོག་པོ་ཡིན་རྫོ་མཁན་ཁྱེད་ཚོ་རྒྱབ་རྩ་ལངས་མདོག་མདོག་བྱོས་ཏེ་ཕྱིས་དྲག་རྩ་མ་སྟོན་མ་གཏོགས་ཁྱོད་ཚོས་ཉེས་པ་ཆེན་པོ་བཟོ་ས་རེད་དཱ
ཁྱོད་ཚོ་ཨ་མདོ་བ་བློ་བཟང་ཆོས་འབྱོར་ཟེར་བ་ཁོ་གསུམབ་ཅུའི་དུས་དྲན་ལ་རྒྱ་མིས་གཞུང་ཚབ་ནས་རང་ལུས་མེར་སྲེག་བྱེད་ཀི་ཡིན་ལབ་མ་རེད་པས། ད་སསྲེགས་ཚར་རེད་དམ། ག་རེ་བྱུང་ཡོད་རེད། ཨ་མདོ་བ་ཁྱོད་ཚོ་ཤོད་རྒྱུ་མང་པོ་ཡོད། འུར་ལབ་རྒྱབ་ན་རྒྱག་རྒྱུ་མང་ལེ་རེད། ད་ཁྱོད་ཚོས་ཁ་བཙུམས་ནས་བོད་སྤྱི་བ་ལ་བསམ་བློ་རེ་གཏོང་རོགས།
དྲ་གྲོགས་ཚང་མ་ངར་ངར་གནང་དགོས་མ་རེད་དོན་དངོས་ཐོག་དཀའ་བློན་ཁྲི་པས་དམ་འབུལ་སྐབས་གང་གསུང་ཡོད་མེད་དང་ དོན་དངོས་ཐོག་བྱ་ཞག་ག་རེ་སྒྲུབ་མིན་སོགས་དང་ ་དུས་རྒྱུན་ཁོང་གིས་གསུང་བཤད་ལ་ང་ཚོས་སྤྱད་པ་བཏང་བའི་ཐོབ་སྟང་ཡོད་ལ་དེ་མཚུང་གིས་རང་རང་བསམ་ཚུལ་རེ་སྤེལ་བ་ལ་གནད་འགག་གང་ཡང་མ་མཐོང་།།