བསྟན་འཛིན་གྲགས་པ།
———-
གསུམ་བཅུའི་དུས་དྲན་ལ་ཉེ་བའི་སྐབས་སུ་གདོང་དེབ་སྟེང་ན་སྐྱེས་སྐར་ལ་མཚམས་འདྲི་ཞུ་མཁན་ཡང་ཇེ་མང་དུ་གྱུར། ངས་ཚིག་ཐག་ཆོད་པོས་ཞུ་ཐུབ་པ་ཞིག་ནི་སྐྱེས་སྐར་དེ་དག་ལ་ནི་མཚམས་འདྲི་ཞུས་པ་ཙམ་ལས་བོད་རིགས་དེ་ཚོའི་སྐྱེས་སྐར་ངོ་མ་མིན་པ་རེད། མཚམས་དེར་ངའི་མིག་ལམ་དུ་འདི་འདྲ་ཞིག་ཤར་བར་གྱུར།
ཁང་ཆུང་གྲུ་བཞི་མ་ཞིག་གི་ནང་ཅོག་ཙེ་ཆེན་པོ་ཞིག་འདུག ཅོག་ཙེ་དེ་ལ་སྨུག་མདོག་གི་ཚོན་བཏང་ཡོད་ནའང་ཚོན་གསར་བ་མ་རེད། ཅོག་ཙེའི་ངོས་ན་ཐལ་བ་ཡང་གང་འཚམས་ཡོད་ཅིང་། ཅོག་ཙེའི་གཡས་ཟུར་ན་ཡིག་སྣོད་སྐྱ་བོ་མདོག་མེད་པ། སྟེང་ན་འདམ་སེང་གི་རི་མོ་ཅན་འགའ་ཞིག་ལ་རས་སྐུད་ཀྱིས་བསྡམས་ཡོད་པ་རྣམས་བརྩིགས་འདུག ཅོག་ཙེ་དེའི་རྒྱབ་ན་རྐུབ་སྟེགས་འཁོར་ལོ་ཅན་ཞིག་ཡོད་ལ། རྐུབ་སྟེགས་དེ་ད་ལྟ་འགུལ་བཞིན་འདུག
རྐུབ་སྟེགས་སྟེང་ན་སྡོད་པའི་རྒྱ་གར་བ་དེ་ནི་ཕོ་ལོ་བཞི་བཅུ་ཙམ་ཞིག་ཡིན་མོད་སྤྱི་བོ་ན་སྐྲ་རྐང་གཅིག་ཀྱང་མི་འདུག རྣ་ཅོག་གཡས་གཡོན་གྱི་ཐོད་ཙམ་ནས་སྐྲ་ལོ་རྣམས་དཀར་ནག་འདྲེས་མར་ཡོད་པ་དེ་ལ་སྣུམ་བྱུགས་པའི་སྟབས་ཀྱིས་འོད་འཚེར་འཚེར་བྱེད། སྟོད་ཐུང་དཀར་ནག་གི་ཚོན་ཁྲ་ཤུར་མར་ཡོད་པ་ཞིག་གོན་ཡོད་ཅིང་། ཕུ་དུང་ཕྱེད་ཅན་པ་ཞིག་རེད། རྐུ་ཐུང་ནག་པོ་ཞིག་གོན་ཡོད་ལ། རྐང་པ་ན་ཀོ་བའི་བསིལ་ལྷམ་ཞིག་གོན་འདུག ཁོའི་ཁ་ནི་ཡུད་ཙམ་ཡང་སྡོད་དབང་མེད་པར་པཱན་ཞེས་པ་དེ་མུར་བཞིན་ཡོད་ཅིང་། རྐང་པ་གཡོན་མ་རྐང་པ་གཡས་པའི་སྟེང་དྲངས་ཤིང་། ལག་པས་རྐང་མཐིལ་ལ་འཕུར་མཉེད་བྱེད་བཞིན་འདུག
མཚམས་རེར་རྐུབ་སྟེགས་འཁོར་བཅུག་ནས་ཁ་ནས་པཱན་ཟས་པའི་ཁུ་བ་དམར་པོ་དེ་རྒྱབ་ན་ཡོད་པའི་གད་སྙིགས་ཀྱི་སྣོད་དེར་འཕེན་པར་བྱེད། ཁུ་བ་འཕེན་སྐབས་ལག་གཡས་པའི་མཛུབ་མོ་གཉིས་ཀྱིས་ཁ་ཡི་ཟུར་གཡས་གཡོན་ནས་མནན་ཏེ་བཀག་ཅིང་། ཁའི་དཀྱིལ་ནས་བུ་ག་ཞིག་དོད་པ་དེ་ནས་ཁུ་བ་དེ་མདའ་མོ་ནང་བཞིན་འཕེན་པར་བྱེད། ད་རྒྱ་གར་བ་དེས་མདུན་ན་ཡོད་པའི་མི་གཉིས་ལ་ལྟ་བཞིན་འདུག ལག་པ་གཡས་པ་ཁ་གྱེན་དུ་བསྟན་པ་ཅུང་ཟད་བསྐོར་ཙམ་བསྐོར་ཙམ་བྱེད་བཞིན་ “ཀྱཱ་ཧེ། ཀྱཱ་ཧེ་”ཞེས་ཟེར།
མདུན་ན་ཡོད་པ་གཅིག་ནི་སྐད་བསྒྱུར་བོད་པ་ཞིག་རེད། ཁོང་ནི་རྒྱུན་ལྡན་སུད་ཚོང་བ་ཞིག་ཡིན་པ་དང་། ད་ལྟ་ཁོང་གི་རོགས་པ་ལ་སྐད་སྒྱུར་བྱེད་དུ་ཡོང་བ་རེད། ཁོས་བུད་མེད་ཀྱི་སྟོད་ཁུག་དང་ཆེ་ཆུང་མཉམ་པའི་རྒྱབ་ཁུག་ཅིག་གི་ལུང་ཐག་ཕྲ་ལ་རིང་བ་དེ་ཕྲག་པ་གཡས་པར་བསྐོན་ཏེ་འཕྲེད་དུ་འཁུར་འདུག ཁོས་སྐད་སྙོམ་པོས། “བྷ་བྷུ་ཇེ། ཡེ་ བྷན་ད་ མེ་ར་ དྷོ་སི་དྷི་ཧེ། ཨིན་ཀོ་ ཨེ་ཀི་ ཀ་ཀ་ཇི་ བྷ་ན་ དྷེ་ན།” ཞེས་བཤད། རྒྱ་གར་བས་ཅི་ཡང་མ་བཤད། སྐད་བསྒྱུར་གྱིས་སླར་ཡང་བོད་པ་དེ་ཁོང་ལ་རྒྱུས་ཡོད་ཡིན་ལུགས་སོགས་བཤད་ཅིང་། མཐར་ཡིག་ཆ་ཞིག་ཡིན་གཅིག་མིན་གཅིག་བཟོ་དགོས་པ་དང་། ཁོང་གིས་རྒྱ་གར་བ་དེ་ལ་འབྲེལ་འདྲིས་ཟབ་ཚུལ་སོགས་དངོས་ཡོད་དང་དངོས་ཡོད་མིན་པའི་སྒྲུང་སྣ་ཚོགས་ཤིག་བཤད།
སྐབས་དེར་རྒྱ་གར་བ་དེས་བོད་པ་དེའི་གདོང་པ་ལ་བལྟས། བོད་པ་དེ་ནི་ཉེ་ཆར་བོད་ནས་འབྱོར་ཞིང་མིང་ལ་བསོད་ནམས་བཀྲ་ཤིས་ཟེར། འོན་ཀྱང་མི་ཚང་མས་ཁོ་ལ་བསོད་ལོ་ཞེས་འབོད་པ་མ་གཏོགས་བསོད་ནམས་བཀྲ་ཤིས་ཞེས་འབོད་མཁན་མེད། བསོད་ལོས་ཀྱང་ཁོང་ལ་བསོད་ནམས་བཀྲ་ཤིས་ཟེར་བའི་མིང་ཞིག་ཡོད་པ་ཕལ་ཆེར་བརྗེད་པ་འདྲ་ཞིག་ཡོད། བསོད་ལོའི་གདོང་ལ་རྨ་ཁ་ཡིས་ཁྱབ་ཡོད། དེ་ནི་རྒྱ་གར་གྱི་དུག་སྦྲང་གིས་སོ་བཏབ་ཤུལ་ལ་ཟ་འཕྲུག་ལངས་ཏེ་འཕྲུགས་པའི་རྐྱེན་གྱིས་རྨ་རུ་སོང་བ་རེད། ཚ་བ་ལ་རྐྱེན་བྱས་ཏེ་ཟླ་བ་གཅིག་ཙམ་ན་བ་དང་། ན་ཚའི་ཤུགས་ཀྱིས་གཟུགས་ཁམས་ཡང་ཧ་ཅང་སྐྱོ། རྒྱ་གར་བས། “མི་འདི་ བོད་ནས་ཡོང་བ་རེད།” ཅེས་བཤད།
སྐད་སྒྱུར་བས། “བོད་ནས་ཡོང་བ་མ་རེད། ཁོང་གི་ཕ་མ་གཉིས་ལ་དྭགས་ན་ཡོད། ཡིན་ན་ཡང་ད་ལྟ་གྲོངས་ཚར་པ་རེད། ཁོང་གི་ཨ་ཁུ་ཞིག་ངས་ངོ་ཤེས།”ཅེས་སོགས་གྲ་སྒྲིག་བྱས་པའི་སྒྲུང་ཁ་མི་ཚང་བ་ཞིག་བཤད། རྒྱ་གར་བས་བསམ་བློ་གཏོང་བཞིན་འདུག ལག་པ་གཡོན་མས་རང་གི་ཕོ་མཚན་དང་རླིག་པ་ཡོད་ས་བསྙབས་ནས་དཀྲུགས་དཀྲུགས་ཤིག་བཏང་། དེ་ནི་རྒྱ་གར་བ་ཡོངས་ཀྱིས་བྱེད་པ་ཞིག་ཡིན་པས་ངོ་ཚ་སོགས་ལ་མི་བརྩི། རྒྱ་གར་བས། “ད་བར་དུ་ག་རེ་བྱས་ནས་ཡིག་ཆ་མ་བཟོས་པ་རེད།” ཅེས་ཟེར། སྐད་སྒྱུར་གྱིས། “ཡིག་ཆ་དགོས་པ་ཧ་མ་གོ་བ་རེད། འདི་ཚོ་ལ་དྭགས་ནས་ཡིན་སྟབས་ཅི་ཡང་ཧ་གོ་གི་ཡོད་པ་མ་རེད།” ཅེས་ལན་བཏབ། བསོད་ལོས་ཅི་ཞིག་བཤད་ཀྱིན་པ་མ་ཚོར། མ་གོ འོན་ཀྱང་གདོང་དམར་པོར་གྱུར། སྙིང་ཆུང་ཡང་དྲག་ཏུ་འཕར་བཞིན་ཡོད།
རྒྱ་གར་བས་དེ་ལྟར་པཱན་ཟ་ཞོར་དང་བསོད་ལོའི་གདོང་ལ་ལྟ་ཞོར་། རླིག་པ་ལ་ལག་པ་འཆང་ཞོར་སྐར་མ་བཅུ་ཙམ་ལ་ཚིག་གཅིག་ཀྱང་མ་བཤད། སྐད་སྒྱུར་གྱིས་རྒྱབ་ཁུག་གི་ཁ་ཕྱེས། གྷན་དཱི་རྗེའི་རི་མོ་ཅན་གྱི་ཤོག་གུ་བཞི་ག་ལེར་མདུན་ཅོག་གི་སྟེང་གི་ཐལ་བའི་ཁྲོད་དུ་བཞག རྒྱ་གར་བས་དེ་མ་ཐག་འཐེན་སྒམ་གྱི་ཁ་ཕྱེས་ནས་ལྔ་བརྒྱ་ལོར་ཅན་གྱི་ཤོག་གུ་དེ་ཚོ་འཐེན་སྒམ་ནང་དུ་གཡུགས། གཡས་གཡོན་ལ་ཞིབ་ལྟ་ཞིག་བྱས་ཏེ་མི་གཞན་གྱིས་དེ་མཐོང་མེད་པ་ཏན་ཏན་བྱས།
“ནམ་ཀྱཱ་ཧེ། མིང་ལ་ཅི་ཟེར།” ད་ཁང་ཆུང་ནང་གི་མི་གསུམ་པོ་སྐད་སྒྱུར་གྱི་བྲེལ་བ་ལངས་སོང་། མགོ་བོ་གསུམ་པོ་འཁྲུགས་པོ་ཆགས་འདུག མི་གསུམ་གྱིས་བྱ་ངན་ཞིག་རྩོམ་པའི་གསང་བའི་གྲོས་བསྡུར་ཞིག་བྱེད་པ་དང་མཚུངས།
“བསོད་ལོ།”
“དེ་ནས་”
“བསོད་ལོ།”
མིང་གཅིག་མ་གཏོགས་མི་འདུག་བསམས་ནས་ ཨིན་ཡིག་གིས་ FNU ཞེས་བྲིས། དེ་ནི་ (first name unknown) ཞེས་པའི་དོད་རེད།
“ཨ་ཕའི་མིང་།”
“རྡོ་རྗེ།” གང་དྲན་དྲན་ཞིག་བཤད།
“ཨ་མའི་མིང་།”
“ལྷ་མོ།” འདི་ཡང་གང་དྲན་ཞིག་བཤད་པ་རེད།
“སྐྱེས་ལོ།”
“༡༩༨༠” འདི་ངོ་མ་མ་རེད། བསོད་ལོ་ནི་ ༡༩༦༦ ལོར་སྐྱེས་པ་རེད། འོན་ཀྱང་ལོ་ཆུང་ཆུང་ཡིན་པར་མ་བཤད་ཚེ་ཡིག་ཆ་བཟོ་ཐུབ་གི་མ་རེད་ཅེས་པའི་གཏམ་ཡན་ཞིག་གོ་ཡོད་སྟབས། དེ་ལྟར་བཤད་པ་རེད།
“སྐྱེས་ཚེས།”
སྐད་སྒྱུར་གྱིས་བསོད་ལོ་ལ་དྲན་གསོ་ཞིག་བཏང་། “ཚེས་པ་དྲན་ཆོག་ཆོག་ཅིག་ཡོད་ན་ཡག་གི་རེད། དེ་མིན་བརྗེད་འགྲོ་གི་རེད།” བསོད་ལོས་བསམ་བློ་ཞིག་གཏོང་བཞིན།
“ཨང་ཨང་། ཟླ་བ་གསུམ་པའི་ཚེས་པ་བཅུ།”
“ཡ་བདུན་ཕྲག་རྗེས་མར་ཡིག་ཆ་ལེན་དུ་ཤོག”
སྐད་སྒྱུར་གྱིས་ཐུགས་རྗེ་ཆེ་ཞུ་བའི་དོད་དུ་་ལག་པ་གཡས་པ་རང་གི་གདོང་ལ་འཁྱེར་ཙམ་འཁྱེར་ཙམ་གྱི་ཕྱག་རྒྱ་བྱེད་བཞིན། “བྷ་བྷུ་རྗེ། དྷ་ནི་ཡ་བྷ་ཏི། ཤུག་ཀུ་རི་ཡ།” ཞེས་མ་ཎི་འདོན་འདོན་བྱས། དེ་ནས་བསོད་ལོ་དང་སྐད་སྒྱུར་ལྷན་དུ་རིམ་གྱིས་ཕྱི་ལོགས་ལ་ཐོན།