དགེ་འདུན
ཞོགས་པའི་ཆུ་ཚོད་ ༦ དང་ཕྱེད་ཀའི་སྟེང་ཕྲན་གཉིད་སད། ནམ་རྒྱུན་ཞོགས་གཉིད་མཐུག་པོ་རྒྱག་མཁན་ཞིག་དང་གཏན་ནས་མི་འདྲ། མིག་བཙུམས་ཀྱང་གཉིད་མི་ཡོང་། ག་ལེར་ལངས་ནས་གཟུགས་པོ་བཀྲུས། དྲ་རྒྱ་བསྔོགས། རྒྱ་གར་ནས་གསུམ་བཅུའི་དུས་དྲན་བྱས་ཟིན་པའི་གསར་འགྱུར་རེ་བཀླགས། དེ་ནས་༧སྐྱབས་མགོན་རིན་པོ་ཆེའི་གསུང་འཕྲིན་དབྱིན་ཡིག་མ་ཞིག་པར་བཏབ། བྱིས་པ་གཉིད་སད་དུ་བཅུག་ནས་སློབ་གྲྭའི་གྲ་སྒྲིག་བྱས། ངེད་ཀྱི་ཉིན་འདི་དེ་ལྟར་མགོ་བཙུགས།
རྒྱུན་ལྡན་བྱིས་པའི་སློབ་གྲྭ་དེ་ཆུ་ཚོད་ ༨ དང་ཕྱེད་ཀའི་ཐོག་མགོ་འཛུགས་ཀྱི་ཡོད། དེ་རིང་བྱིས་པ་ཆུ་ཚོད་ཕྱེད་ཀའི་སྔོན་ལ་སློབ་གྲྭར་བསྐྱལ་ཐུབ་ཚེ། ང་ནི་དུས་བཅད་ལྟར་ ཆུ་ཚོད་ ༩ པའི་ཐོག་མགོ་འཛུགས་རྒྱུའི་གོམ་བགྲོད་ཀྱི་རྗེས་ཟིན་པ་འདུག དེ་ནས་ངེད་ཀྱི་དེ་རིང་གི་ལས་ཀའི་ཐད་སྔ་ས་ནས་དགོངས་ཞུ་བྱས་ཟིན་ཡོད་ཅིང་། སློབ་མ་ཚོ་ལའང་དེ་ལྟར་བརྡ་སྤྲད་ཟིན་ཡོད། ད་ནི་འཆར་གཞི་འདི་ཡག་པོ་འདུག དངོས་གནས་ཡག་པོ་འདུག
བྱིས་པ་སློབ་གྲྭར་བསྐྱལ་ཟིན། ཆར་པ་འབབ་པའི་གནམ་གཤིས་སྔོན་བརྡ་ཡོད་མོད། གནམ་མཁའ་སྔོ་དྭངས་ངེར་འདུག རིམ་གྱིས་རྒྱལ་སའི་ཕྱོགས་སུ་བསྐྱོད། རྒྱལ་ས་དེ་ནི་མངའ་སྡེའི་རྒྱལ་ས་རེད། ཨིན་ཌི་ཡ་ན་ཨེ་པོ་ལི་སི་ཟེར། ང་སྡོད་ནས་ཆུ་ཚོད་གཅིག་ལྷག་ཙམ་རིང་རླངས་འཁོར་བསྐོར་དགོས། ལམ་ཁ་ནས་འཚིག་ཇ་ཞིག་ཉོས། གློ་བུར་ཁ་པར་ཞིག་སླེབས་བྱུང་། ཁ་པར་གྱི་ཕར་སྣེ་ནས་ བུ་གུའི་སློབ་གྲྭའི་ལས་ཁུངས་ཡིན་ཟེར། ཅི་བྱུང་བ་རེད་དྲིས། “ཁྱེད་ཀྱིས་བྱིས་པ་འདི་ལྟར་ཆུ་ཚོད་ཕྱེད་ཀའི་སྔོན་ལ་བསྐྱལ་མི་ཆོག འདི་སློབ་གྲྭའི་ཁྲིམས་རེད།” ཟེར། ངས། “དགོངས་པ་མ་ཚོམས། ང་ལམ་ཆེན་སྟེང་ན་ཡོད།”ཅེས་ལན་བཏབ། ཁ་པར་ཐོག་གི་བུད་མེད་དེས། “ཁྱེད་ཀྱིས་ཐེངས་གཅིག་མ་རེད། ཐེངས་མ་མང་པོར་འདི་འདྲ་བྱས་སོང་། དེ་འགྲིག་གི་མ་རེད།”
ངས། “དགོངས་པ་མ་ཚོམས། འདི་ཐེངས་མ་དང་པོ་ཡིན། ང་ལ་ཁྱིམ་གྱི་ཛ་དྲག་གི་བྱ་བ་ཞིག་ཡོད།”ཅེས་ལན་བཏབ། གློ་བུར་དུ་ཡིད་སྐྱོ་བ་ཚད་མེད་པ་ཞིག་བྱུང་། ཁ་པར་ཐོག་སྐད་ཆ་བཤད་ཐུབ་པ་མི་འདུག ང་ནི་གསུམ་བཅུའི་དུས་དྲན་བྱེད་དུ་འགྲོ་གི་ཡོད། ད་བར་ཆད་ཅིག་བྱུང་སོང་། ཁ་པར་གྱི་ཁ་བརྒྱབ། འོན་ཀྱང་། བྱིས་པ་ནི་ངའི་བྱིས་པ་རེད། ཁྲིམས་ནི་སློབ་གྲྭའི་ཁྲིམས་རེད། ང་བྱིས་པ་སླར་ཡང་ལེན་དུ་སོང་། བྱིས་པ་འཁྲིད་ནས་ཁྱིམ་མཚེས་ཀྱི་ཁང་པར་སོང་། ད་སློབ་གྲྭའི་སྦ་སི་ཡོང་རྒྱུ་ལ་སྐར་མ་བཅུ་ལས་མི་འདུག བྱིས་པ་ཁྱིམ་མཚེས་ལ་བཅོལ། ང་ལམ་ཆེན་སྟེང་རྒྱུགས། ལམ་ནས་སློབ་གྲྭ་དང་སྒྲིག་ཁྲིམས། ང་དང་སྐྱབས་བཅོལ། གསུམ་བཅུའི་དུས་དྲན་དང་བོད་མི། མི་དང་མིའི་འབྲེལ་བ། མི་དང་ཁྲིམས་ཀྱི་འབྲེལ་བ། འདི་འདྲ་ལ་བསམ་བློ་གཏོང་བཞིན་འདུག མཚམས་རེར་སྐད་བརྒྱབ་ནས་རྒྱལ་གླུ་སྐྱོར། སྐབས་རེར་སྐད་གཟེངས་མཐོན་པོས། “གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་འདིར༎”སོགས་སྐྱོར། བདག་གཅིག་པུ་རླངས་འཁོར་ནང་དུ་ཡོད་སྟབས། འདི་འདྲ་ཞིག་བྱེད་ཤོར་སོང་།
ཆུ་ཚོད་ ༩ དང་ཕྱེད་ཀ་ཙམ་ལ། མངའ་སྡེའི་སྲིད་སྐྱོང་བའི་སྡོད་ཁང་སྒོ་འགྲམ་ལ་སླེབས། དེར་བོད་མི་ལྔ་དྲུག་ཙམ་དང་། དེ་ནས་བོད་དོན་རྒྱབ་སྐྱོར་བ་ བཅས་ཁྱོན་བསྡོམས་ མི་ ༢༢ ཙམ་གྱིས་གོམ་བགྲོད་ཀྱི་མགོ་བཙུགས་འདུག ངས་རླངས་འཁོར་འཇོག་ས་དེ་བཙལ་ནས་རླངས་འཁོར་བཞག་རྗེས། རྒྱུགས་ནས་གོམ་བགྲོད་པའི་ཕྲེང་བསྟར་ཁྲོད་ཞུགས། “བོད་ལ་རང་བཙན་ད་སྤྲོད་ཅིག་”ཅེས་པའི་འཕྲེད་དར་གྱི་བྱང་བུ་ཞིག་སྐེ་ལ་བཀོན། མེལ་ལེ་ལྔ་ཡི་གོམ་བགྲོད་མགོ་བཙུགས། སྐར་མ་གཅིག་གཉིས་ཙམ་གྱི་བར་སྟོང་འཇོག་བཞིན་ང་ཚོས་སྐད་གཟེངས་མཐོན་པོས་སྐད་འབོད་བྱས། སྐད་འབོད་དེ་ཚོ་དབྱིན་སྐད་དུ་བྱས། སྐད་ཡོད་ཚད་ཕྱིར་བཏོན་ནས་སྐད་འབོད་བྱས། “རྫུན་བཤད། རྫུན་བཤད། རྒྱ་ཡིས་རྫུན་བཤད།” “རྒྱ་ཡིས་རྫུན་བཤད། མི་མང་གི་ཚེ་སྲོག་ཤོར།” “རྒྱ་མི་ཚོ། བོད་ནས་ཕྱིར་ལོག་ཅིག” “༧རྒྱལ་བ་རིན་པོ་ཆེ། སྐུ་ཚེ་བརྟན་པར་ཤོག” སྐད་འབོད་འདི་འདྲ་རེད། སྐབས་མང་པོར་ང་རང་གི་ལུས་ངག་ཡིད་གསུམ་སྐད་འབོད་དེ་དག་གི་ཁྲོད་དུ་ཐིམ། སྐད་འབོད་རེ་རེ་བྱས་སྐབས་སེམས་ལ་དགའ་སྣང་ཞིག་ཤར། ཆུ་ཚོད་གསུམ་རིང་དེ་ལྟར་གོམ་བགྲོད་བྱས། ལམ་ཆེན་སྟེང་རྒྱུགས་བཞིན་པའི་རླངས་འཁོར་ཁ་ལོ་པ་སྟོང་ཕྲག་མང་པོས་ང་ཚོ་མཐོང་ནས་རླངས་འཁོར་གྱི་བརྡ་སྐད་སྒྲོག ང་ཚོས་ལག་པ་གཡུགས་བཞིན་ཐུགས་རྗེ་ཆེ་ཞུས།
གྲོང་ཁྱེར་གྱི་དཀྱིལ་དེར་སླེབས་དུས་ ཧ་ལམ་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀ་ཟིན་འདུག དེར་རྡོ་རིང་ལྟ་བུའི་དྲན་རྟེན་གྱི་ཁང་པ་ཧ་ཅང་མཐོན་པོ་ཞིག་ཡོད་པ་དེའི་མཐའ་སྐོར་ད་སྐོར་ལམ་ལྟ་བུའི་རླངས་འཁོར་གྱི་ལམ་ཞིག་ཡོད། ཧ་ལམ་བོད་ཀྱི་བར་སྐོར་འདྲ་སེ་བ་ཞིག་རེད། ང་ཚོས་དེ་ལ་སྐོར་ར་གསུམ་བརྒྱབ། དེ་ནས་རྒྱལ་གླུ་སོགས་སྐྱོར་ནས་གསུམ་བཅུའི་དུས་དྲན་གྱི་མཛད་སྒོ་གྲུབ་པར་བྱས། བོད་མི་འདིར་ཡོད་པ་རྣམས་ནི་ང་ཇི་བཞིན་ས་ཕྱོགས་ཁ་ཐག་རིང་བ་ནས་ཡོང་འདུག་ཅིང་། ཕལ་ཆེར་གྱིས་ཉིན་འདིའི་ལས་ཀ་གཡུགས་ནས་ཡོང་འདུག སེམས་པ་སྤྲོ་བ་དང་སེམས་ཀྱི་འདོད་བློ་ཁེངས་པ་ཞིག་བྱུང་། ལོ་གཅིག་གི་ལས་འགན་ལས་གལ་ཆེ་བ་ཞིག་འགྲུབ་སོང་དྲན། སླར་རང་ཁྱིམ་དུ་ལོག སློབ་གྲྭ་ཆེན་མོ་ན། དེ་རིང་གི་ཉིན་མོ་དང་འབྲེལ་བའི་གསུང་བཤད་ཅིག་ཡོད། དེ་ལ་ཕྱིན་པ་ཡིན། གསུང་བཤད་གནང་མཁན་གྱིས་ གཙོ་བོར་ཅིའི་ཕྱིར་ ༡༩༥༩ ལོའི་གྱེན་ལངས་བྱུང་བའི་རྒྱུ་རྐྱེན་ཧ་ཅང་ཁ་གསལ་ཞིག་གསུངས་སོང་། གསུང་བཤད་ཆ་ཚང་ཉན་མ་ཐུབ་པ་ལ་འགྱོད་པ་སྐྱེས། དེ་ནི་བྱིས་པའི་སློབ་གྲྭ་ཚར་ཡོད་སྟབས་ང་བྱིས་པ་ལེན་དུ་འགྲོ་དགོས་བྱུང་བའི་རྐྱེན་རེད། བྱིས་པ་ངའི་བྱིས་པ་རེད། དེ་ལྟར་ངེད་ཀྱི་གསུམ་བཅུའི་དུས་དྲན་ཐེངས་ ༥༡ པ་དེ་མཇུག་འགྲིལ། ང་ ལོ་ ༤༤ ཡིན།
བཀུར་བར་འོས་པའི་དགེ་རབ་ལགས། ཁྱེད་ཀྱིས་སུམ་དུས་ཉིན་གྱི་ཉིན་ཐོ་སྣང་འགྲོ་ཞིག་དང་བསམ་བློ་གཏོང་རྒྱུ་ཡོད་པ་ཞིག་བྲིས་འདུག འོན་ཀྱང་ཁྱེད་ལ་སྐུ་ལྕམ་མེད་དམ།
མི་ཡུལ་ནས་འཚོ་བ་བསྐྱལ་ན་དཀའ་ཁག་དེ་འདྲ་མང་གི་ཡ རབ་གསལ་ལས་ངན་པོ། ད་ང་ཚོས་རང་གི་མི་རིགས་ཀྱི་དོན་དུ་སྐད་རྒྱག་སྟངས་ཤིག་བརྗེ་བོ་རྒྱག་རན་རེད་འདུག