གཡུ་སྒང་དགེ་འདུན་གྱིས།
(ཨ་རིས་གསེར་གྱི་གཟེངས་རྟགས་ཕུལ་བའི་ཉིན་མོར་ཕུལ།)
སྙིང་རྗེ་ལྗོན་པའི་རྩ་བ་བརྟན་ཞིང་བྱམས་བརྩེའི་ལོ་འདབ་འཕང་ཕུང་གཡོ།།
བསྡུ་བཞིའི་མིག་གི་ལང་ཚོ་རྒྱས་ཤིང་ལྷག་བསམ་གེ་སར་ཕྱུར་བར་གཏམས།།
གདུལ་བྱའི་བུང་བའི་འདུ་འཛི་འཁྲིགས་པར་ཟབ་གསུང་སྦྲང་རྩི་གསར་བའི་བཅུད།།
སྩོལ་མཛད་གངས་ལྗོངས་ལྷ་ཡི་སྲས་པོ་འཛམ་གླིང་ཆེ་དགུའི་གཙུག་གི་རྒྱན།།
དམ་པའི་ཞབས་རྡུལ་སྤྱི་བོར་བསྟེན་ཏེ་གཞུང་ལུགས་འབུམ་ཕྲག་ཐུགས་སུ་བསྣམས།།
ས་སྟེང་མཁས་དགུའི་རྒྱུ་སྐར་དབུས་སུ་སྤྲིན་བྲལ་སྟོན་གྱི་ཟླ་བ་བཞིན།།
ཞི་བདེའི་འོད་ཀྱི་ཟེགས་མ་རེ་རེ་ཕྱོགས་མཐའི་འཛིན་མའི་ལྟོ་བ་རུ།།
འཕྲོས་པའི་ཕན་བདེའི་དགེ་ལེགས་གྲིབ་བསིལ་གདུལ་བྱའི་སྙིང་གི་གཏིང་དུ་འཐིམས།།
ལུགས་གཉིས་ཉི་ཟླའི་ཁྲི་འཕང་རྩེ་རུ་བདེན་དོན་བཀྲ་ཤིས་དུང་གི་སྒྲས།།
ཕྱོགས་མཐའི་སྒྲ་འཛིན་སྟོང་གི་དྲན་དབང་རྟ་དམག་བྱེ་བས་འགོག་མིན་པར།།
འདུས་པའི་གདུལ་བྱས་ས་ཆེན་འདི་ཡང་དོག་པར་བྱེད་པའི་མཛད་འཕྲིན་ལ།།
འཛམ་གླིང་རླབས་ཆེན་དབུ་ཁྲིད་དག་གིས་གུས་བཀུར་ཁ་བཏགས་དབྱིངས་སུ་འཐེན།།
འོན་ཏང་ལྟ་སྤྱོད་འཁོར་ལོ་བསྐོར་བའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཡི།།
མུ་མེད་མཛད་འཕྲིན་ལྷུན་པོའི་གཏོས་ལ་ལྷ་ཚོགས་བྱེ་བས་འགྲན་མིན་པས།།
སྟོབས་འབྱོར་གོ་ལའི་ཡང་རྩེར་སྙེགས་པའི་ཨ་རིའི་ཕོ་བྲང་དཀར་པོ་རུ།།
མངའ་བདག་བྷུ་ཤིའུའི་ཕྱག་ཟུང་རྩེ་ནས་རིན་ཆེན་གསེར་གྱི་གཟེངས་རྟགས་བཏགས།།
མགོན་གང་མཁྱེན་རྟོགས་ཆུ་ཤེལ་དབང་བོར་བྱམས་བརྩེའི་རི་བོང་མཚན་མ་འཛིན།།
དྲི་བྲལ་ལུང་རིགས་ཀུན་ཏའི་ལེགས་བཤད་མཁས་རྣམས་ཡིད་ཀྱི་རི་མོར་བཀོད།།
ཕྱོགས་མཐའི་གསར་འགོད་རྒྱུ་སྐར་ཕྲེང་བ་མཛད་བྱུས་ལྷ་ལམ་ངོས་སུ་འཁྲིགས།།
ཨེ་མ་གངས་ལྗོངས་འགྲོ་བའི་སྒྲོན་མེ་ས་གསུམ་སྐྱེ་དགུའི་དབུས་ན་འཕགས།།
གཡུ་སྒང་དགེ་འདུན་གྱིས། ༢༠༡༨། ཟླ་ ༡༠ ཚེས་ ༡༦ ཉིན་བྲིས།
ངོ་མ་སྙན་ངག་ཡག་པོ་བྲིས་འདུག སྐུ་ཚེ་རིང་། སྙན་མོ་འདུག
༄༅། དཔེ་ཡག་པོ་བྲིས་འདུག། བཀྲིས་བདེ་ལེགས་ཡོད།
ཐུགས་རྗེ་ཆེ།