ཉིན་འདི་འགའི་རིང་ང་ཚོ་མང་ཆེ་བས་ཨོ་ལིམ་ཕིག་གི་རྩེད་འགྲན་ལ་ལྟ་གི་ཡོད་རྒྱུ་རེད། ད་གསེར་གྱི་རྟགས་མ་ཚང་མ་རྒྱ་ནག་གིས་རྟ་རྒྱུག་ཞོར་དང་མེ་ཏོག་འཐུ་ཞོར་བྱེད་ཀྱི་འདུག ཁྱེད་ཚོ་དེར་དགའ་བ་སྐྱེའམ་ཡང་ན་ཕྲག་དོག་སྐྱེ། འོད་ལམ་ལམ་གྱི་གསེར་གྱི་རྟགས་མ་རེ་རེའི་རྒྱབ་ལོགས་སུ་ལོ་རྒྱུས་ཀྱི་གྲིབ་ནག་རིང་མོ་རེ་ཡོད་པ་དེར་ཁྱེད་ཚོས་བསམ་བློ་ཨེ་བཏང་། དེའི་སྐོར་ལ་ཁྱེད་ཚོས་ཆི་བསམ། མྱི་སུམ་ཅུར་བསམ་བློ་སུམ་ཅུ། མཛོ་སུམ་ཅུར་རྭ་ཁ་དྲུག་ཅུ་ཡིནཔས་ང་ཁྱེད་ཚོའི་བསམ་ཚུལ་ལ་ཉན་འདོད་ཡོད།
ཚང་མས་ཤེས་གསལ་ལྟར། རྒྱ་ནག་ལ་ཨོ་རྩེད་ཀྱི་གོ་སྐབས་ཐོབ་པ་ནས་བཟུང་། རྟགས་མ་མང་ཆེ་བ་ལེན་རྒྱུའི་འཆར་གཞི་བཏིང་སྟེ་རྒྱ་ནག་རྒྱལ་ཡོངས་སུ་བྱིས་པ་ལོ་ཆུང་གཟུགས་གཞི་ཚད་ལྡན་སྟོང་ཕྲག་མང་པོ་འདེམས་ཡོང་ནས་སྔོན་ཚུད་ནས་གྲ་སྒྲིག་བྱས་པའི་འབྲས་བུར་དེ་རིང་གི་རྟགས་མ་འདི་ཚོ་རེ་རེ་བྱས་འཁྱེར་འགྲོ་བའི་གོ་སྐབས་འདི་བྱུང་བ་མ་རེད་དམ། དེ་ཡང་ལོས་ཡིན་ཏེ། ངས་འདིར་བརྗོད་འདོད་པ་ནི། སྔོན་ཚུད་ནས་འཆར་གཞི་བཏིང་སྟེ་གྲ་སྒྲིག་བྱས་པ་ཁོ་ནས་རྟགས་མ་འདི་འདྲ་མང་པོ་ཞིག་ཅི་ལ་ཐོབ། དྲི་བ་འདིའི་ལན་ངས་གོང་དུ་བརྗོད་པའི་ལོ་རྒྱུས་ཀྱི་གྲིབ་ནག་རིང་པོ་ཟེར་བ་དེར་འགྲེལ་བཤད་ཐུང་ངུ་ཞིག་རྒྱབ་ན་དེས་འཐུས་སྙམ། དེ་ནི་རྒྱ་གཞུང་གིས་ལོ་ཆུང་བྱིས་པ་སྟོང་ཕྲག་དུ་མ་ཕ་མའི་རྩ་ནས་འདོད་པ་ཡོད་མེད་ལ་མ་ལྟོས་པར་འཁྱེར་ཕྱིན་པ་དེ་རེད། དེ་ཚོ་ཚང་མ་བཙོན་མ་ནང་བཞིན་ཕྱོགས་གཅིག་ཏུ་ཉར་ཏེ་ཕྱི་མིའི་འབྲེལ་ལམ་བཅད་པ་རེད། ཕ་མ་ཚོ་ལའང་དུས་ཚོད་བཟོས་ནས་མ་གཏོགས་གང་འདོད་འདོད་ཐུག་ཐབས་མེད་པ་རེད། དེ་ནས་ཉི་མ་རེ་རེའི་སྦྱོང་བརྡར་རེ་རེ་རྔུལ་ནག་དང་མིག་ཆུས་བྱས་ཡོང་པ་རེད། ཡང་དེ་དང་མཉམ་དུ་དཀའ་ངལ་སྣ་དགུ་བརྒྱུད་ཡོང་བ་འདིར་གདོང་ལེན་བྱེད་པའི་སེམས་ཤུགས་ཤིག་ཀྱང་ཕ་མ་གཉིས་དང་བུ་ཕྲུག་དང་བཅས་པར་ཡོད་པ་རེད། དེ་ནི་རིང་མོ་ཞིག་ནས་རྒྱ་གཞུང་གིས་རང་གི་མེས་རྒྱལ་གྱིཆེད་དུ། ཀྲུང་ཧྭ་མི་རིགས་ཀྱི་ཆེད་དུ་ཟེར་ནས་ཡིད་སེམས་འགུལ་བའི་དྲིལ་བསྒྲགས་ཀྱིས་དེ་མི་རེ་རེའི་ཤ་རུས་ཀྱི་གཏིང་དུ་ཟུག་བཅུག་ཡོད་པས་རེད།
མདོར་དེད་ན། བཙན་དབང་། དཀའ་ངལ། སེམས་ཤུགས་བཅས་ལ་བརྟེན་ནས་གསེར་དངུལ་གྱི་རྟགས་མ་རེ་རེ་འོད་ལམ་ལམ་ཁྱེར་འགྲོ་གི་ཡོད་པ་མ་རེད་དམ།
ད་ཁྱེད་ཀྱིས་ཅི་བསམ། གཟི་བརྗིད་ལྡན་པའི་རྟགས་མ་འདི་ཚོའི་ཆེད་དུ། རྒྱལ་ཁབ་ཅིག་གི་ལར་ཞེན་གྱི་ཆེད་དུ་གཞུང་གང་ཞིག་ནས་ངེས་པར་དུ་འདི་འདྲ་བྱེད་དགོས་ངེས་སུ་མཐོང་ངམ། ཡང་ན། རྟགས་མ་འདི་ཚོ་རང་དང་རྒྱལ་ཁབ་གཉིས་ལ་ཇི་འདྲའི་རིན་ཐང་ཆེན་པོ་ཡིན་ན་ཡང་། འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་བརྩི་བཀུར་བྱ་དགོས་རྒྱུ་དེ་དེ་ལས་ལྡབ་བརྒྱ་ཕྲག་གིས་ལྷག་པའི་རིན་ཐང་ལྡན་ཡོད་པར་བསམ།
རྟགས་མ་དེ་ཚོའི་རྒྱབ་ན་སྡུག་བསྔལ་རེ་ཡོད་པ་ནི་སྨོས་མ་དགོས། ད་བར་རྒྱ་ནག་གིས་ཕྱི་རྒྱལ་ལ་འགྲན་ཐུབ་པ་དེ་གལ་ཆེན་པོར་བཟུང་། ད་ནས་འགྲན་ཐུབ་པ་ཤེས་རྗེས་ད་ཅི་བྱེད།
ཡང་། འཁྱུག་མཉེན་ལུས་རྩལ་པའི་བུ་མོའི་སྡེ་ཚན་དེ་ཚོ་ ལོ་ཚད་ ༡༦ ལོངས་མེད་པའི་རྩོད་རྙོག་ཅིག་ལངས་འདུག ཁ་སྔོན་གྱི་བུ་མོ་ལོ་ཆུང་གླུ་གཞས་གཏོང་མཁན་དེ་ངོ་བྱད་མི་ལེགས་པའི་རྒྱུ་མཚན་གྱིས་གཞན་ཞིག་བཅུག་པའི་རྩོད་རྙོག་དེ་ཚོ་སོགས་རྙོག་གླེང་མང་པོ་ཞིག་ཡོང་བཞིན་འདུག ང་ལ་རྒྱ་མི་ལ་ཕྲག་དོག་གང་ཡང་མ་ལངས། བོད་ལ་ང་རྒྱལ་ཡང་མ་ལངས། རྒྱ་ནག་གི་བཅོས་མ་དེ་ཚོ་མཐོང་ནས་ཨ་ཁ་བསམས་པ་ཞིག་བྱུང་། ངའི་གྲོགས་པོ་ཞིག་གིས་བཤད་ན། ཉིན་དང་པོའི་གློག་གི་མཚར་སྣང་མང་པོའི་གྲས་སུ་ཡང་གློག་ཀླད་བརྒྱུད་ཇུས་འགོད་བྱས་པ་འདུག་ཟེར། འདི་འདྲའི་རྫུན་མང་བ་ལ་ཨ།
ངས་བོད་དུ་ཡོད་པའི་ངོ་ཤིག་ལ་རྒྱ་ནག་ལ་གསེར་གྱི་རྟགས་མ་རེ་ཐོབ་དུས་ཚོར་སྣང་ཅི་བྱུང་དྲིས་པས། མི་དེས་གསེར་རྟགས་དེ་ཚོ་ཚང་མ་ཨ་རི་ལ་ཅིག་ཐོབ་ན་མ་གཏོགས་བསམ་གྱིན་མེད་ཟེར།