རླུང་དམར།
བཙན་བྱོལ་ནང་གི་སྔོན་འགྲོའི་འོས་བསྡུ་མཇུག་བསྡུས་བར་བྱས་ཏེ། ཡུད་ཙམ་ཞིག་ལ། མི་མང་ཁུ་སིམ་པོ་འདུག དྲ་ལམ་ན་ནམ་རྒྱུན་བཞིན་ཁྱི་འཁོར་འགའ་དང་ལྟ་ལོག་མཁན་རེ་ཟུང་མ་གཏོགས་མཐོང་ལམ་ན་ཞི་འཇགས་ཀྱི་མཁའ་དབུགས་གཙང་མ་ཞིག་མཆིས། དེའང་། ད་རེས་ཀྱི་སྔོན་འགྲོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དེ་འཐེན་ཁྱེར་ཕྱོགས་རིས་སུ་མ་སོང་བའི་སྨོན་ལམ་ཞིག་ཡོད། རྒྱུ་འབྲས་ལ་ཐོད་པ་གཏུག་དགོས་ལ། བསམ་གཞིགས་ལ་གཅེས་སྐྱོང་བྱེད། ཆོལ་ནད་མེད་པའི་ཤ་རུས་ཀྱི་ནུས་སྟོབས་དབུ་འཛིན་ཞིག་ཀྱང་ཡོད་དགོས། ཁ་ལབ་རྗེས་སུ་ཁྱི་ཕག་ལྟར་མི་རྒྱུག་པའི་རེ་འདུན་དཀར་གཙང་ཡིན་འོས། འདས་ཚར་བ་ཐམས་ཅད་ནག་པོ་ཡིན་ན་ནག་པོའི་ཐད་ལ་ཞོག འདས་ཟིན་པ་ཡོད་ཚད་དཀར་པོ་ཡིན་ན་དཀའ་པོའི་ཐད་ལ་ཞོག དེ་དག་ལོ་རྒྱུས་ཀྱི་རང་བཙན་པ་ཡིན་པས། སུས་ཀྱང་སྣོག་ལས་བྱེད་མི་ཐུབ་ལ་བསུབ་བཀོག་དེ་བས་ཀྱང་བྱེད་མི་བཏུབ། སྔར་སོང་ན་རྫུན་འགེབ་འཁྱར་ལངས། དིག་སྐད་ཆོམ་བཤད། གནོད་ལན་བཟང་གཅིན། ཁ་འཐོར་ཤོག་སྒྲིལ། ཀི་དངན་ཇག་འགྲོ། ལྐོག་ལྐོག་སུད་སུད། ཡག་ངོ་ཐལ་བྱུགས། མགོ་ནོན་དབང་འཕྲོག གཅམ་གསག་ངར་སྒྲ་སོགས་བྱས་པའི་ལོ་རྒྱུས་ཤིག་ཡོད། དེ་ཚོ་བློ་ཡིད་ནས་བརྗེད་མི་ཐུབ་པའི་གཏམ་རྒྱུད་དངོས་མ་ཞིག་ཡིན་པས། མུ་མཐུད་དུ། ང་དང་ང་ལྟ་བུའི་མི་མང་ཚོས་ཀྱང་བརྗེད་ག་ལ་སྲིད། མི་སྲིད་དོ།།
རང་དབང་གི་འཚོ་བཞིན་པའི་ཁོར་ཡུག་ནི་བཙན་བྱོལ་ཐུ་བྷོད་ཀྱི་ལོ་ཞིག་ཡིན། བཙན་བྱོལ་གྱི་གཏམ་གླེང་ཁྲོད་ན། ཆེས་ཚ་ཚ་འུར་འུར་གྱི་གླེང་བྱ་འདོན་བཞིན་པ་ནི། བདེན་རྫུན་གྱི་ངོ་གདོང་ཞིག་གཤག་བཅོས་བྱེད་ཀྱིན་པའི་མི་རྣམས་རེད། ཁོ་ཚོ་ལ་དམིགས་བསལ་གྱི་དམིགས་བསལ་འགན་འཁྲི་ཡོད། དེ་ནི། བཙན་བྱོལ་གྱི་འདས་སོང་གི་ལོ་ཟླ་དེ་སྐྱོ་སྐྱོའི་སྒྲུང་ཞིག་བརྩམས་ཟིན་པའི་རྗེས་ཤུལ་ནས་སྡུག་གྱོང་ཉམས་མྱོང་ཞིག་ཐོབ་ཡོད་པར་བརྟེན། ད་ཐེངས་ཀྱི་སྲིད་སྤྱི་གཉིས་ནི་བོད་སྤྱི་ཡོངས་ལ་གལ་ཆེན་ཆགས་ཡོད་པ་དང་། ཉམས་མྱོང་སྡུག་པོ་དེ་གཞི་རྩར་བཞག་སྟེ། ཆོལ་ཁའི་ཕྱོགས་རིས་མེད་པར་བོད་དོན་བསྒྲུབ་མཁན་ཞིག་མཁོ་ལ། མི་མང་གི་བསམ་ཚུལ་ལ་དྲང་བདེན་གྱིས་ཐག་གཅོད་གནང་གིན་པའི་སྣེ་ཁྲིད་ཅིག་དགོས་པར་གདམ་སྒྲིག་གི་འོས་འཕངས་ཡོད་པར་སྙམ། དེང་སང་དྲ་ལམ་ན་ཀུན་དང་འགལ་འཛོལ་ཆེ་བའི་དྲ་འབུ་དཀྲུག་འབུ་རེ་འགའ་འདུག་པས། དེ་ཚོར་གཟབ་ནན་གྱིས་གདོང་ལེན་བྱེད་དགོས། དྲ་འབུ་དཀྲུག་འབུ་དེ་ཚོས་བོད་ཆོལ་ཁ་གསུམ་གྱི་ལས་དབང་མི་བསམ་པར་རྒྱ་ནག་དམར་པོའི་དགོས་མཁོ་སྐོང་བཞིན་པའི་ལྟ་ལོག་པ་དང་དམ་ལོག་པ་མཆིས། དེ་ཚོའི་རིགས་ཀྱིས་ལོ་ངོ་དུ་མའི་རིང་ལ་བོད་འདིའི་ནང་ཁུལ་གང་ནས་དཀྲུག་ཐུབ་པར་བྲེལ་ཤ་ལངས་ཤིང་ཟ་འཕྲུག་མང་པོ་སྐྱེས་ཏེ་འདུག་ན། ང་ཚོའི་ངོས་ནས་ཆོལ་ཁ་ཆོས་ལུགས་སོགས་མི་རྩོད་པར་བཙན་བྱོལ་བོད་མི་སྤྱི་ལ་དབུ་ཁྲིད་ལེགས་པོ་ཞིག་འདེམས་བསྐོ་གནང་གལ་ཆེ། དབུ་ཁྲིད་ལེགས་པོ་ཞིག་ཡོད་ན་སྤྱི་ལ་ཕན་ཐོགས་ཡོད་རེད་མ་གཏོགས་འཚེ་འཇིགས་སོགས་མེད་པ་ཁོ་ཐག་ཡིན།
དེ་ལྟར། སྔོན་འགྲོའི་འོས་བསྡུ་དེ་དགའ་མོས་དགའ་ཕྱོགས་ལྟར་འོས་འཕངས་བའི་མི་སྣ་མི་ཉུང་བ་ཡོད་ཀྱང་། རང་རང་གི་ཁེ་འདོད་དང་གྲག་འདོད་ཀྱི་ཆེད་དུ་མ་ཡིན་པར། དངོས་གནས་བོད་མི་རྩམ་གཟན་དང་ལག་ལ་ཕྲེང་བ་འཛིན་མཁན་ཞིག་ཡིན་ན། ཉག་ཕྲ་ཞིང་ཛ་དྲག་ཆེ་བའི་དུས་སྐབས་འདི་ལ་བཙན་བྱོལ་བོད་མིའི་སྲིད་སྐྱོང་དོན་ལྡན་གཅིག་འདེམས་དགོས་པ་ཁ་ཚ་དགོས་གཏུགས་རེད། འཛམ་གླིང་གི་སྣོད་བཅུད་འགྱུར་འགྲོས་དང་བསྟུན་ནས། ང་ཚོས་ཀྱང་ནང་འཁྲུག་སོགས་མི་བྱེད་པར་མ་འོངས་བོད་ཀྱི་ལས་དབང་འདི་”ལེགས་མཐོང་ཀུན་དགའ”ཞིག་ཏུ་བསྒྱུར་དགོས་ན། མི་མང་གིས་འགན་ཡང་དག་ཅིག་འཁུར་ནས་སྲིད་སྤྱི་གཉིས་དེ་མ་ནོར་མ་འཆུག་པ་ཞིག་འདེམས་རོགས། དེ་མིན། གྱོང་ཆེ་ན་ང་ཚོ་ཡོངས་ཀྱི་གྱོང་ཡིན་ལ། ཁེ་ཆེ་ནའང་ང་ཚོ་ཡོངས་ཀྱི་ཁེ་བཟང་ཞིག་ཡིན། བསམ་ཞིབ་ནན་མོ་རེ་གནང་གིན་གོམ་པ་མདུན་སྤོ་བྱེད། ཇི་ལྟ་ཇི་ལྟར་ཆོལ་ཁ་ཆོལ་ལུགས་བརྩད་ན། དེ་ལྟ་ལྟར་བོད་མི་ཡོད་ཚད་ཉམས་རྒུད་དུ་འགྲོ་བའི་རྒྱུ་ཡིན་པ་བློ་གཟུར་བོར་གནས་པ་ཀུན་པོས་ཤེས་གསལ་རེད་འདུག དེ་འདྲའི་གནས་སྟངས་ཡག་སྡུག་མཁྱེན་ནུས་ཡོད་པའི་སྒོ་ནས་མ་འོངས་དངོས་གཞིའི་སྲིད་སྤྱི་གཉིས་དེ་དོན་ལུགས་དང་མཐུན་པའི་དབུ་ཁྲིད་ཅིག་འདེམ་རྒྱུ་ནི་གལ་འགངས་ཆེ་བར་མཛོད།
༢༠༢༡/༠༡/༡༧ཉིན།