—རྗེ་ཙོང་ཁ་པ་ཆེན་པོ་སྐུ་མྱ་ངན་ལས་འདས་ནས་ལོ་དྲུག་བརྒྱ་འཁོར་བའི་རྗེས་དྲན་དུ།
འབྲིང་བ་འཇིགས་མེད།
༄༅།། ཕྱི་ལོ་ ༢༠༡༩ བོད་རབ་གནས་ས་ཕག་ལོ་འདི་ནི་འཇམ་མགོན་བླ་མ་ཤར་ཙོང་ཁ་པ་ཆེན་པོ་དགོངས་པ་གཞན་དོན་དུ་གཤེགས་ནས་མི་ལོ་ཧྲིལ་པོ་དྲུག་བརྒྱ་འཁོར་བའི་ལོ་ཡིན་པས། རྒྱལ་སྤྱིའི་རྗེ་ཙོང་ཁ་པའི་ལོ་ཞེས་དུས་དྲན་སྲུང་བརྩི་གནང་བཞིན་པ་ལྟར། རང་ཉིད་ཀྱིས་ཀྱང་དུས་དྲན་ཁྱད་པར་ཅན་འདིའི་ཆ་ཤས་བླངས་པའི་ཚུལ་དུ། ༸རྗེ་བདག་ཉིད་ཆེན་པོས་གསར་དུ་སྲོལ་བཏོད་མཛད་པའི་རི་བོ་དགེ་ལྡན་པའི་བསྟན་པ་འདི་ཉིད་འདས་པའི་ལོ་དྲུག་བརྒྱའི་རིང་ཇི་ལྟར་དར་ཞིང་རྒྱས་པའི་ཚུལ་ཆེ་ལོང་ཙམ་ཞིག་རྗེ་རིན་པོ་ཆེའི་འདས་ལོ་བརྒྱ་ཕྲག་རེ་རེ་དང་སྦྱར་ནས་བརྗོད་པར་འདོད་དོ། །
༡༽ རྗེའི་འདས་ལོ་བརྒྱ་ཕྲག་དང་པོ། (ཕྱི་ལོ་ ༡༤༡༩ ནས་ ༡༥༡༩ བར།)
འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ནི་ཕྱི་ལོ་ ༡༣༥༧ ལོར་མདོ་སྨད་ཙོང་ཁའི་ཡུལ་དུ་སྐུ་འཁྲུངས། ཕྱི་ལོ་ ༡༤༡༩ དགུང་ལོ་དྲུག་ཅུ་རེ་གསུམ་སྟེང་གདན་ས་ཆེན་པོ་དགའ་ལྡན་དུ་སྐུ་ཞི་བར་གཤེགས། ཁོང་གིས་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་ཞེས་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་ཉིད་ཀྱི་ཤིང་རྟའི་སྲོལ་ལེགས་པར་ཕྱེས་ཤིང་། འབྲོག་རི་བོ་ཆེ་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་བཏབ་སྟེ་རི་བོ་དགེ་ལུགས་པའི་གདན་ས་དང་པོ་བྱུང་། ཁོང་གི་དངོས་སློབ་འཁོར་དག་པ་རྣམ་བརྒྱད་དང་། དབུས་གཙང་བསྟན་པའི་སྒྲོན་མེ་བཅུ། གཞན་དོན་ལྷུན་གྱིས་གྲུབ་པའི་སེམས་དཔའ་དྲུག བསྟན་པ་ཕྱོགས་མཐར་སྤེལ་བའི་དར་ཆེན་བདུན་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་གནམ་གྱིས་ས་བཀབ་པ་ལྟ་བུ་བྱོན་ཏེ་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་འདི་ཉིད་འཛིན་སྐྱོང་སྤེལ་གསུམ་མཛད་པའི་ཚུལ་མཐའ་དག་པ་ནི་འདིར་བརྗོད་ཀྱིས་མི་ལང་ཞིང་། གྲགས་ཆེ་བ་རགས་རིམ་ཙམ་ནི། གདན་ས་ཆེན་པོ་དགའ་ལྡན་ཆགས་པའི་རྗེས་སུ། རྗེའི་དངོས་སློབ་འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་གདན་ས་ཆེན་པོ་འབྲས་སྤུངས་དང་། བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཀྱིས་གདན་ས་ཆེན་པོ་སེ་ར་ཐེག་ཆེན་གླིང་ཕྱག་བཏབ་སྟེ་རི་བོ་དགེ་ལུགས་པའིི་གདན་ས་སེར་འབྲས་དགེ་གསུམ་ཞེས་གྲགས། རྒྱལ་བ་སྐུ་ཕྲེང་དང་པོ་རྗེ་དགེ་འདུན་གྲུབ་ཀྱིས་གཙང་བཀྲ་ཤིས་ལྷུན་པོ། པཎ་ཆེན་སྐུ་ཕྲེང་དང་པོ་མཁས་གྲུབ་ཐམས་ཅད་མཁྱེན་པས་རྒྱལ་རྩེ་དཔལ་འཁོར་ཆོས་སྡེ། རྗེ་བཙུན་ཤེས་རབ་སེངྒེ་དང་རྒྱུད་ཆེན་ཀུན་དགའ་དོན་གྲུབ་ཀྱིས་རྒྱུད་གྲྭ་སྨད་སྟོད། ཚ་ཁོ་དབོན་པོ་ངག་དབང་གྲགས་པས་རྔ་པ་ཨ་འདུས་ཡག་འགོ་དགོན་དང་ཟུང་ཆུ་དམུ་དགེ་དགོན། རྒྱལ་རོང་ད་ཚང་ལྷུན་གྲུབ་གླིང་སོགས།(ཁོང་གིས་མདོ་སྨད་དུ་དགོན་སྡེ་བརྒྱ་དང་བརྒྱད་བཏབ་ཅེས་བཤད་སྲོལ་ཡོད།) རོང་ཆེན་ལྗགས་ནག་པ་དགེ་འདུན་རྒྱལ་མཚན་གྱིས་ཀིརྟིའི་མ་དགོན་དང་པོ་ཀཱ་ལ་རི་བཀྲ་ཤིས་ལྷུན་གྲུབ་གླིང་། སྟོད་ཤེས་རབ་བཟང་པོས་མངའ་རིས་མང་ཡུལ་སྟག་མོ་དགོན། སྨད་ཤེས་རབ་བཟང་པོས་ཁམས་ཆབ་མདོ་དགོན་ཆེན་བྱམས་པ་གླིང་བཏབ་པས་མཚོན་རྗེའི་དངོས་སློབ་རྣམས་ཀྱིས་བོད་ཡུལ་སྟོད་སྨད་བར་གསུམ་དུ་དགོན་སྡེ་མང་པོ་ཕྱག་བཏབ་པ་ལ་བརྟེན་ནས་རྗེ་བླ་མའི་བསྟན་པ་མདོ་དབུས་ཁམས་གསུམ་དུ་ཐོག་མར་དར།
རྗེ་བླ་མའི་རྒྱལ་ཚབ་ཏུ་སྲས་ཀྱི་ཐུ་བོ་རྒྱལ་ཚབ་དར་མ་རིན་ཆེན་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་སོགས་སྔ་ཕྱིར་དགའ་ལྡན་གྱི་ཁྲིར་ཕེབས་པ་ནས་བཟུང་དགའ་ལྡན་གསེར་ཁྲི་རིམ་བྱོན་གྱིས་རི་བོ་དགེ་ལྡན་པའི་བསྟན་བདག་མཛད། དེའང་རྗེ་བླ་མ་ཉིད་དགའ་ལྡན་ཁྲི་ཐོག་དང་པོར་བརྩིས་པའི་དགའ་ལྡན་ཁྲི་ཐོག་གཉིས་པ་གཙང་ཉང་སྟོད་དུ་འཁྲུངས་པ་རྒྱལ་ཚབ་དར་མ་རིན་ཆེན་དང་། དགའ་ལྡན་ཁྲི་ཐོག་གསུམ་པ་གཙང་སྟོད་ལྡོག་གཞུང་དུ་འཁྲུངས་པ་མཁས་གྲུབ་དགེ་ལེགས་དཔལ་བཟང་། ཁྲི་ཐོག་བཞི་པ་གཙང་ཞ་ལུར་འཁྲུངས་པ་ཁྲི་ཆེན་ཞ་ལུ་པ་ལེགས་པ་རྒྱལ་མཚན། ཁྲི་ཐོག་ལྔ་པ་གཙང་རོང་གི་གཡག་སྡེར་འཁྲུངས་པ་ཁྲི་ཆེན་བློ་གྲོས་ཆོས་སྐྱོང་། ཁྲི་ཐོག་དྲུག་པ་མཁས་གྲུབ་རིན་པོ་ཆེའི་གཅུང་པོ་ཁྲི་ཆེན་བ་སོ་ཆོས་ཀྱི་རྒྱལ་མཚན།(རྟ་ཚག་རིན་པོ་ཆེའི་སྐུ་ཕྲེང་དང་པོ་ཡིན།) ཁྲི་ཐོག་བདུན་པ་གཙང་གི་ཤངས་མགྲོན་ཁང་དུ་འཁྲུངས་པ་ཁྲི་ཆེན་བློ་གྲོས་བརྟན་པ། ཁྲི་ཐོག་བརྒྱད་པ་གཙང་གཡས་རུ་བྱང་རྒྱུད་དུ་འཁྲུངས་པ་ཁྲི་ཆེན་སྨོན་ལམ་དཔལ་བ་བཅས་འཇམ་དབྱངས་གཙང་པ་བདུན་བརྒྱུད་དང་། ཁྲི་ཐོག་དགུ་པ་མདོ་སྨད་ཙོང་ཁའི་ཡུལ་དུ་འཁྲུངས་པ་ཁྲི་ཆེན་རྗེ་དབོན་བློ་བཟང་ཉི་མ། ཁྲི་ཐོག་བཅུ་པ་ཁམས་ལྡན་མའི་ཡུལ་དུ་འཁྲུངས་པ་ཁྲི་ཆེན་ཡེ་ཤེས་བཟང་པོ། ཁྲི་ཐོག་བཅུ་གཅིག་པ་གཙང་སྟོད་འདར་ཡུལ་དུ་འཁྲུངས་པ་ཁྲི་ཆེན་འདར་སྟོན་བློ་བཟང་གྲགས་པ། ཁྲི་ཐོག་བཅུ་གཉིས་པ་ལྷོ་ཁ་ཨེ་ཕྱོགས་སུ་འཁྲུངས་པ་ཁྲི་ཆེན་འཇམ་དབྱངས་ཤེས་རབ་ལེགས་པའི་བློ་གྲོས། ཁྲི་ཐོག་བཅུ་གསུམ་པ་སྟོད་ལུང་མདར་འཁྲུངས་པ་ཁྲི་ཆེན་ཆོས་ཀྱི་བཤེས་གཉེན་རྣམས་རིམ་བཞིན་དགའ་ལྡན་གྱི་ཁྲིར་ཕེབས་ནས་བསྟན་པ་བསྐྱངས།
རྒྱལ་དབང་སྐུ་ཕྲེང་གཉིས་པ་རྗེ་དགེ་འདུན་རྒྱ་མཚོས་གདན་ས་བཀྲ་ཤིས་ལྷུན་པོ་དང་སེར་འབྲས་ཀྱི་མཁན་པོ་མཛད་ཅིང་། འོན་མངའ་རིས་གྲྭ་ཚང་དང་ཆོས་འཁོར་རྒྱལ་གྱི་དགོན་པ་ཕྱག་བཏབ། ལྷ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོར་གདན་ས་སེར་འབྲས་དགེ་གསུམ་ལྷན་འཚོགས་ཀྱི་ཕྱག་སྲོལ་བསྐྱར་གསོ་མཛད། པཎ་ཆེན་རིན་པོ་ཆེའི་སྐུ་ཕྲེང་གཉིས་པ་བསོད་ནམས་ཕྱོགས་ཀྱི་གླང་པོས་དབེན་ས་སྙན་བརྒྱུད་ཀྱི་གདམས་པའི་སྲོལ་བཏོད། ཁྲི་ཆེན་བློ་གྲོས་བརྟན་པས་དྭགས་པོ་གྲྭ་ཚང་དགའ་ལྡན་བཤད་སྒྲུབ་གླིང་དང་། སྟོང་སྐོར་ཞབས་དྲུང་ཟླ་བ་རྒྱལ་མཚན་གྱིས་ཁམས་སྟོང་སྐོར་དགོན་བཀྲ་ཤིས་ལྷུན་པོའམ་གསང་ཆེན་རྡོ་རྗེ་གླིང་ཕྱག་བཏབ། ཅོ་ནེ་དཔོན་རྒྱུད་རིན་ཆེན་ལྷུན་པོས་སྔར་དུས་རབས་བཅུ་གསུམ་པའི་ནང་འགྲོ་མགོན་འཕགས་པའི་བཀའ་ལྟར་ས་སྐྱའི་དགེ་བཤེས་ཤེས་རབ་ཡེ་ཤེས་ཀྱིས་བཏབ་པའི་ཅོ་ནེ་དགོན་ཆེན་ས་ལུགས་ནས་དགེ་ལུགས་སུ་བསྒྱུར། སེ་ར་རྗེ་བཙུན་པ་ཆོས་ཀྱི་རྒྱལ་མཚན་དང་པཎ་ཆེན་བསོད་ནམས་གྲགས་པ་སོགས་སེར་འབྲས་ཀྱི་ཁྲིར་ཕེབས་ཤིང་གཞུང་བཀའ་པོད་ལྔའི་སྐོར་ལེགས་བཤད་མང་དུ་བརྩམས་པ་རྣམས་གདན་ས་ཆེན་པོ་ཁག་གི་འཆད་ཉན་གྱི་ཡིག་ཆར་གྱུར་ཏེ་བསྟན་དོན་རྒྱ་ཆེར་འཕེལ།
རྒྱ་ནག་ཏཱ་མིང་གོང་མས་རྗེ་ཙོང་ཁ་པ་ཆེན་པོ་རྒྱ་ནག་ཏུ་གདན་དྲངས་པར་རྗེ་ཉིད་ཕེབས་མ་ཐུབ་པའི་ཚབ་ཏུ་བྱམས་ཆེན་ཆོས་རྗེ་ཤཱཀྱ་ཡེ་ཤེས་ཕེབས་པའི་འཕྲིན་ལས་ལ་བརྟེན་ནས་རྒྱ་ནག་གི་ཡུལ་དུ་རྗེའི་བསྟན་པ་ཐོག་མར་དར།
༢༽ རྗེའི་འདས་ལོ་བརྒྱ་ཕྲག་གཉིས་པ། (ཕྱི་ལོ་ ༡༥༢༠ ནས་ ༡༦༡༩ བར།)
རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་སེར་འབྲས་ཀྱི་ཁྲིར་ཕེབས་ཤིང་། སྐུ་འབུམ་བྱམས་པ་གླིང་དང་ལི་ཐང་དགོན་ཆེན་ཐུབ་བསྟན་བྱམས་ཆེན་གླིང་ཕྱག་བཏབ། པཎ་ཆེན་རིན་པོ་ཆེའི་སྐུ་ཕྲེང་གསུམ་པ་དབེན་ས་པ་བློ་བཟང་དོན་གྲུབ་དབེན་ས་སྙན་བརྒྱུད་ཀྱི་བསྟན་པའི་བདག་པོར་བཞེངས། པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གདན་ས་བཀྲ་ཤིས་ལྷུན་པོ་དང་སེར་འབྲས་ཀྱི་ཁྲིར་ཕེབས་ཤིང་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ་རྒྱལ་བ་གཉིས་པ་སླར་བྱོན་པ་ལྟ་བུ་མཛད།
དགའ་ལྡན་ཁྲི་ཐོག་བཅུ་བཞི་པ་སྟོད་ལུང་མདར་འཁྲུངས་པ་ཁྲི་ཆེན་རིན་ཆེན་འོད་ཟེར། ཁྲི་ཐོག་བཅོ་ལྔ་པ་རྩེད་ཐང་གི་ཉེ་འདབས་སུ་འཁྲུངས་པ་ཁྲི་ཆེན་པཎ་ཆེན་བསོད་ནམས་གྲགས་པ། ཁྲི་ཐོག་བཅུ་དྲུག་པ་དབུས་སྟོད་རྒྱ་ར་གུར་དུ་འཁྲུངས་པ་ཁྲི་ཆེན་རྒྱ་ར་ཆོས་སྐྱོང་རྒྱ་མཚོ། ཁྲི་ཐོག་བཅུ་བདུན་པ་ཁམས་མི་ཉག་གི་ཡུལ་དུ་འཁྲུངས་པ་ཁྲི་ཆེན་རྡོ་རྗེ་བཟང་པོ། ཁྲི་ཐོག་བཅོ་བརྒྱད་པ་འཕན་ཡུལ་གྱི་མདའ་བྱེ་རི་སྟག་རྩེར་འཁྲུངས་པ་ཁྲི་ཆེན་རྒྱལ་མཚན་བཟང་པོ། ཁྲི་ཐོག་བཅུ་དགུ་པ་སྟོད་ལུང་མདར་འཁྲུངས་པ་ཁྲི་ཆེན་ངག་དབང་ཆོས་གྲགས། ཁྲི་ཐོག་ཉི་ཤུ་པ་དབུས་སྟོད་སྟག་ཕུ་དགོན་པའི་ཉེ་འདབས་སུ་འཁྲུངས་པ་ཁྲི་ཆེན་ཆོས་གྲགས་བཟང་པོ། ཁྲི་ཐོག་ཉེར་གཅིག་པ་འོལ་ཁ་ཁུལ་གྱང་གསར་དུ་འཁྲུངས་པ་ཁྲི་ཆེན་བདེ་བ་ཅན་པ་དགེ་ལེགས་དཔལ་བཟང་། ཁྲི་ཐོག་ཉེར་གཉིས་པ་འཕན་པོ་ཀླུང་ཤོད་འོད་སྣར་འཁྲུངས་པ་ཁྲི་ཆེན་དགེ་འདུན་བསྟན་པ་དར་རྒྱས། ཁྲི་ཐོག་ཉེར་གསུམ་པ་ལྷོ་ཁ་རྩེད་ཐང་དུ་འཁྲུངས་པ་ཁྲི་ཆེན་ཚེ་བརྟན་རྒྱ་མཚོ། ཁྲི་ཐོག་ཉེར་བཞི་པ་འཕན་པོ་ཞོགས་ཀྱི་གྲམ་ཕུར་འཁྲུངས་པ་ཁྲི་ཆེན་མངོན་དགའ་བ་བྱམས་པ་རྒྱ་མཚོ། ཁྲི་ཐོག་ཉེར་ལྔ་པ་སྟོད་ལུང་རམ་པ་གད་ཁར་འཁྲུངས་པ་ཁྲི་ཆེན་རྒྱལ་ཁང་རྩེ་པ་དཔལ་འབྱོར་རྒྱ་མཚོ། ཁྲི་ཐོག་ཉེར་དྲུག་པ་གཙང་སྟོད་དུ་འཁྲུངས་པ་ཁྲི་ཆེན་དམ་ཆོས་དཔལ་འབར། ཁྲི་ཐོག་ཉེར་བདུན་པ་མལ་དྲོ་ཀླ་ཀློའི་འབྲོག་སྡེར་འཁྲུངས་པ་ཁྲི་ཆེན་སངས་རྒྱས་རིན་ཆེན། ཁྲི་ཐོག་ཉེར་བརྒྱད་པ་ལྷ་སའི་ལུམ་པ་ཤག་ཏུ་འཁྲུངས་པ་ཁྲི་ཆེན་དགེ་འདུན་རྒྱལ་མཚན། ཁྲི་ཐོག་ཉེར་དགུ་པ་མདོ་སྨད་ཅོ་ནེའམ་ཟུང་ཆུ་གང་རུང་དུ་(སྡེ་སྲིད་ཀྱི་བཻ་སེར་དུ་འདི་པ་མདོ་སྨད་ཅོ་ནེའི་ས་ཟུང་ཇུར་འཁྲུངས་ཞེས་གསུངས་པ་ལྟར་སུམ་པའི་ཆོས་འབྱུང་དང་དུང་དཀར་ཚིག་མཛོད་སོགས་སུའང་དེ་བཞིན་འཁོད་པ་ནི་ཟུང་ཆུ་ཅོ་ནེའི་ཁོངས་སུ་མེད་པས་ནོར་བར་མངོན་ནའང་དེ་གཉིས་ལས་གང་ཡིན་གྱི་གསལ་ཆ་མ་རྙེད།)འཁྲུངས་པ་ཁྲི་ཆེན་བཤེས་གཉེན་གྲགས་པའམ་ཆོས་གཉེར་གྲགས་པ། ཁྲི་ཐོག་སུམ་ཅུ་པ་སྟོད་ལུང་གི་སྟག་ལུང་བྲག་ཏུ་འཁྲུངས་པ་ཁྲི་ཆེན་སྟག་ལུང་བྲག་པ་བློ་གྲོས་རྒྱ་མཚོ། ཁྲི་ཐོག་སོ་གཅིག་པ་ཁམས་འཇང་ཞབས་སུ་འཁྲུངས་པ་ཁྲི་ཆེན་དམ་ཆོས་དཔལ་བཟང་རྣམས་རིམ་བཞིན་དགའ་ལྡན་གསེར་ཁྲིར་ཕེབས་ཏེ་བསྟན་པ་བསྐྱངས།
མཁས་གྲུབ་དགེ་འདུན་བསྟན་པ་དར་རྒྱས་དང་། མཁས་གྲུབ་སྦྱིན་པ་དར་རྒྱས། པཎ་ཆེན་བདེ་ལེགས་ཉི་མ་སོགས་ཀྱིས་གཞུང་ཆེན་བཀའ་པོད་ལྔའི་སྐོར་ལ་ལེགས་བཤད་ཀྱི་སྐྱེས་སྩལ་པ་རྣམས་གདན་ས་ཁག་གི་སློབ་གཉེར་གྱི་ཡིག་ཆར་གྱུར་ཏེ་འགྲོ་ཕན་གྱི་འཕྲིན་ལས་རྒྱས། རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོས་དགོན་ལུང་བྱམས་པ་གླིང་བཏབ། འཕགས་པ་ལྷ་སྐུ་ཕྲེང་གཉིས་པ་འཕགས་པ་སངས་རྒྱས་ཀྱིས་ཁམས་འཇང་ཞབས་སོགས་སུ་དགེ་བསྟན་དར་སྤེལ་མཛད།
རྒྱལ་བ་བསོད་ནམས་རྒྱ་མཚོ་སོག་ཡུལ་དུ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བས་ཆེན་པོ་ཧོར་གྱི་ཡུལ་དུ་རྗེའི་བསྟན་པ་དར་བའི་དབུ་ཚུགས། རྒྱལ་བ་ཡོན་ཏན་རྒྱ་མཚོ་སོག་ཡུལ་དུ་སྐུ་འཁྲུངས་ཤིང་རིམ་གྱིས་སོག་པོ་ཐམས་ཅད་དགེ་ལྡན་པའི་བསྟན་པའི་སྦྱིན་བདག་ཏུ་གྱུར།
༣༽ རྗེའི་འདས་ལོ་བརྒྱ་ཕྲག་གསུམ་པ། (ཕྱི་ལོ་ ༡༦༢༠ ནས་ ༡༧༡༩ བར།)
རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་བོད་གཞུང་དགའ་ལྡན་ཕོ་བྲང་བཙུགས་ཏེ་བོད་ཀྱི་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བཞེས་ཤིང་། བཏབ་གླིང་བཅུ་གསུམ་དང་བསྒྱུར་གླིང་བཅུ་གསུམ་ཞེས་གྲགས་པ་སོགས་དགེ་ལུགས་ཀྱི་ཆོས་སྡེ་མང་པོ་ཕྱག་བཏབ། དེའི་རྗེས་རྒྱལ་དབང་དྲུག་པ་ཚངས་དབྱངས་རྒྱ་མཚོ་པོ་ཏཱ་ལའི་ཁྲིར་མངའ་གསོལ་ནའང་མཛད་འཕྲིན་ལ་བར་གཅོད་བྱུང་། པཎ་ཆེན་སྐུ་ཕྲེང་ལྔ་པ་བློ་བཟང་ཡེ་ཤེས་ཀྱིས་གདན་ས་བཀྲ་ཤིས་ལྷུན་པོ་མི་ལོ་དྲུག་ཅུ་རེ་བརྒྱད་རིང་བསྐྱངས། དགའ་ལྡན་ཁྲི་ཐོག་སོ་གཉིས་པ་གཙང་གི་འབྲོང་རྩེར་འཁྲུངས་པ་ཁྲི་ཆེན་ལྕང་ལོ་ཅན་པ་ཚུལ་ཁྲིམས་ཆོས་འཕེལ། ཁྲི་ཐོག་སོ་གསུམ་པ་གྱེ་རེ་སྟོད་དུ་འཁྲུངས་པ་ཁྲི་ཆེན་གྲགས་པ་རྒྱ་མཚོ། ཁྲི་ཐོག་སོ་བཞི་པ་འཕན་ཡུལ་མདར་འཁྲུངས་པ་ཁྲི་ཆེན་ངག་དབང་ཆོས་ཀྱི་རྒྱལ་མཚན། ཁྲི་ཐོག་སོ་ལྔ་པ་གྲ་ནང་དགོན་པའི་ཞོལ་དུ་འཁྲུངས་པ་ཁྲི་ཆེན་དཀོན་མཆོག་ཆོས་འཕེལ། ཁྲི་ཐོག་སོ་དྲུག་པ་ཀོང་པོ་བཀྲ་ཤིས་རབ་བརྟན་དུ་འཁྲུངས་པ་ཁྲི་ཆེན་བསྟན་འཛིན་ལེགས་བཤད། ཁྲི་ཐོག་སོ་བདུན་པ་ཁམས་འཇང་ཞབས་སུ་འཁྲུངས་པ་ཁྲི་ཆེན་འཇང་ཞབས་པ་དགེ་འདུན་རིན་ཆེན། ཁྲི་ཐོག་སོ་བརྒྱད་པ་དྭགས་ཡུལ་གྲོ་མདར་འཁྲུངས་པ་ཁྲི་ཆེན་བསྟན་པ་རྒྱལ་མཚན། ཁྲི་ཐོག་སོ་དགུ་པ་སྟོད་ལུང་ཆུ་བཟང་དུ་འཁྲུངས་པ་ཁྲི་ཆེན་དཀོན་མཆོག་ཆོས་བཟང་། ཁྲི་ཐོག་བཞི་བཅུ་པ་མངའ་རིས་སྤི་ཏི་གྲང་མཁར་དུ་འཁྲུངས་པ་ཁྲི་ཆེན་དཔལ་ལྡན་རྒྱལ་མཚན།(འདིའི་མཚན་ལ་དུང་དཀར་ཚིག་མཛོད་དུ་དཔལ་ལྡན་རྒྱ་མཚོ་དང་། ཀློང་བརྡོལ་གསུང་འབུམ་དུ་དཔལ་ལྡན་བསྟན་པ་རྒྱལ་མཚན། སྡེ་སྲིད་ཀྱི་བཻ་སེར་དང་། སུམ་པའི་ཆོས་འབྱུང་། ཛེ་སྨད་རིན་པོ་ཆེའི་དགའ་ལྡན་གསེར་ཁྲི་རིམ་བྱོན་གྱི་གསོལ་འདེབས་སོགས་སུ་དཔལ་ལྡན་རྒྱལ་མཚན་ཞེས་འབྱུང་།) ཁྲི་ཐོག་ཞེ་གཅིག་པ་རྩེད་ཐང་དུ་འཁྲུངས་པ་ཁྲི་ཆེན་བློ་བཟང་རྒྱལ་མཚན། ཁྲི་ཐོག་ཞེ་གཉིས་པ་འཕན་ཡུལ་ཞོགས་གྲམ་ཕུར་འཁྲུངས་པ་ཁྲི་ཆེན་བློ་བཟང་དོན་ཡོད།(འདིའི་མཚན་ལ་དུང་དཀར་ཚིག་མཛོད་དུ་བློ་བཟང་དོན་ཡོད་རྣམ་དག་རྡོ་རྗེ་ཞེས་འབྱུང་ལ། མཚན་འདི་བརྟག་དགོས་ཞེས་ཀྱང་གསུངས་པས། སྡེ་སྲིད་ཀྱི་བཻ་སེར་དང་སུམ་པའི་ཆོས་འབྱུང་། ཀློང་བརྡོལ་གསུང་འབུམ་རྣམས་སུ་བློ་བཟང་དོན་ཡོད་ཅེས་འབྱུང་ལ། ཛེ་སྨད་རིན་པོ་ཆེའི་ཁྲི་རབས་གསོལ་འདེབས་སུ་བློ་བཟང་དོན་ལྡན་དང་། སེར་སྨད་མཁན་ཟུར་གྲགས་པ་མཁས་གྲུབ་ཀྱིས་མཛད་པའི་དགའ་ལྡན་ཁྲི་ཆེན་རིམ་བྱོན་གྱི་རྣམ་ཐར་དུ་རྣམ་དག་རྡོ་རྗེ་ཞེས་འབྱུང་བས། མཚན་རྒྱས་པར་བློ་བཟང་དོན་ཡོད་རྣམ་དག་རྡོ་རྗེ་ཞེས་ཞུ་བཞིན་ཡོད་པ་འདྲ།) ཁྲི་ཐོག་ཞེ་གསུམ་པ་རྒྱལ་དུ་འཁྲུངས་པ་ཁྲི་ཆེན་བྱམས་པ་བཀྲ་ཤིས། ཁྲི་ཐོག་ཞེ་བཞི་པ་ཨ་མདོ་སྐུ་འབུམ་གྱི་མཆོད་གཞིས་མི་ཉག་ར་ལྡིང་དུ་སྟག་ཕྱུག་རྒྱུད་དུ་འཁྲུངས་པ་ཁྲི་ཆེན་རྒྱ་ནག་པ་བློ་གྲོས་རྒྱ་མཚོ། ཁྲི་ཐོག་ཞེ་ལྔ་པ་མདོ་སྨད་ཅོ་ནེ་ཞོ་བཟང་དུ་འཁྲུངས་པ་ཁྲི་ཆེན་འཇམ་དབྱངས་ཚུལ་ཁྲིམས་དར་རྒྱས། ཁྲི་ཐོག་ཞེ་དྲུག་པ་མདོ་སྨད་བིས་མདོར་འཁྲུངས་པ་ཁྲི་ཆེན་བསམ་བློ་སྦྱིན་པ་རྒྱ་མཚོའམ་ངག་དབང་དཔལ་བཟང་། ཁྲི་ཐོག་ཞེ་བདུན་པ་མདོ་ཁམས་ཡང་སྟེང་དགོན་དང་ཉེ་བར་འཁྲུངས་པ་ཁྲི་ཆེན་ཡང་སྟེང་པ་བློ་བཟང་ཆོས་འཕེལ་(སུམ་པའི་ཆོས་འབྱུང་དུ་འདི་པ་མདོ་སྨད་ཅོ་ནེའི་ཕྱོགས་སུ་འཁྲུངས་ཞེས་གསུངས་པ་ནི། ཁྲི་ཐོག་གོང་མ་སྐུ་གཤེགས་སྐབས་འདི་པ་མངའ་རིས་མཐོ་ལྡིང་གི་མཁན་པོ་མཛད་བཞིན་པ་ནས་ལམ་སེང་དགའ་ལྡན་དུ་ཕྱིར་ཕེབས་མ་ཐུབ་པས་ཐོག་མར་ལོ་བཞིའི་རིང་ཁྲི་ཟུར་ཅོ་ནེ་འཇམ་དབྱངས་ཚུལ་ཁྲིམས་དར་རྒྱས་ཀྱིས་དགའ་ལྡན་ཁྲི་ཚབ་མཛད་པར་བརྟེན། སྡེ་སྲིད་ཀྱི་བཻ་སེར་དུ་དགའ་ལྡན་ཁྲི་ཐོག་ཞེ་བདུན་པར་ཡང་ཅོ་ནེ་འཇམ་དབྱངས་པ་བགྲངས་ཡོད་པ་དེའི་འཁྲུངས་ཡུལ་དང་ནོར་བར་མངོན།) ཁྲི་ཐོག་ཞེ་བརྒྱད་པ་ཁམས་ཏྲེ་ཧོར་ནག་ཚང་གི་ཕྱོགས་སུ་འཁྲུངས་པ་ཁྲི་ཆེན་དོན་གྲུབ་རྒྱ་མཚོ།(ཡོངས་འཛིན་གླིང་རིན་པོ་ཆེའི་སྐུ་ཕྲེང་དང་པོ།) ཁྲི་ཐོག་ཞེ་དགུ་པ་མདོ་སྨད་ཅོ་ནེ་ཨ་གཟིགས་ཐང་དུ་འཁྲུངས་པ་ཁྲི་ཆེན་བློ་བཟང་དར་རྒྱས། ཁྲི་ཐོག་ལྔ་བཅུ་པ་མདོ་སྨད་རྨ་ཆུའི་འགྲམ་ངོགས་གཅའ་ཁོག་ཏུ་འཁྲུངས་པ་ཁྲི་ཆེན་དགེ་འདུན་ཕུན་ཚོགས།(གུང་ཐང་ཚང་སྐུ་ཕྲེང་དང་པོ།) ཁྲི་ཐོག་ང་གཅིག་པ་མདོ་སྨད་ཧོར་ཚང་དུ་འཁྲུངས་པ་ཁྲི་ཆེན་དཔལ་ལྡན་གྲགས་པ་(འདིའི་མཚན་ལ་སུམ་པའི་ཆོས་འབྱུང་སོགས་སུ་ངག་དབང་དཔལ་ལྡན་ཞེས་འབྱུང་ལ། སེར་སྨད་མཁན་ཟུར་གྲགས་པ་མཁས་གྲུབ་སོགས་ཀྱིས་དཔལ་ལྡན་གྲགས་པ་ཞེས་གསུངས་པས་མཚན་རྒྱས་པར་ངག་དབང་དཔལ་ལྡན་གྲགས་པ་ཞེས་ཞུ་བ་ཡིན་ནམ་སྙམ། ཧོར་ཚང་གསེར་ཁྲི་སྐུ་ཕྲེང་དང་པོ་ཡིན།)རྣམས་རིམ་བཞིན་དགའ་ལྡན་ཁྲིར་ཕེབས་ཏེ་བསྟན་པ་བསྐྱངས།
བྲག་གཡབ་ཆེ་ཚང་དང་ཆུང་ཚང་གིས་བྲག་གཡབ་མ་བུ་དགོན་བཏབ། ཤར་སྐལ་ལྡན་རྒྱ་མཚོས་རེབ་གོང་རོང་བོ་དགོན་ཆེན་དུ་མཚན་ཉིད་གྲྭ་ཚང་དང་། ཆོས་རྗེ་བསྟན་པ་རིན་ཆེན་གྱིས་བྱ་ཁྱུང་དགོན་དུ་མཚན་ཉིད་བཙུགས། རྒྱལ་དབང་ལྔ་པའི་ཞལ་སློབ་ཧོར་ཆོས་རྗེ་ངག་དབང་ཕུན་ཚོགས་ཀྱིས་དཀར་མཛེས་དགོན་ཆེན་བཤད་སྒྲུབ་ནོར་བུའི་གླིང་སོགས་ཧོར་དགོན་བཅུ་གསུམ་ཕྱག་བཏབ། ཀུན་མཁྱེན་འཇམ་དབྱངས་བཞད་པ་ངག་དབང་བརྩོན་འགྲུས་ཀྱིས་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་མཁན་པོ་མཛད་ཅིང་བཀའ་པོད་ལྔའི་སྤྱི་མཐའ་དཔྱོད་འགྲེལ་པ་སོགས་བརྩམས་པ་སྒོ་མང་ཡིག་ཆའམ་ཀུན་མཁྱེན་ཡིག་ཆ་ཞེས་གྲགས་ཤིང་དར་ལ། མདོ་སྨད་དུ་ཆོས་སྡེ་ཆེན་པོ་བླ་བྲང་བཀྲ་ཤིས་འཁྱིལ་ཕྱག་བཏབ། ཆུ་བཟང་རིན་པོ་ཆེ་རྣམ་རྒྱལ་དཔལ་འབྱོར་གྱིས་ཆུ་བཟང་དགོན་མི་འགྱུར་དགའ་ལྡན་གླིང་ངམ་ཐུབ་བསྟན་རབ་རྒྱས་གླིང་དང་། བཙན་པོ་དོན་གྲུབ་རྒྱ་མཚོས་གསེར་ཁོག་དགོན་ནམ་བཙན་པོ་དགོན་དགའ་ལྡན་དམ་ཆོས་གླིང་། སྟོང་སྐོར་ཞབས་དྲུང་གྲོང་འཇུག་མདོ་རྒྱུད་རྒྱ་མཚོས་ཟི་ལིང་སྟོང་སྐོར་དགོན་དགའ་ལྡན་ཆོས་འཁོར་གླིང་དང་དཔའ་རིས་མཆོད་རྟེན་ཐང་དགོན་པ་སོགས། ལ་མོ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་ལ་མོ་བདེ་ཆེན་དགོན་ཕྱབ་བཏབ་ཅིང་། རྒྱལ་དབང་ལྔ་པའི་བཀའ་འབྲེལ་ལྟར་མི་རའམ་མེ་རག་བླ་མ་བློ་གྲོས་རྒྱ་མཚོས་མོན་རྟ་དབང་དགའ་ལྡན་རྣམ་རྒྱལ་ལྷ་རྩེ་དགོན་ཕྱག་བཏབ།
༸གོང་ས་ལྔ་པ་ཆེན་པོ་རྒྱ་ནག་ཏུ་ཕེབས་ཏེ་མན་ཇུ་གོང་མ་དང་མཆོད་ཡོན་དུ་འབྲེལ་ཞིང་ཆོས་ཀྱི་འཁོར་ལོ་བསྐོར། དེ་བཞིན་དགའ་ལྡན་ཁྲི་ཆེན་རྒྱ་ནག་པ་བློ་གྲོས་རྒྱ་མཚོ་དང་། ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕེྲང་དང་པོ་བློ་བཟང་བསྟན་པའི་རྒྱལ་མཚན། ལྕང་སྐྱ་སྐུ་ཕྲེང་གཉིས་པ་ངག་དབང་ཆོས་ལྡན་སོགས་ཀྱང་རྒྱ་ནག་པེ་ཅིང་དུ་ཕེབས་ཏེ་ཆོས་ཀྱི་དགའ་སྟོན་རྒྱ་ཆེར་སྤེལ།
ཁལ་ཁ་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་སོག་ཡུལ་དུ་རི་བོ་དགེ་རྒྱས་དགའ་ལྡན་བཤད་སྒྲུབ་གླིང་བཏབ། ཛ་ཡ་པཎྜིཏ་བློ་བཟང་འཕྲིན་ལས་དང་ཨེར་ཏི་ནི་པཎྜིཏ་བློ་བཟང་བསྟན་འཛིན་གཉིས་ཀྱིས་ཀྱང་ཡུལ་དེར་དགོན་སྡེ་དུ་མ་བཏབ་པ་སོགས་ལ་བརྟེན་ནས་སོག་ཡུལ་དུ་རྗེའི་བསྟན་པ་སྔར་བས་དར་ཞིང་རྒྱས།
༤༽ རྗེའི་འདས་ལོ་བརྒྱ་ཕྲག་བཞི་པ། (ཕྱི་ལོ་ ༡༧༢༠ ནས་ ༡༨༡༩ བར།)
རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོ་དང་། བརྒྱད་པ་འཇམ་དཔལ་རྒྱ་མཚོ། དགུ་པ་ལུང་རྟོགས་རྒྱ་མཚོ། པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས་དང་། བདུན་པ་བསྟན་པའི་ཉི་མ་རྣམས་བྱོན་ཅིང་། རྒྱལ་མཆོག་བསྐལ་བཟང་རྒྱ་མཚོས་བཀའ་ཤག་བསྐྱར་འཛུགས་དང་། རྩེ་ཡིག་ཚང་ལས་ཁུངས། རྩེ་སློབ་གྲྭ། ཞོལ་འདོད་དཔལ་སོགས་གསར་འཛུགས། མན་ཆིང་རྒྱ་དམག་གིས་གཏོར་བའི་ཨ་མདོའི་དགོན་སྡེ་ཁག་བསྐྱར་བཞེངས། ཁམས་མགར་ཐར་བྱམས་པ་གླིང་གསར་འདེབས། རི་བོ་དགེ་ལྡན་པའི་རང་ལུགས་གཙང་མ་ཉམས་སུ་བཞེས་ཏེ་འཇམ་མགོན་བསྟན་པའི་བདག་པོར་བཞེངས་པ་སོགས་ཆོས་སྲིད་གཉིས་ཆ་ནས་བཀའ་དྲིན་ཟླ་མེད་པས་བསྐྱངས།
དགའ་ལྡན་ཁྲི་ཐོག་ང་གཉིས་པ་དྭགས་པོ་སྟོད་རྒྱུད་དུ་འཁྲུངས་པ་ཁྲི་ཆེན་དྭགས་པོ་ཚེ་འཕེལ། ཁྲི་ཐོག་ང་གསུམ་པ་མདོ་སྨད་ཟམ་ཚར་འཁྲུངས་པ་ཁྲི་ཆེན་རྒྱལ་མཚན་སེངྒེ་།(ལྷ་མོ་གསེར་ཁྲི་དང་གཙོས་གསེར་ཁྲི་གཉིས་ཀྱི་སྐུ་ཕྲེང་དང་པོ།) ཁྲི་ཐོག་ང་བཞི་པ་མདོ་སྨད་གཅན་ཚའི་ཡུལ་དུ་འཁྲུངས་པ་ཁྲི་ཆེན་ངག་དབང་མཆོག་ལྡན།(རྭ་སྒྲེང་སྐུ་ཕྲེང་དང་པོ།) ཁྲི་ཐོག་ང་ལྔ་པ་མདོ་སྨད་ཟམ་ཚ་རོང་དུ་འཁྲུངས་པ་ཁྲི་ཆེན་ནམ་མཁའ་བཟང་པོ།(ཟམ་ཚ་གསེར་ཁྲི་སྐུ་ཕྲེང་དང་པོ།) ཁྲི་ཐོག་ང་དྲུག་པ་ལི་ཐང་ཤོག་དྲུག་ཏུ་འཁྲུངས་པ་ཁྲི་ཆེན་བློ་བཟང་དྲི་མེད།(ལི་ཐང་ཤོག་དྲུག་སྐྱབས་མགོན་གྱི་སྐུ་ཕྲེང་དང་པོ།) ཁྲི་ཐོག་ང་བདུན་པ་དབུས་སྟོད་ཕག་མོ་ཞོལ་དུ་འཁྲུངས་པ་ཁྲི་ཆེན་བསམ་གཏན་ཕུན་ཚོགས། ཁྲི་ཐོག་ང་བརྒྱད་པ་མདོ་སྨད་བྱ་ཁྱུང་གི་ཉེ་འདབས་སུ་འཁྲུངས་པ་ཁྲི་ཆེན་ངག་དབང་ཆོས་གྲགས། ཁྲི་ཐོག་ང་དགུ་པ་སྟོད་ལུང་ཆུ་བཟང་དུ་འཁྲུངས་པ་ཁྲི་ཆེན་ཆུ་བཟང་པ་ངག་དབང་ཆོས་གྲགས། ཁྲི་ཐོག་དྲུག་ཅུ་པ་མདོ་ཁམས་ཚ་བ་རོང་དུ་འཁྲུངས་པ་ཁྲི་ཆེན་ཚ་བ་བློ་བཟང་བསྟན་པ། ཁྲི་ཐོག་རེ་གཅིག་པ་མདོ་སྨད་ཅོ་ནེའི་ཡུལ་དུ་འཁྲུངས་པ་ཁྲི་ཆེན་ངག་དབང་ཚུལ་ཁྲིམས།(ཚེ་སྨོན་གླིང་རྒྱལ་ཐོག་དང་པོ།) ཁྲི་ཐོག་རེ་གཉིས་པ་རྒྱལ་རོང་སྤྲོ་སྣང་དུ་འཁྲུངས་པ་ཁྲི་ཆེན་བློ་བཟང་སྨོན་ལམ།(ཀློང་བརྡོལ་བླ་མས་འདི་ལ་དར་རྩེ་མདོ་པ་ཞེས་གསུངས།) ཁྲི་ཐོག་རེ་གསུམ་པ་འཕན་ཡུལ་སྦས་གྲོང་དུ་འཁྲུངས་པ་ཁྲི་ཆེན་བློ་བཟང་མཁས་མཆོག ཁྲི་ཐོག་རེ་བཞི་པ་ཁམས་བྲག་འགོར་འཁྲུངས་པ་ཁྲི་ཆེན་བློ་བཟང་བཀྲ་ཤིས། ཁྲི་ཐོག་རེ་ལྔ་པ་ཁམས་རྒྱལ་ཐང་དུ་འཁྲུངས་པ་ཁྲི་ཆེན་དགེ་འདུན་ཚུལ་ཁྲིམས། ཁྲི་ཐོག་རེ་དྲུག་པ་མདོ་སྨད་བྱ་ཁྱུང་དུ་འཁྲུངས་པ་ཁྲི་ཆེན་ངག་དབང་སྙན་གྲགས། ཁྲི་ཐོག་རེ་བདུན་པ་ཁམས་མུ་ལིའི་ཡུལ་དུ་འཁྲུངས་པ་ཁྲི་ཆེན་འཇམ་དབྱངས་སྨོན་ལམ། ཁྲི་ཐོག་རེ་བརྒྱད་པ་འཕན་པོ་རྒྱལ་ལྷ་ཁང་གི་ཉེ་འདབས་སུ་འཁྲུངས་པ་ཁྲི་ཆེན་བློ་བཟང་དགེ་ལེགས། ཁྲི་ཐོག་རེ་དགུ་པ་ཁམས་ཆ་ཕྲེང་དུ་འཁྲུངས་པ་ཁྲི་ཆེན་བྱང་ཆུབ་ཆོས་འཕེལ་(ཡོངས་འཛིན་ཁྲི་བྱང་རིན་པོ་ཆེའི་སྐུ་ཕྲེང་དང་པོ།)རྣམས་རིམ་བཞིན་དགའ་ལྡན་གྱི་ཁྲིར་ཕེབས་ཏེ་བསྟན་པ་བསྐྱངས།
ཁྲི་ཆེན་ངག་དབང་མཆོག་ལྡན་གྱིས་ཁམས་ཨོ་ཐོག་དགོན་སོགས་གུར་དཀར་པོའི་དགོན་པ་བཅུ་གསུམ་བཏབ།(གུར་དཀར་པོའི་དགོན་པ་བརྒྱ་དང་བཅུ་གསུམ་བཏབ་ཟེར་བའང་ཡོད།) ཀུན་མཁྱེན་འཇིགས་མེད་དབང་པོས་རྔ་སྟོད་སྒོ་མང་དགོན་ཟུང་འཇུག་བདེ་ཆེན་གླིང་ངམ་བཤད་སྒྲུབ་འཕེལ་རྒྱས་གླིང་དང་། ཀིརྟི་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་སྟག་ཚང་ལྷ་མོ་ཀིརྟི་དགོན་བློ་གླིང་དགེ་ལྡན་བཀྲ་ཤིས་འཁྱིལ་ཕྱག་བཏབ། ཁྲི་ཆེན་རྒྱལ་མཚན་སེངྒེས་ལྷ་མོ་གསེར་ཁྲི་དགོན་བཤད་སྒྲུབ་པད་དཀར་གྲོལ་བའི་གླིང་གསར་འདེབས་དང་གཙོས་དགོན་དགེ་ལྡན་ཆོས་གླིང་དུ་མཚན་ཉིད་བཙུགས། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱིས་ཅོ་ནེ་དགོན་ཆེན་དུ་མཚན་ཉིད་གྲྭ་ཚང་དང་རྒྱུད་པ་གྲྭ་ཚང་བཙུགས། ཨ་རིག་དགེ་བཤེས་ཆེན་མོས་རྭ་རྒྱ་དགོན་དགའ་ལྡན་བཀྲ་ཤིས་འབྱུང་གནས་དང་། བཀའ་བཅུ་པ་བློ་བཟང་ཆོས་དར་གྱིས་རྫ་སེར་ཤུལ་དགོན་ཐེག་ཆེན་དར་རྒྱས་གླིང་ཕྱག་བཏབ།
གཞན་ཡང་། ཡོངས་འཛིན་ཕུར་ལྕོག་ངག་དབང་བྱམས་པ་དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན། ཀློང་བརྡོལ་བླ་མ་ངག་དབང་བློ་བཟང་། འོན་རྒྱལ་སྲས་སྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ། གཙོས་ཁྲི་སྤྲུལ་བློ་བཟང་རྒྱལ་མཚན་སེངྒེ་། གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ། ཤིང་བཟའ་པཎྜིཏ་བློ་བཟང་དར་རྒྱས་རྒྱ་མཚོ། དབལ་མང་པཎྜིཏ་དཀོན་མཆོག་རྒྱལ་མཚན། ཨ་ཀྱཱ་ཡོངས་འཛིན་བློ་བཟང་དོན་གྲུབ། ཨ་ལག་ཤ་བསྟན་དར་ལྷ་རམས་པ། བིས་པ་ངག་དབང་མི་ཕམ་ཟླ་བ། དངུལ་ཆུ་དྷརྨ་བྷ་དྲ། རྗེ་གསེར་ཁང་པ་བློ་བཟང་བསྟན་འཛིན་སོགས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་གསེར་རིའི་ཕྲེང་བ་ལྟ་བུ་རིམ་པར་བྱོན་ཏེ་བསྟན་པ་དར་སྤེལ་མཛད།
པཎ་ཆེན་དཔལ་ལྡན་ཡེ་ཤེས་དང་། སྲིད་སྐྱོང་ཚེ་སྨོན་གླིང་ངག་དབང་ཚུལ་ཁྲིམས། ལྕང་སྐྱ་སྐུ་ཕྲེང་གསུམ་པ་རོལ་པའི་རྡོ་རྗེ། སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར། ཐུའུ་བཀྭན་སྐུ་ཕྲེང་གཉིས་པ་ངག་དབང་ཆོས་ཀྱི་རྒྱ་མཚོ་དང་སྐུ་ཕྲེང་གསུམ་པ་བློ་བཟང་ཆོས་ཀྱི་ཉི་མ་སོགས་སྔ་ཕྱིར་རྒྱ་ནག་པེ་ཅིན་དུ་ཕེབས་ཏེ་དཔོན་འབངས་བཅས་པར་ཆོས་ཀྱི་འཁོར་ལོ་བསྐོར། པེ་ཅིན་དུ་གཡུང་ཧྭ་དགོན་དགའ་ལྡན་བྱིན་ཆགས་གླིང་སོགས་དགེ་ལུགས་ཀྱི་དགོན་སྡེ་དུ་མ་ཆགས།
ཁལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་སྒྲོན་མེས་སོག་ཡུལ་དུ་ཆོས་སྡེ་ཆེན་པོ་བསྟན་པ་དར་རྒྱས་གླིང་བཏབ་པ་ལ་ཕྱིས་སུ་གྲྭ་ཚོགས་རྒྱས་དུས་དགེ་འདུན་ཁྲི་ཕྲག་བདུན་ལྷག་བཞུགས་ཤིང་ཏཱ་ཁུ་རེ་དགོན་ཆེན་ཞེས་གྲགས།
༥༽ རྗེའི་འདས་ལོ་བརྒྱ་ཕྲག་ལྔ་པ། (ཕྱི་ལོ་ ༡༨༢༠ ནས་ ༡༩༡༩ བར།)
རྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་དང་། བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ། བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ། བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ། པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་དང་དགུ་པ་ཆོས་ཀྱི་ཉི་མ་རྣམས་བྱོན་ཅིང་། རྒྱལ་མཆོག་བཅུ་གསུམ་པ་ཆེན་པོ་སོག་ཡུལ་དང་རྒྱ་དཀར་ནག པཎ་ཆེན་ཆོས་ཀྱི་ཉི་མའང་རྒྱ་དཀར་ནག་ཏུ་ཕེབས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར།
དགའ་ལྡན་ཁྲི་ཐོག་བདུན་ཅུ་པ་ལྷ་སའི་བྱང་རྒྱུད་འདམ་ཁུལ་དུ་འཁྲུངས་པ་ཁྲི་ཆེན་ངག་དབང་ཆོས་འཕེལ།(སྲིད་སྐྱོང་སྟག་བྲག་རིན་པོ་ཆེའི་སྐུ་ཕྲེང་དང་པོ།) ཁྲི་ཐོག་དོན་གཅིག་པ་ཀོང་པོ་འབྲུ་ལ་ཁུལ་དུ་འཁྲུངས་པ་ཁྲི་ཆེན་ཡེ་ཤེས་ཐར་འདོད། ཁྲི་ཐོག་དོན་གཉིས་པ་གཙང་ཐོབ་རྒྱལ་དུ་འཁྲུངས་པ་ཁྲི་ཆེན་འཇམ་དཔལ་ཚུལ་ཁྲིམས། ཁྲི་ཐོག་དོན་གསུམ་པ་ཅོ་ནེ་མཛོ་གུང་ཤར་དུ་འཁྲུངས་པ་ཁྲི་ཆེན་ངག་དབང་ཚུལ་ཁྲིམས།(ཚེ་སྨོན་གླིང་རྒྱལ་ཐོག་གཉིས་པ།) ཁྲི་ཐོག་དོན་བཞི་པ་རྒྱལ་རོང་མཆོག་རྩེའི་ཡུལ་དུ་འཁྲུངས་པ་ཁྲི་ཆེན་བློ་བཟང་ལྷུན་གྲུབ།(མཆོག་རྩེ་གསེར་ཁྲི་སྐུ་ཕྲེང་དང་པོ།) ཁྲི་ཐོག་དོན་ལྔ་པ་མདོ་ཁམས་སྤོ་སྨད་དུ་འཁྲུངས་པ་(དུང་དཀར་ཚིག་མཛོད་དུ་འདི་པ་མདོ་སྨད་གླིང་ཡུལ་དུ་འཁྲུངས་ཞེས་གསུངས་པ་ཁམས་ལ་གོ་དགོས་པར་སྣང་།) ཁྲི་ཆེན་གླིང་སྤྲུལ་ངག་དབང་ལུང་རྟོགས་ཡོན་ཏན་རྒྱ་མཚོ།(ཡོངས་འཛིན་གླིང་རིན་པོ་ཆེའི་སྐུ་ཕྲེང་བཞི་པ།) ཁྲི་ཐོག་དོན་དྲུག་པ་རྒྱལ་མོ་ཚ་བ་རོང་དུ་འཁྲུངས་པ་ཁྲི་ཆེན་མཁྱེན་རབ་དབང་ཕྱུག(སྲིད་སྐྱོང་སྡེ་དྲུག་ཧོ་ཐོག་ཐུ།) ཁྲི་ཐོག་དོན་བདུན་པ་ཁམས་སྤོ་འབོར་ཁུལ་དུ་འཁྲུངས་པ་ཁྲི་ཆེན་ཚུལ་ཁྲིམས་དར་རྒྱས། ཁྲི་ཐོག་དོན་བརྒྱད་པ་རྒྱལ་མོ་ཚ་བ་རོང་དུ་འཁྲུངས་པ་ཁྲི་ཆེན་འཇམ་དབྱངས་དམ་ཆོས། ཁྲི་ཐོག་དོན་དགུ་པ་ཁམས་འབའ་ཐང་དུ་འཁྲུངས་པ་ཁྲི་ཆེན་བློ་བཟང་སྦྱིན་པ། ཁྲི་ཐོག་བརྒྱད་ཅུ་པ་ཨ་མདོར་(ཨ་མདོའི་ས་ཕྱོགས་གང་ཡིན་མ་ཤེས།)འཁྲུངས་པ་ཁྲི་ཆེན་གྲགས་པ་དོན་གྲུབ། ཁྲི་ཐོག་གྱ་གཅིག་པ་མདོ་སྨད་ཟུང་ཆུར་འཁྲུངས་པ་ཁྲི་ཆེན་ངག་དབང་ནོར་བུ། ཁྲི་ཐོག་གྱ་གཉིས་པ་ཁམས་དར་རྩེ་མདོར་འཁྲུངས་པ་ཁྲི་ཆེན་ཡེ་ཤེས་ཆོས་འཕེལ། ཁྲི་ཐོག་གྱ་གསུམ་པ་རྒྱལ་མོ་ཚ་བ་རོང་དུ་འཁྲུངས་པ་ཁྲི་ཆེན་བྱང་ཆུབ་ནམ་མཁའ། ཁྲི་ཐོག་གྱ་བཞི་པ་རྒྱལ་རོང་མཆོག་རྩེའི་ཁུལ་དུ་འཁྲུངས་པ་ཁྲི་ཆེན་བློ་བཟང་ཚུལ་ཁྲིམས། ཁྲི་ཐོག་གྱ་ལྔ་པ་སྟོད་ལུང་རག་སྐོར་དུ་འཁྲུངས་པ་ཁྲི་ཆེན་ཚུལ་ཁྲིམས་དཔལ་ལྡན།(ཡོངས་འཛིན་ཁྲི་བྱང་རིན་པོ་ཆེའི་སྐུ་ཕྲེང་གཉིས་པ།) ཁྲི་ཐོག་གྱ་དྲུག་པ་གཙང་ཐོབ་རྒྱལ་དུ་འཁྲུངས་པ་ཁྲི་ཆེན་བློ་བཟང་རྒྱལ་མཚན།(སྲིད་སྐྱོང་ལ་མོ་ཤར་ཡང་ཞུ།) ཁྲི་ཐོག་གྱ་བདུན་པ་མདོ་སྨད་ཅོ་ནེའི་ཡུལ་དུ་འཁྲུངས་པ་ཁྲི་ཆེན་ངག་དབང་བློ་བཟང་བསྟན་པའི་རྒྱལ་མཚན།(ཚེ་སྨོན་གླིང་རྒྱལ་ཐོག་གསུམ་པ།) ཁྲི་ཐོག་གྱ་བརྒྱད་པ་འབྲི་གུང་རྒྱུད་དུ་འཁྲུངས་པ་ཁྲི་ཆེན་མཁྱེན་རབ་ཡོན་ཏན།(ལྕང་རྒྱབ་ཁྲི་ཆེན་ཡང་ཞུ།) ཁྲི་ཐོག་གྱ་དགུ་པ་བྲག་གཡབ་གྲོང་རེ་ཚང་དུ་འཁྲུངས་པ་ཁྲི་ཆེན་བློ་བཟང་ཐུབ་བསྟན་སྙན་གྲགས་(ཉག་རེ་ཁྲི་ཆེན་ཡང་ཞུ།) རྣམས་རིམ་བཞིན་དགའ་ལྡན་གྱི་ཁྲིར་ཕེབས་ཏེ་བསྟན་པ་བསྐྱངས།
གཞན་ཡང་། ཤིང་བཟའ་རྡོ་རྗེ་འཆང་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས། ཀིརྟི་བློ་བཟང་འཕྲིན་ལས་དཀོན་མཆོག་བསྟན་པ་རྒྱ་མཚོ།(ཁོང་གིས་རྔ་ཡུལ་ཀིརྟིའི་དགོན་ཆེན་དགེ་ལྡན་ལེགས་བཤད་གླིང་ཕྱག་བཏབ།) གྲུབ་དབང་འཇིགས་མེད་བསམ་གཏན། ཞྭ་དམར་པཎྜིཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ།(ཁོང་གིས་ལྡི་ཚ་བཀྲ་ཤིས་ཆོས་སྡིངས་ཕྱག་བཏབ།) བླ་བྲང་ཨ་ཁུ་ཤེས་རབ་རྒྱ་མཚོ། དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ། ཞང་སྟོན་བསྟན་པ་རྒྱ་མཚོ། ལྕང་ལུང་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ། ཡོངས་འཛིན་སྟག་བྲག་ངག་དབང་གསུང་རབ། རྗེ་ཕ་བོང་ཁ་པ་བྱམས་པ་བསྟན་འཛིན་འཕྲིན་ལས། སྒིས་སྟེང་ཡོངས་འཛིན་བློ་བཟང་དཔལ་ལྡན། རྡོ་སྦིས་དགེ་བཤེས་ཤེས་རབ་རྒྱ་མཚོ་སོགས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཉི་ཟླ་ལྟ་བུ་དག་རིམ་པར་བྱོན་ཏེ་གསེར་མདོག་ཅོད་པཎ་འཆང་བའི་རིང་ལུགས་དྲི་མ་མེད་པ་མི་ཉམས་གོང་སྤེལ་མཛད།
༦༽ རྗེའི་འདས་ལོ་བརྒྱ་ཕྲག་དྲུག་པ། (ཕྱི་ལོ་ ༡༩༢༠ ནས་ ༢༠༡༩ བར།)
བརྒྱ་ཕྲག་འདིའི་ནང་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་ལ་ཉམས་ཉེས་ཚབས་ཆེན་བློ་ཡུལ་ལས་འདས་པ་བྱུང་ནའང་། ༸གོང་ས་༸སྐྱབས་མགོན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་༸རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་དང་། ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་རྣམ་གཉིས་ཀྱིས་དབུས་རིས་མེད་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་བཀའ་དྲིན་ཐུགས་རྗེ་ལ་བརྟེན་ནས་༸རྒྱལ་བསྟན་སླར་གསོའི་ཉི་མ་འོད་སྟོང་འཕྲོ་བཞིན་ཤར།
དགའ་ལྡན་ཁྲི་ཐོག་དགུ་བཅུ་པ་ཁམས་བྲག་འགོ་ཁུལ་དུ་འཁྲུངས་པ་ཁྲི་ཆེན་བྱམས་པ་ཆོས་གྲགས། ཁྲི་ཐོག་གོ་གཅིག་པ་མདོ་ཁམས་ཡ་རར་འཁྲུངས་པ་ཁྲི་ཆེན་བློ་བཟང་རྒྱལ་མཚན། ཁྲི་ཐོག་གོ་གཉིས་པ་གཙང་ཁུལ་དུ་འཁྲུངས་པ་ཁྲི་ཆེན་ཐུབ་བསྟན་ཉིན་བྱེད། ཁྲི་ཐོག་གོ་གསུམ་པ་ཁམས་མི་ཉག་གི་ཡུལ་དུ་འཁྲུངས་པ་ཁྲི་ཆེན་ཡེ་ཤེས་དབང་ལྡན། ཁྲི་ཐོག་གོ་བཞི་པ་གཙང་ཁུལ་རོང་དང་གཡག་སྡེའི་མཚམས་སུ་འཁྲུངས་པ་ཁྲི་ཆེན་ལྷུན་གྲུབ་བརྩོན་འགྲུས། ཁྲི་ཐོག་གོ་ལྔ་པ་ཁམས་མི་ཉག་གི་ཡུལ་དུ་འཁྲུངས་པ་ཁྲི་ཆེན་བཀྲ་ཤིས་སྟོང་འདུས།(ཛེ་སྨད་རིན་པོ་ཆེའི་ཁྲི་རབས་གསོལ་འདེབས་སུ་བཀྲ་ཤིས་སྟོང་ཐུན་ཞེས་འབྱུང་།) ཁྲི་ཐོག་གོ་དྲུག་པ་ལྷ་སའི་ཉེ་འཁོར་དུ་འཁྲུངས་པ་ཁྲི་ཆེན་ཐུབ་བསྟན་ཀུན་དགའ། ཁྲི་ཐོག་གོ་བདུན་པ་ལྷ་སའི་ནུབ་བྱང་ཡབ་ཕུ་དཀར་བོག་ཏུ་འཁྲུངས་པ་ཁྲི་ཆེན་ཡོངས་འཛིན་གླིང་རིན་པོ་ཆེ་ཐུབ་བསྟན་ལུང་རྟོགས་རྣམ་རྒྱལ་འཕྲིན་ལས། ཁྲི་ཐོག་གོ་བརྒྱད་པ་ཁམས་འབའ་ཐང་དུ་འཁྲུངས་པ་ཁྲི་ཆེན་འཇམ་དཔལ་གཞན་ཕན། ཁྲི་ཐོག་གོ་དགུ་པ་ཁམས་ཐར་ལམ་མཛད་འབུམ་དུ་འཁྲུངས་པ་ཁྲི་ཆེན་ཡེ་ཤེས་དོན་གྲུབ། ཁྲི་ཐོག་བརྒྱ་པ་ཁམས་ཚ་སྨད་དུ་འཁྲུངས་པ་ཁྲི་ཆེན་བློ་བཟང་ཉི་མ། ཁྲི་ཐོག་བརྒྱ་དང་དང་པོ་ཁམས་སྤོ་འབོར་སྒང་དུ་འཁྲུངས་པ་ཁྲི་ཆེན་ལུང་རིགས་རྣམ་རྒྱལ། ཁྲི་ཐོག་བརྒྱ་དང་གཉིས་པ་སྟོད་ལ་དྭགས་སུ་འཁྲུངས་པ་རི་རྫོང་རིན་པོ་ཆེ་ཐུབ་བསྟན་ཆོས་ཀྱི་ཉི་མ། ཁྲི་ཐོག་བརྒྱ་དང་གསུམ་པ་ཁམས་ཡ་རར་འཁྲུངས་པ་ཁྲི་ཆེན་བློ་གླིང་བློ་བཟང་བསྟན་འཛིན་རྣམས་རིམ་བཞིན་དགའ་ལྡན་ཁྲིར་ཕེབས་ཤིང་། ད་ལྟ་ཁྲི་ཐོག་བརྒྱ་དང་བཞི་པ་གཙང་སྟོད་ལྷ་རྩེ་ཁུལ་དུ་ཕྱི་ལོ་ ༡༩༣༥ ལོར་འཁྲུངས་པ་ཁྲི་ཆེན་སེར་བྱེས་བློ་བཟང་བསྟན་འཛིན་མཆོག་འཇམ་མགོན་༸རྒྱལ་བའི་རྒྱལ་ཚབ་ཏུ་བཞུགས་ཏེ་བསྟན་པ་སྐྱོང་བཞིན་པའི་སྐབས་ལགས།
དེ་དང་དུས་མཚུངས་སུ། ༸སྐྱབས་རྗེ་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ། ཏྲེ་ཧོར་སྐྱོར་དཔོན་རིན་པོ་ཆེ་བློ་བཟང་དར་རྒྱས་སམ་ཚེ་དབང་ནོར་བུ། རྡོ་རྗེ་འཆང་འཇིགས་མེད་དམ་ཆོས་རྒྱ་མཚོ། ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས། བློ་གླིང་ཕ་ར་མཁན་ཆེན་པདྨ་རྒྱལ་མཚན། ཤག་སྐོར་མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན། འབྲས་སྤུངས་ཁྲི་པ་གུང་རུ་བསྟན་པ་བསྟན་འཛིན། ལྡན་མ་བློ་ཆོས་རིན་པོ་ཆེ་བློ་བཟང་འོད་ཟེར། ཀིརྟིའི་མཚན་ཞབས་རིན་པོ་ཆེ་བློ་བཟང་འཇིགས་མེད་དམ་ཆོས། རྗེ་ལམ་རིམ་པ་ངག་དབང་ཕུན་ཚོགས། ཨ་ཁུ་དམུ་དགེ་བསམ་གཏན་རྒྱ་མཚོ། ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ། རིགས་སློབ་དབུ་དགེ་བློ་བཟང་རྒྱ་མཚོ། སེར་སྨད་རྒྱལ་རོང་མཁན་ཟུར་ངག་དབང་ཐེག་མཆོག་སོགས་སྔར་བྱོན་ཟིན་པ་རྣམས་དང་།
ད་ལྟ་བསྟན་པའི་རྩ་ལག་ཏུ་སྐུ་འཚོ་ཞིང་གཞེས་པ་ཕྱི་ལོ་ ༡༩༣༦ ལོར་མདོ་ཁམས་ཚ་ལྷོ་རྫོང་དུ་འཁྲུངས་པ་ཤར་རྩེ་ཆོས་རྗེ་ཚུལ་ཁང་བློ་བཟང་རྡོ་རྗེ་དང་། ༡༩༣༧ ལོར་མདོ་སྨད་རེབ་གོང་དུ་འཁྲུངས་པ་བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ། ༡༩༣༩ ལོར་ཁམས་འཇོལ་ནགས་འབྲུག་ཏུ་འཁྲུངས་པ་༸སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན། ༡༩༤༢ ལོར་མདོ་སྨད་ཐེ་བོ་རོང་དུ་འཁྲུངས་པ་༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་བློ་བཟང་བསྟན་འཛིན། ༡༩༤༧ ལོར་ཁམས་བྲག་གཡབ་ཏུ་འཁྲུངས་པ་བྲག་གཡབ་རྟོགས་ལྡན་བློ་བཟང་བསྟན་པའི་རྒྱལ་མཚན། ༡༩༤༨ ལོར་ཁམས་ལི་ཐང་དུ་འཁྲུངས་པ་བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་ངག་དབང་གསུང་རབ་སོགས་དང་། དེ་བཞིན་བོད་ཕྱི་ནང་གཉིས་སུ་དགེ་ལྡན་བསྟན་པའི་ཉིན་བྱེད་དུ་མའི་ཡང་སྲིད་སྐུ་ན་སོན་བཞིན་པ་རྣམས་དང་། གདན་ས་གསུམ་གྱིས་གཙོས་དགོན་སྡེ་ཁག་གི་མཁན་པོ་དང་དཔེ་ཁྲིད་དགེ་རྒན། དགེ་བཤེས་ལྷ་རམས་པ་སོགས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་གསེར་རིའི་ཕྲེང་བ་ལྟར་ཚར་དུ་དངར་བ་རྣམས་ཀྱིས་མཁས་བཙུན་བཟང་གསུམ་དང་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་འཇམ་མགོན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་མཛད་དང་མཛད་བཞིན་པ་དང་།
ལྷག་པར་དུ། ཡོངས་རྫོགས་བསྟན་པའི་མངའ་བདག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་སྙན་དང་མཛད་འཕྲིན། བཀའ་དྲིན་དང་ཐུགས་རྗེ་ལ་བརྟེན་ནས། རྒྱ་གར་ནང་དུ་གདན་ས་སེར་འབྲས་དགེ་གསུམ་དང་རྒྱུད་གྲྭ་སྟོད་སྨད་སོགས་བསྟན་པའི་གནས་གཞི་ཁག་གསར་བཞེངས་གནང་བ་དང་འབྲེལ། བལ་ཡུལ། ཉི་ཧོང་། ཀོ་རི་ཡ། ཐའེ་ཝན། སིང་ག་པུར། ཝི་ཏི་ནམ། ཨ་རི། ཁེ་ན་ཊ། དབྱིན་ལན། འཇར་མན། ཧྤ་རན་སི། སུད་སི། ཨི་ཊ་ལི། ཨོ་སི་ཀྲོ་ལི་ཡ་སོགས་འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་མང་པོའི་ནང་དུ་རྒྱལ་བསྟན་སྤྱི་དང་བྱེ་བྲག་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རིང་ལུགས་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་རྒྱ་ཁྱབ་ཏུ་དར་བའི་ལེའུ་གསར་པ་ཞིག་གི་དབུ་ལེགས་པར་ཚུགས་ཏེ་འཛམ་གླིང་སྐྱེ་འགྲོའི་ཕན་བདེ་འབྱུང་བའི་གཞི་དམ་པར་གྱུར་པ་འདི་ལགས་སོ།།
འདི་ནི་རང་ཉིད་ཀྱིས་རི་བོ་དགེ་ལྡན་པའི་ལོ་རྒྱུས་ལ་ཕྱིར་མིག་ལྟ་བ་དང་འབྲེལ། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་བཀའ་དྲིན་ལ་རྗེས་དྲན་ཞུ་ཆེད་རགས་བསྡུས་ཙམ་བྲིས་པ་ལགས། འབྲིང་བ་འཇིགས་མེད་ཀྱིས་ཕྱི་ལོ་ ༢༠༡༩ ཟླ་ ༦ ཚེས་ ༣༠ ལ།
རྗེ་ཙོང་ཁ་པའི་ཡང་སྲིད་དུ་གྲགས་པ་པཎ་ཆེན་ཡོངས་འཛིན་ཨ་ལགས་བླ་ཁོ་རྡོ་རྗེ་འཆང་དང་ཁོང་གི་ཐུགས་སྲས་ལཱ་མོའི་ཡོངས་འཛིན་རྡོ་རྗེ་འཆང་རྣམ་གཉིས་མི་གླེང་དོན་ཅི། ཁོང་རྣམ་གཉིས་ལྟ་བུ་མདོ་སྨད་བྱང་དུ་རྗེ་བླ་མའི་བསྟན་པ་སྤྱི་དང་ཁྱད་པར་དུ་དགེ་ལྡན་པའི་དབང་ལུང་མན་ངག་གི་གཏེར་མཛོད་ཆེན་པོ་རྣམ་གཉིས་སོགས་ཁོངས་སུ་བསྡུ་དོན་ཅི།
ཡག་པོ་བྲིས་འདུག ངོ་སོ་བསྟོད། ཨ་ལགས་བླ་ཁོ་ཚང་ཡག་པོ་ཞིག་ཤེས་ཀྱི་མེད། ལ་མོ་ཡོངས་འཛིན་གྱིས་དུས་འཁོར་དབང་ཆེན་མང་པོ་ཞིག་བསྐུར་རབས་གོ་ཐོས་བྱུང་། མང་པོ་ཞིག་དམྱལ་བའི་ཡུལ་ལ་བཏང་ཡོད་སྲིད་པ་རེད། གསང་སྔགས་ཀྱི་སྡོམ་ཁྲིམས་ནི་སྲུང་ན་ཡར་དང་མ་སྲུང་ན་མར་གཉིས་ཡིན་པས། དབང་ཞུ་ཕལ་མོ་ཆེས་སྔགས་སྡོམ་སྲུང་རྒྱུ་ཕར་ཞོག་གྲངས་ཀ་ཙམ་ཡང་རྩི་ཤེས་ཀྱི་མེད་ཚོད་ལགས། །
ཨ་ལགས་བླ་ཁོ་རྡོ་རྗེ་འཆང་དང་ལ་མོ་ཡོངས་འཛིན་རྡོ་རྗེ་འཆང་རྣམ་པ་གཉིས་ཀྱི་གསུང་འབུམ་ཕྱོགས་བསྒྲིགས་གང་ན་བླུ་ཡོན་ཞུ་རྒྱུ་ཡོད་མེད་མཁྱེན་མཁན་ཡོད་ན་ལན་ཞིག་གནང་རོགས།
ཨ་ཁུ་དམུ་དགེ་བསམ་གཏན་ཚང་གིས་བརྩམས་པ་ཨ་ལགས་བླ་ཁོ་རིན་པོ་ཆེའི་རྣམ་ཐར་དེ་མཇལ་མྱོང་། ལ་མོ་ཡོངས་འཛིན་རིན་པོ་ཆེས་བརྩམས་པའི་ཨ་ལགས་བླ་ཁོ་རིན་པོ་ཆེའི་རྣམ་ཐར་ཞིག་ཡོད་རབས་གོ་ཡང་། མཇལ་མ་མྱོང་། གཙོ་བོ་དེ་མཇལ་འདོད་པ་ཡིན་ལགས།
ཚང་མ་བཀླགས་ཟིན། ཡག་པོ་བྲིས་འདུག ཀློག་བདེ་བ་དང་གོ་བདེ་བ་ཞིག་བྲིས་འདུག བཀའ་དྲིན་ཆེ། ལས་དང་པོ་བ་ཞིག་གིས་ཀྱང་རྩོམ་འདི་བཀླགས་ནས་དགའ་ལྡན་པ་སྤྱི་ལ་གོ་བ་ཆགས་ཐུབ་པའི་རེ་བ་འདུག
བླ་ཁོ་རྡོ་རྗེ་འཆང་འཇིགས་མེད་ཕྲིན་ལས་རྒྱ་མཚོ་མཆོག་བ་ཡན་ཀ་རིང་དུ་སྐུ་འཁྲུངས་པ་དང་། པན་ཆེན་བཅུ་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་མཚན་གྱི་ཡོངས་འཛིན་དང་། བླ་སྤྲུལ་དགེ་བཤེས་ཚང་མས་དབང་ལུང་མན་ངག་ཞུ་ས་གཙོ་བོ་དེ་ཡིན་པ་དང་།
རྡོ་རྗེ་འཆང་ལ་མོ་ཡོངས་འཛིན་བློ་བཟང་མཁས་གྲུབ་རྒྱ་མཚོ་ནི་མཚོ་སྔོན་པོ་མདའ་བཞི་རུ་སྐུ་འཁྲུངས་ཤིང་། ལ་མོ་ཞབས་དྲུང་དཀར་པོ་སྐུ་ཕྲེང་བརྒྱད་པ་བློ་བཟང་ལུང་རིགས་བསྟན་པ་རྒྱ་མཚོའི་ཡོངས་འཛིན་ཡིན། ཐར་ཤུལ་དགོན་པ་ཕྱག་བཏབ་མཛད་པ་པོ་དང་།སློབ་མ་མདོ་དབུས་ཁམས་གསུམ་གྱི་མི་ཡོད་པ་འདྲ། རྣམ་ཐར་ཞིག་ཀླུ་སྨྱོན་པས་བྲིས་ཡོད་པ་ཟེར།། གསལ་བོ་མི་ཤེས།
ཨ་ལགས་བླ་ཁོ་རྡོ་རྗེ་འཆང་ཚང་གི་རྣམ་ཐར་དྲ་ཐོག་ན་ཨེ་ཡོད་ཀི། ཤེས་མཁན་ཡོད་ན་གསུང་རོགས་ཞུ། །
ཀླུ་སྨྱོན་ལ། འོ་ན་ཁྱེད་རང་གིས་འདི་གཉིས་མ་གཏོགས་གཞན་རྣམས་མི་གླེང་དོན་ཅི། དོན་དངོས་ནི། འདིར་རགས་བསྡུས་ཙམ་བྲིས་པ་ཡིན་ཞེས་བཤད་ཡོད་པ་ལྟར་འདིའི་ནང་མ་གསལ་བ་མང་པོ་ཡོད་པ་སྨོས་ཅི་དགོས།
སྲིན་པོ་རྫ་རྒན་དང་རྟ་བདུན་དབང་པོ་ལ། ཨ་ལགས་བླ་ཁོ་ཚང་གི་རྣམ་ཐར་ལ་དྲ་གནས་www.tbrc.org ནས་མཇལ་ཐུབ།
དེ་རིང་རྩོམ་འདི་འདྲ་ཀློག་བདེ་ལ་གོ་བདེ་བ་ཞིག་བཀློགས་རྒྱུ་བྱུང་བས་དགེ་ལྡན་པའམ་དགེ་ལུགས་པ་ཟེར་བའི་ཆོས་འདིའི་སྐོར་གང་ཙམ་ཤེས་བྱུང་་་་་་
སྐུ་ཞབས་འཇིགས་མེད་ལགས་བཀའ་དྲིན་ཆེ། ཁྱེད་ཀྱིས་གསུང་བ་ལྟར་དྲ་ཐོག་དེར་སོང་ནས་ཆུ་ཚོད་ཁ་ཤས་ནང་ཉུལ་བ་ཡིན། ཀླུ་སྨྱོན་གྱིས་བརྩམས་པའི་ལ་་མོ་ཡོངས་འཛིན་གྱི་རྣམ་ཐར་དྲ་ཐོག་ནས་ཕབ་ལེན་བྱེད་ཐུབ་ཀྱི་འདུག །
སྐུ་ཞབས་འཇིགས་མེད་ལགས་བཀའ་དྲིན་ཆེ། མི་རྣམས་འདུ་འཛིས་བྲེལ་བའི་སྐབས་འདིར་རི་བོ་དགེ་ལྡན་པའི་ལོ་རྒྱུས་མི་སྣ་དག་གི་མཚན་བྱང་ངོ་སྤྲོད་འདི་དུས་དང་མཚམས་པ་ཞིག་བྱུང་འདུག