ཟླ་བ་འོད་ཟེར།
གཅིག སྐྱེམ་པ་ཚེ་དབང་རྒྱལ་བའི་གསོ་རིག་རྒྱུད་བཞིའི་འགྲེལ་བ།
སྐྱེམ་པ་ཚེ་དབང་རྒྱལ་བོའི་གསོ་རིག་རྒྱུད་བཞིའི་འགྲེལ་བ་བཀླགས་ནས་གྲུབ། འོ་ཚང་ཚོགས་ཆེན་གྱིས་གཙོ་བྱས་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གིས་བསྒྲིགས་ཤིང་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི«བོད་ཀྱི་གསོ་རིག་ཀུན་བཏུས»ཀྱི་ནང་དུ་བཞུགས་པ་དེ་དང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གིས་བསྒྲིགས་ཤིང་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི«བོད་ཀྱི་གསོ་བ་རིག་པའི་གནའ་དཔེ་ཕྱོགས་བསྒྲིགས་དཔེ་ཚོགས»ནང་དུ་བཞུགས་པ་དེ་དང་། མཚོ་སྔོན་བོད་
ལུགས་གསོ་རིག་སློབ་གྲྭ་ཆེན་མོའི་གོ་གཉིས་ལོའི་བོད་སྨན་ཆེད་གཉེར་འཛིན་གྲྭས་དབུ་མེད་ནས་དབུ་ཅན་ཕབ་ཅིང་གསོ་རིག་ཆེད་མཁས་པ་སྨན་པ་རྟ་མགྲིན་རྒྱལ་གྱིས་ཞིབ་བསྡུར་དག་བཅོས་གནད་སྨིན་གནང་ཞིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐུན་པ་དེ་གསུམ་ཞིབ་བསྡུར་གྱིས་བཀླགས་པ་ཡིན།
སྐྱེམ་པ་ཚེ་དབང་རྒྱལ་བོའི་གསོ་རིག་རྒྱུད་བཞིའི་རྣམ་བཤད་ལ།
༡༽ རྩ་རྒྱུད་ཀྱི་རྣམ་བཤད་ལེགས་པར་སྨྲ་བ་མཆོག་ཐོབ།
༢༽ བཤད་རྒྱུད་ཀྱི་རྣམ་བཤད་ཚིག་དོན་ཉི་མ།
༣༽མན་ངག་རྒྱུད་ཀྱི་རྣམ་བཤད་བདེ་བའི་འདོད་འཇོ།
༤༽ ཕྱི་མ་རྒྱུད་ཀྱི་རྣམ་བཤད་ལག་ལེན་གསལ་བྱེད་བཞིས་གྲུབ་ཡོད་ལ། འདི་ནི་མི་ལོ་བལྔ་བརྒྱ་ལྷག་གི་གོང་རོལ་ཏུ་བརྩམས་ཤིང་། གསོ་རིག་རྒྱུད་བཞིའི་འགྲེལ་བའི་ནང་ནས་ཀྱང་ཁ་གསལ་ཞིང་གནད་དུ་ཐོན་པ། རྒྱས་བསྡུས་འཚམས་ཤིང་ཀུན་གྱིས་སྤྱོད་བདེ་བའི་འགྲེལ་བ་གྲགས་ཅན་ཞེས་རླུང་ལྟར་གྲགས་པ་ཞིག་རེད།
གཉིས་པ། གསོ་རིག་རྒྱུད་བཞི།
སྤྱིར་བཏང་བོད་ཀྱི་གསོ་རིག་རྒྱུད་བཞི་འདི་ནི་བཀའ་དང་བསྟན་བཅོས་གང་ཡིན་མིན་དང་། རྩོམ་པ་བོ་སུ་ཡིན་པ་ལའང་བཤད་ཚུལ་མང་ནའང་། དཔེ་ཆ་རང་ཉིད་ལས། སངས་རྒྱས་ཀྱི་གསུང་གི་སྤྲུལ་བ་དྲང་སྲོང་ཡིད་ལས་སྐྱེས་ཀྱིས། སངས་རྒྱས་ཀྱི་ཐུགས་ཀྱི་སྤྲུལ་བ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལ་ཞུས་ཏེ་དྲི་བ་དྲིས་ལན་གྱི་ཚུལ་དུ་གསུངས་ཡོད་ཀྱང་། དེ་ཡང་རྩོམ་སྟངས་ཀྱི་སྒྱུ་རྩལ་ཞིག་ཡིན་མིན་ཅི་ཆ།
གསོ་རིག་གི་གཞུང་ལུགས་ཆེན་པོ་འདིའི་གཞུང་ཚད་ཀྱི་གྲུབ་སྟངས་ལ་དུམ་བུ་བཞི་དང་ལེའུ་བརྒྱ་དང་ལྔ་བཅུ་རྩ་དྲུག་གིས་གྲུབ་ཡོད་ལ། དུམ་བུ་བཞི་ནི་རྩ་རྒྱུད། བཤད་རྒྱུད། མན་ངག་རྒྱུད། ཕྱི་མ་རྒྱུད་ཡིན་ལ་དུམ་བུ་བཞིར་ཕྱེ་དོན་ནི། བློ་རབ་ཀྱི་དོན་དུ་རྩ་བའི་རྒྱུད་དང་། བློ་འབྲིང་གི་དོན་དུ་བཤད་པའི་རྒྱུད་དང་། བློ་ཐ་མའི་དོན་དུ་མན་ངག་རྒྱུད་དང་། བློ་ཤིན་ཏུ་རྨོངས་པ་རྣམས་ཀྱི་དོན་དུ་ཕྱི་མའི་རྒྱུད་དེ་བཞིའམ། ཡང་ན་གསོ་བ་རིག་པ་ཐམས་ཅད་ཀྱི་དོན་ས་བོན་གྱི་ཚུལ་དུ་སྟོན་པ་རྩ་རྒྱུད་དང་། དེའི་དོན་ཐམས་ཅད་བཤད་ཐབས་ཀྱི་སྒོ་ནས་གཏན་ལ་འབེབས་པའི་བཤད་རྒྱུད་དང་། དེའི་དོན་ཐམས་ཅད་མན་ངག་ལག་ལེན་གྱི་སྒོ་ནས་གཏན་ལ་འབེབས་པའི་མན་ངག་རྒྱུད་དང་། དེའི་ལག་ལེན་རྣམས་ཀྱང་ཤིན་ཏུ་འཁྱེར་བདེ་བའི་ཚུལ་ཏུ་བཀོད་པའི་ཕྱི་མ་རྒྱུད་གསུངས་པར་གྲགས།
ལེའུ་ནི། རྩ་བའི་རྒྱུད་ལ་ལེའུ་དྲུག་དང་། བཤད་པའི་རྒྱུད་ལ་ལེའུ་སུམ་ཅུ་རྩ་གཅིག་དང་། མན་ངག་རྒྱུད་ལ་ལེའུ་དགུ་བཅུ་རྩ་གཉིས་དང་། ཕྱི་མ་རྒྱུད་ལ་ལེའུ་ཉི་ཤུ་རྩ་ལྔ་སྟེ། རྒྱུད་བཞི་བསྡོམས་པས་ལེའུ་བརྒྱ་དང་ལྔ་བཅུ་རྩ་བཞི། དེའི་སྟེང་དུ་མཇུག་གི་དོན་ཡོངས་སུ་གཏད་པའི་ལེའུ་གཉིས་དང་བཅས་པས་ལེའུ་བརྒྱ་དང་ལྔ་བཅུ་རྩ་དྲུག་གིས་གཞུང་ལུགས་ཆེན་པོ་འདིའི་ལེའུའི་གྲངས་མ་ལུས་པ་ཡོངས་སུ་འདུས་ཡོད།
བོད་ཀྱི་གསོ་བ་རིག་པ་ནི་འཐུས་སྒོ་ཚང་ཞིང་གོ་རིམ་ལྡན་པ་ཞིག་ཡིན་ཏེ། བོད་ཀྱི་གསོ་བ་རིག་པ་འདི་ལ་གསོ་བྱ་གསོ་བྱེད་གསོ་བ་བོ་གསུམ་གྱི་ཆ་རྐྱེན་ལ་བརྟེན་ནས་ཟས་སྤྱོད་སྨན་དཔྱད་བཞིའི་སྒོ་ནས་ནད་ཅན་ནད་མེད་དུ་གཏང་དགོས་པའི་གོ་རིམ་མོ།།
གསོ་བྱ་མིའི་ལུས་གྲུབ་སྟངས་ཀྱང་མདོར་བསྡུས་ན་གྲུབ་པ་ལུས་ལའང་ལུས་ཀྱི་ཆགས་ཚུལ། ལུས་ཀྱི་འདྲ་དཔེ། ལུས་ཀྱི་གནས་ལུགས། ལུས་ཀྱི་མཚན་ཉིད། ལུས་ཀྱི་ལས་དང་དབྱེ་བ།ལུས་ཀྱི་འཇིག་ལྟས་སོགས་བྱེ་བྲག་གི་སྒོ་ནས་ཞིབ་ཚགས་ལྡན་པར་བཤད་ཡོད་ལ། ལུས་ཆགས་ཚུལ་ལའང་རུས་པ༣༦༠ ཚིགས༢༡༠ ཤ༤༥ རྒྱུས་པ༩༠༠ རྩ་རགས་པའི་དབང་དུ༩༠༠ དེ་ལས་རྒྱས་ན། ༡༢༠༠༠ སོགས་ཀྱིས་སྡོམ་བརྒྱབ་ཡོད།
གསོ་དཔྱད་ཀྱི་ལག་ལེན་ཐམས་ཅད་ཀྱི་ནང་ནས་གཅེས་པའི་སྙིང་པོར་དྲིལ་ན་སུམ་ཅུ་རྩ་གསུམ་ཡོད་དེ། བརྟག་པའི་གཙོ་བོ་རེག་མཐོང་གཉིས། འཁྲུལ་གཞི་བསལ་བ་གལ་འགག་བཞི། བཅོས་ཚུལ་དགུ། གསོ་ཐབས་ལག་ལེན་བཅོ་བརྒྱད་དོ། །
གསོ་ཚུལ་ལའང་། གཙོ་བོ་ཟས་སྤྱོད་སྨན་དཔྱད་བཞིའི་སྒོ་ནས་གསོ་དགོས་ལ། དེ་ལས་བྱི་ལ་འཇབ་པ་ལྟ་བུའི་གསོ་ཚུལ། སྤོ་ལ་དར་འཕྱར་ལྟ་བུའི་གསོ་ཚུལ། རྟ་རྒོད་དཀྱུས་འཛུད་ལྟ་བུའི་གསོ་ཚུལ། སྐྱར་མོ་ཉ་ལེན་ལྟ་བུའི་གསོ་ཚུལ། མི་ཤ་འཕྲང་འཕྲད་ལྟ་བུའི་གསོ་ཚུལ། སྐས་གདང་མས་འཛེག་ལྟ་བུའི་གསོ་ཚུལ། དཔའ་བོས་དགྲ་འདུལ་ལྟ་བུའི་གསོ་ཚུལ། དམེ་ཤོར་འཁྲུག་འདུམ་ལྟ་བུའི་གསོ་ཚུལ། མཛོ་ཁལ་ལུག་ཁལ་ལྟ་བུའི་གསོ་ཚུལ་སོགས་མང་ངོ་།།
གསོ་བྱེད་སྨན་པ་ཡིས་ནི་བླ་མའི་གསུང་ཚད་མ། རང་གི་རིགས་པ་ཚད་མ། བསླུ་མེད་ཀྱི་ཉམས་མྱོང་ཚད་མ་རྣམས་བསགས་ཏེ་སྨན་པ་ཚད་ལྡན་དུ་འགྱུར་དགོས་པ་ལས། གོ་ལོ་ཐོས་ལོ་ཙམ་གྱིས་སྨན་པ་བཟང་བོ་ཞིག་བྱེད་རྒྱུ་ལྟ་ཅི་གཞན་སྲོག་འཕྲོག་པའི་གཤེད་མ་རུ་མི་འགྱུར་བའི་ངེས་པའང་མ་མཆིས་སོ།།
སྨན་ལའང་།ཇི་སྐད་དུ། སྦྱོར་བ་སྣ་ཚོགས་དབང་གིས་ན། །སྨན་མིན་ཅི་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་དུ་རིན་པོ་ཆེའི་སྨན་དང་། རྡོའི་སྨན་དང་། སའི་སྨན་དང་། ཤིང་གི་སྨན་དང་། རྩིའི་སྨན་དང་། ཐང་སྨན་དང་། སྔོ་སྨན་དང་། སྲོག་ཆགས་ཀྱི་སྨན་དང་བཅས་དབྱེ་བའི་རྣམ་པ་བརྒྱད་ཡོད། དེ་དག་སྦྱོར་སྡེ་རུ་གྲུབ་རྗེས། ཐང་།ཕྱེ་མ། རིལ་བུ། ལྡེ་གུ། སྨན་མར་སོགས་མཆིས་སོ།།
གསུམ་པ། བོད་ཀྱི་གསོ་བ་རིག་པའི་འཕེལ་རིམ།
ནད་ཀྱི་ཐོག་མ་མ་ཞི་བ་དང་སྨན་གྱི་ཐོག་མ་ཆུ་ཁོལ་ཞེས་བཤད་རྒྱུན་ཡོད་པ་ལྟར་དུ།ནད་ཡོད་པ་ནས་ནད་ཀྱི་གཉེན་པོ་ལ་ཁབ་ཐུག་གཅོག་པའི་ཕྱོགས་སུ་སྙེག་ཡོད་པ་ནི་སྨོས་མེད་ཡིན་ལ། བོད་ཀྱི་གསོ་རིག་གི་འཕེལ་རྒྱས་ལ་མཚོན་ནའང་ཐོག་མར་བོད་རང་ཉིད་ནས་མགོ་བརྩམས་ཡོད་དེ། སྟག་རི་གཉན་གཟིགས་ཀྱི་མིག་ལ་གཤག་བཅོས་བྱེད་མཁན་གྱི་སྨན་པ་ནི་འ་ཞའི་ཡིན་ལ། འ་ཞ་ནི་བོད་རང་གི་རྒྱལ་ཕྲན་ཞིག་ལས་མ་འདས་སོ། །
ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་མེས་ཨག་ཚོམ། ཁྲི་སྲོང་ལྡེ་བཙན་སོགས་ཀྱི་སྐུ་རིང་ལ། རྒྱ་གར་གྱི་སྨན་པ་བྷ་ར་དྷྭ་ཛ་དང་དྷརྨ་རཱ་ཛ། རྒྱ་ནག་གི་སྨན་པ་ཧེན་ཝེན་ཧད་དེ་དང་ཧྭ་ཤང་མ་ཧཱ་ཀྱིན་ད། སྟག་གཟིག་གམ་ཁྲོམ་གྱི་སྨན་པ་ག་ལེས་ནོས་གསུམ་སོགས་སྤྱན་དྲངས་ནས་བོད་ཀྱི་གསོ་བ་རིག་པ་འཐུས་སྒོ་ཇེ་ཚང་དུ་བཏང་བ་སོགས་ལོ་རྒྱུས་སུ་གསལ།
གསོ་རིག་རྒྱུད་བཞི་ནི་བོད་ཀྱི་གསོ་བ་རིག་པ་ལས་སྔ་ཤོས་སུ་བརྩི་ལ། ཡོངས་གྲགས་ལྟར་ན་གསོ་རིག་རྒྱུད་བཞི་ནི་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་བསྒྲིགས་པར་གྲགས་ལ། དེ་ལ་སྐྱེམ་པ་ཚེ་དབང་རྒྱལ་པོའི་གསོ་རིག་རྒྱུད་བཞིའི་འབྲུ་འགྲེལ་དང་། ཟུར་མཁར་བློ་གྲོས་རྒྱལ་པོའི་གསོ་རིག་རྒྱུད་བཞིའི་འགྲེལ་པ་མེས་པོའི་ཞལ་ལུང་། དར་མོ་བློ་བཟང་ཆོས་གྲགས་ཀྱི་གསོ་རིག་རྒྱུད་བཞིའི་འགྲེལ་པ་མེས་པོའི་ཞལ་ལུང་། འབྲི་གུང་ཆོས་གྲགས་ཀྱི་གསོ་རིག་རྒྱུད་བཞིའི་དཀའ་མཆན། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གསོ་རིག་རྒྱུད་བཞིའི་འགྲེལ་བ་བཻ་ཌཱུརྱ་སྔོན་པོ། ཁྲོ་རུ་ཚེ་རྣམ་གྱི་གསོ་རིག་རྒྱུད་བཞིའི་འགྲེལ་བ་དྲང་སྲོང་ཞལ་ལུང་། ཤིང་བཟའ་སྐལ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་གསོ་རིག་རྒྱུད་བཞིའི་མཆན་འགྲེལ། བསོད་ནམས་ཡེ་ཤེས་རྒྱལ་མཚན་གྱི་བཤད་རྒྱུད་འགྲེལ་ཆེན་དྲི་མེད་ཀུན་གསལ།སྟག་ལུང་བ་ངག་དབང་བཀྲ་ཤིས་དཔལ་གྲུབ་ཀྱི་ཕྱི་མ་རྒྱུད་ཀྱི་འབྲུ་འགྲེལ་ཕན་བདེའི་དགའ་སྟོན། ཚེ་དབང་བརྟན་པའི་གསོ་རིག་རྒྱུད་བཞིའི་དཀའ་གནད་དོགས་སེལ་གྱི་ཟིན་བྲིས།སོག་པོ་ལུང་རིགས་བསྟན་དར་གྱི་གསོ་རིག་རྒྱུད་བཞིའི་བརྡ་དང་དོན་འགའ་ཞིག་བཀྲོལ་བ་རྣམ་རྒྱལ་ཨ་རུ་རའི་ཕྲེང་བའི་མཛེས་རྒྱན། མཁན་ཆེན་བློ་བཟང་བསྟན་འཛིན་རྒྱལ་མཚན་གྱི་རྩ་རྒྱུད་ཀྱི་འགྲེལ་བ་གསལ་བའི་སྒྲོན་མེ། སྡེ་དགེ་བླ་སྨན་རིན་ཆེན་འོད་ཟེར་གྱི་རྩ་རྒྱུད་འགྲེལ་བ་རབ་དྭངས་ཆུ་ཤེལ་མེ་ལོང་། བློ་བཟང་སྙན་གྲགས་ཀྱི་བཤད་རྒྱུད་འགྲེལ་བ་བློ་གསལ་ངག་གི་སྒྲོན་མེ། དྷཱིཿཚ་ཨ་ཁུ་ཡེ་ཤེས་རྒྱ་མཚོའི་རྩ་རྒྱུད་རྣམ་བཤད་གསོ་བ་རིག་པའི་སྣང་བ། ངག་དབང་དཀོན་མཆོག་བསྟན་རྒྱལ་གྱི་ཕྱི་མ་རྒྱུད་ཀྱི་འགྲེལ་བ་མུན་སེལ་སྒྲོན་མེ། ལྷ་བོ་བྲག་པའི་རྩ་རྒྱུད་འགྲེལ་བ་རྒྱུད་དོན་གསལ་བའི་ཉི་མ་སོགས་ཁོ་བོས་མཐོང་མྱོང་ངོ་།།
བཞི་བ།བདག་དང་བོད་ཀྱི་གསོ་རིག་བར་གྱི་འབྲེལ་བ།
བདག་ལ་མཚོན་ན་ད་རེ་སྐྱེམ་པ་ཚེ་དབང་རྒྱལ་བོའི་རྒྱུད་བཞིའི་འགྲེལ་བ་ཞིབ་ཏུ་ཀློག་པའི་གོ་སྐབས་ཐོབ་པ་དང་། ལོ་ཆུང་དུས་ཤིག་ལ་དགེ་རྒན་བཀའ་དྲིན་ཅན་ངེས་དོན་གྱི་ལྷ་རྗེ་དམ་པ་སྨར་ཁམས་སྨན་རྒན་ནམ་སྨན་པ་བདེ་ལེགས་མཆོག་དང་། དེ་ཚང་གི་སློབ་མ་བོད་ཀྱི་གསོ་བ་རིག་པའི་ཕྱོགས་སུ་ལག་ལེན་དང་གཞུང་ལུགས་གཉིས་ཀར་མཁས་པའི་སྨར་ཁམས་སྨན་པ་ཕུན་ཚོགས་གཉིས་ཀྱི་དྲུང་ནས་རྩ་རྒྱུད་ཁ་ཚང་གིས་ཁྲིད་ལ་ཉན་པའི་སྐལ་བཟང་བྱུང་ནའང་།བསོད་ནམས་དམན་པའི་རྐྱེན་གྱིས་ཕྱིས་སུ་གསོ་བ་རིག་པའི་གཞུང་ལུགས་ལ་མུ་མཐུད་སྦྱོང་མ་ཐུབ་ལ། ཅུང་ཙམ་ཐོབ་པའི་བག་ཆགས་དེ་ཡང་བརྗེད་ངེས་ཀྱི་རྐུན་པོས་ཁྱེར་ནས་ཕལ་ཆེར་ཤུལ་མེད་ཀྱི་ཚོད་དུ་སྣང་ངོ་།།
ཆུང་དུས་ཕྱུགས་རྫི་ཡིན་པའི་དུས་སུ་སྔོ་སྨན་སྣ་ཚོགས་བཏུས་མྱོང་ཡོད་ལ། དེ་དུས་སྨན་པ་དེ་དག་གི་ངག་ཏུ་ཐོས་པའི་སྔོ་སྨན་གྱི་འདྲ་དཔེ་འགའ་རེ་བློ་ཐོག་ཏུ་བོར་མེད་པ་ནི། གངྒཱ་ཆུང་ནི་མཆོད་རྟེན་བརྩེགས་མ་འདྲ།།ཏིག་ཏ་ནག་པོ་ཕོ་རོག་མདའ་ཁུར་འདྲ།། སྟོང་རི་ཟིལ་བ་གསེར་སྐུད་བསླེས་མ་འདྲ།། པར་པ་ཏ་ནི་ཕ་ཕྱུག་བུ་མོ་འདྲ།། པྲི་ཡང་ཀུ་ནི་དྲེལ་ཆུང་རྔོག་མ་འདྲ།། སྤང་རྩི་དོ་བོ་མ་རྒན་མགོ་སེ་འདྲ།། བ་ཤ་ཀ་ནི་གྲོ་རྒན་སྙེ་མ་འདྲ།། བོང་ང་དཀར་པོ་རྒོད་ཀྱི་ཡ་མཆུ་འདྲ།། འབུ་སུ་ཧང་ནི་བྲ་བའི་རྣ་འབྱོག་འདྲ།། འབྲི་ཏ་ས་འཛིན་རྒྱུ་མ་ཁྲག་བླུགས་འདྲ།། ལི་ག་དུར་རྟ་རྒན་གློ་བ་འདྲ།། ཨ་ཀྲོང་དཀར་པོ་ནས་ནག་ཚེག་ཚེ་འདྲ།། ཨ་བྱ་ཚེར་སྔོན་བུ་མོའི་གཉའ་རྩིད ༼རྨོངས་སྤུ༽ འདྲ།།ཨུཏྤལ་སྔོན་པོ་བླ་མའི་དྲིལ་ཆུང་འདྲ།། ཞེས་པ་འདི་དག་གོ །
བཞི་ལྔ། མཇུག་བསྡུ་བ།
བོད་ཀྱི་གསོ་རིག་རྒྱུད་བཞིའི་འགྲེལ་བ་འདི་ཀློག་སྐབས་ཧ་ཅང་ཞིབ་ཚགས་པའི་སྒོ་ནས་མིའི་ལུས་གྲུབ་སྟངས་དང་། ནད་ཀྱི་རྒྱུ་རྐྱེན་དང་ནད་ངོས་འཛིན་ཐབས། ཡང་ན་ནད་དེའི་གཉེན་པོ་སྨན། སྨན་དེ་ལའང་སྔོ་སྨན་སོགས་མཐའ་ཡས་ཤིང་། དེ་ལ་རིན་པོ་ཆེ་གསེར་དངུལ་སོགས་འདུལ་ཐབས་དང་། ཁྱད་པར་དུ་སྔོ་སྨན་གྱི་རྩ་བ། གཞུང་ཤིང་། ཡལ་ཁ། ལོ་མ།མེ་ཏོག་སོགས་ཀྱི་རོ་ནུས་ཀྱི་ཁྱད་པར། དུས་ཚིགས་བཞིའི་འགྱུར་བ་བསྟུན་ནས་བཏུས་ན་དེའི་རོ་ནུས་མ་འདྲ་བ་སོགས་རེ་རེ་བཞིན་ཞིབ་འཇུག་གིས་གནད་ཟིན་ཡོད་པས་ཡིད་དབང་རབ་ཏུ་འཕྲོགས་པ་ལ་བརྟེན་བཀླགས་བྱང་འདི་འབྲི་དགོས་བྱུང་བ་ཡིན།
འདིར་བཤད་ཉེས་བྲིས་ཉེས་ཤོར་ཡོད་པར་གྱུར་ན་ནི་མཐོལ་ལོ་འཆགས་སོ།། ཞེས་ཟླ་བ་འོད་ཟེར་གྱིས་སོ། ། 2021.4.8ཉིན་སྤོས་ལྡན་གྲོང་ཁྱེར་ནས་བྲིས་སོ།།