གནས་ཚུལ་གཏོང་མཁན། ཁྲི་གཡུང་དྲུང་།
ཕྱི་ལོ་༢༠༡༤ ཟླ་༥ ཚེས་༡༣ ཉིན་འཕགས་ཡུལ་བྱང་ཆར་ཧི་མ་ཅལ་གྱི་མངའ་ཁོངས་བོན་གཞིས་ཐོབ་རྒྱལ་གསར་པ་རུ་གསོ་རིག་འབུམ་བཞིའི་གཙུག་ལག་སློབ་གཉེར་ཁང་ཞེས་པའི་ཕྱི་ཡི་བཀོད་པ་ཡོངས་སུ་གྲུབ་ནས་རྟེན་འབྲེལ་རབ་གནས་མཛད་ཡོད་པའི་གནས་བསྡུས།
དེ་ཡང་ཐོག་མར་ཞྭ་དཀར་བསྟན་པའི་གཙུག་རྒྱན་༧སྐྱབས་རྗེ་༧རྒྱལ་བ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་ཐུགས་བཀོད་དང་བཀའ་དགོངས་གཞིར་བཟུང་འོག་གཤེན་གྱི་འབྱུང་ལྡན་ ༣༠༡ གི་བགྲང་བྱ་ལྕགས་ཡོས་ལོའི་བོད་ཟླ་དང་པོའི་ཚེས་བཅོ་ལྔ་སྟེ། ཕྱི་ལོ་༢༠༡༡ ཟླ་༣ ཚེས་༡༩ ཉིན་བོན་གཞིས་ཐོབ་རྒྱལ་གསར་པའི་ས་གནས་སུ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་སྨན་རིའི་དཔོན་སློབ་ཡང་སྟོན་རིན་པོ་ཆེའི་རྣམ་གཉིས་དབུ་བཞུགས་ཐོག་གསོ་རིག་འབུམ་བཞིའི་གཙུག་ལག་སློབ་གཉེར་ཁང་གསར་འཛུགས་ཀྱི་ས་བསླངས་དང་ཐིག་གདབ་ཀྱི་རྟེན་འབྲེལ་མཛད་ཡོད་པ་དང་།
དེ་ནས་༢༠༡༡ ནས་༢༠༡༤ བར་ཏེ་ལོ་གྲངས་ཧྲིལ་པོ་གསུམ་གྱི་རིང་ལ་༧སྐྱབས་རྗེ་རྒྱལ་བ་སྨན་རི་བས་སྐུ་དངོས་ནས་ཐུགས་ཚེགས་དང་སྐུ་ངལ་ཚད་མེད་གནང་སྟེ་ཕྱི་ཡི་བཀོད་པ་ཁག་ཡོངས་སུ་བཞེངས་བསྐྲུན་ཞུས་ནས་ལེགས་གྲུབ་བྱུང་ཡོད་པ་དང་།
དེ་རིང་གོང་ཚེས་༢༠༡༤ ཟླ་༥ ཚེས་༡༣ ཉིན་གྱི་སྔ་དྲོའི་ཕྱག་ཚོད་བཅུ་པ་ཙམ་ལ་༧སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་དང་སྨན་རིའི་དཔོན་སློབ་ཡང་སྟོན་རིན་པོ་ཆེ། བཤད་སྒྲུབ་མཁན་རིན་པོ་ཆེ་རྣམ་པ་དབུ་བཞུགས་ཐོག་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཆེད་ཕེབས་ཀྱི་སྦྱིན་བདག་ཁག་དང་། བོན་གཞིས་སེར་སྐྱ་མི་མང་ལྷན་འཛོམས་ཀྱིས་གསོ་རིག་འབུམ་བཞིའི་གཙུག་ལག་སློབ་གཉེར་ཁང་གི་ཕྱི་ཡི་བཀོད་པ་ཡོངས་སུ་ལེགས་འགྲུབ་བྱུང་བའི་རྟེན་འབྲེལ་རབ་གནས་ཀྱི་མཛད་སྒོ་སྤེལ་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་མོ།།
༄།།བོན་གྱི་བསྟན་པ་རྒྱས་པར་ཤོག།
གཤེན་གྱི་འབྱུང་ལྡན་ ༣༠༡ གི་བགྲང་བྱ་ལྕགས་ཡོས་ལོའི་བོད་ཟླ་དང་པོའི་ཚེས་བཅོ་ལྔ་སྟེ། ཕྱི་ལོ་༢༠༡༡ ཟླ་༣ ཚེས་༡༩ ཉིན་བོན་གཞིས་ཐོབ་རྒྱལ་གསར་པའི་ས་གནས་་་་་་་ ཞེས་པའི་གཤེན་གྱི་འབྱུང་ལྡན་ ༣༠༡གསུམ་བརྒྱ་བཅུ་མེད་བཅུ་གཅིག་གི་གོ་དོན་གང་ཡིན་ནམ། ལགས།
གཡུང་དྲུང་བསྟན་པའི་དབུ་འཕང་མཐོ་གྱུར་ཅིག
གཡུང་དྲུང་བསྟན་བདག་སྐུ་བསྲིངས་གྱུར་ཅིག
གཡུང་དྲུང་བསྟན་སྦྱིན་མངའ་ཐང་རྒྱལ་གྱུར་ཅིག
གཡུང་དྲུང་བོན་ཁམས་བདེ་སྐྱིད་བདེ་གྱུར་ཅིག
མངའ་ཐང་རྒྱས་་་ ་བཅོས་རོགས།
བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་གྲངས་མེད་ཞུ
ཞྭ་དཀར་བསྟན་པ་ཟེར་ན་ཞྭ་དཀར་པོ་གྱོན་མཁན་ལ་ཟེར་རམ། བོན་པོས་ཞ་དཀར་པོ་གྱོན་གྱི་རེད་དམ། དེའི་ལོ་རྒྱུས་གསུང་རོགས།
གཤེན་གྱི་འབྱུང་ལྡན་ ༣༠༡ གི་བགྲང་བྱ་དང་། ཞྭ་དཀར་གོ་དོན་ལ་འགྲེལ་བཤད་བྱུང་མི་འདུག་གདའ།
འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
འགྲོ་བའི་བསོད་ནམས་སྙིགས་པའི་དུས་མཐའ་འདེིར།།
ལྷ་རྗེའི་ཟོལ་དུ་བརྫུས་པ་ཆེས་མང་ཡང་།།
རང་དང་ཉེ་དུའི་ཁེ་ཕན་སྒྲུབ་པ་ལས།།
གསོ་གཞུང་ཚུལ་བཞིན་སྤྱོད་མོ་གཤམ་བུ།།
ཚུལ་དེར་བསམ་ན་སྐྱོ་སྙིང་རླུང་གཡོ།།
གོང་གི་ཚིག་རྐང་བཞི་བའི་༼ པ་༽དང་། མཐའ་མའི་༼ བའི་༽གཉིས་ཆད་འདུག་པས། གཟིགས་མཁན་རྣམས་ལ་དགོངས་དག་ཞུའོ།།
བོད་ཀྱི་གསོ་བ་རིག་པའི་གནས་ལ་ཐ་སྙད་འདོགས་ལུགས་ཀྱི་ཐད་ནས་བལྟས་ཚེ། བོན་པོ་ཚོས་འབུམ་བཞིར་འབོད་ཅིང་། ཕྱིས་ཀྱི་མཁས་པ་ཚོས་༼གསོ་རིག་རྒྱུད་བཞི་༽ཞེས་གསུངས་པ་ཙམ་ལས། བརྗོད་བྱའི་གཞི་རྐང་གི་ཆ་ནས་ཁྱད་པར་གང་ཡང་མ་མཐོང་མོད། འོན་ཀྱང་། རྗེས་ཀྱི་མཁས་གྲུབ་དག་གིས་མཚན་བྱང་དེར། ༼མན་ངག་༽ཅེས་པའི་མིང་ཚིག་ཅིག་བསྣན་ཡོད་པ་དེ་ལ་གོ་རྒྱུའམ་དོན་སོ་སོ་བ་ཞིག་ཡོད་པར་སེམས་སོ།།