དོལ་སྨྱོན།
བཻཌཱུར་ཞུན་མའི་ཆབ་ཀྱིས་མ་བྱུགས་རབ་མཛེས་སྐུ་ཡི་རྣམ་པ་སྔོ། །
ཚངས་སྲས་ལྷ་མོ་ཁབ་ཏུ་བསུས་མིན་ཡན་ལག་དྲུག་ཅུའི་གསུང་དབྱངས་སྙན། །
ཇི་སྙེད་གནས་ལ་དེ་སྙེད་སྦྱང་མིན་དུས་གསུམ་ཤེས་བྱ་མཁྱེན་པའི་ཐུགས། །
སྨན་གྱི་བླ་མས་བདག་སོགས་འགྲོ་ཀུན་བྱང་ཆུབ་བར་དུ་རྗེས་འཛིན་མཛོད། །
གང་ཉིད་མི་ཡི་ཤ་གཟུགས་འཛིན༵་པ་གངས་ལྗོངས་འཛིན༵་མའི་ལྟོ་བ་རུ། །
སྔོན་མེད་ལེགས་བཤད་ཡོངས་སུ་འདྲེན༵་ལ་ཀུན་གྱིས་འདྲེན༵་པར་ཡོངས་བསྔགས་པ། །
སྨན་རྒྱལ་གཉིས་པ་གཡུ་ཐོག་མགོན༵་པོ་བདག་སོགས་མགོན༵་དུ་ལེགས་བསྟེན་ན། །
མ་རྨད་རྣམ་དཔྱོད་ཡོངས་སུ་རྒྱ༵ས་པའི་དངོས་གྲུབ་རྒྱ༵་ཆེར་སྩལ་ཏུ་གསོལ། །
ཤེལ་དཀར་གངས་ཀྱི་རྭ་བས་བསྐོར་བའི་སྨན་ལྗོངས་ཆོས་ཀྱི་ཞིང་ས་འདིར། །
གདུལ་བྱའི་བློ་དང་ཡོངས་སུ་འཚམ་པའི་གསོ་རིག་གཞུང་ལུགས་མང་མཆིས་ཀྱང་། །
ལེགས་བཤད་ཀུན་གྱི་འབྱུང་གནས་ཆེན་པོ་དཔལ་ལྡན་རྒྱུད་བཞི་འདི་མཐོང་ཚེ། །
སྐལ་བཟང་བདག་བློ་དང་བའི་འདབ་བརྒྱ་མ་ལུས་ཁྱོད་ཀྱི་ཕྱོགས་སུ་བསྒྱུར། །
མི་ཟད་གཏེར་གྱུར་ཆུ་གཏེར་མ་བསྲུབས་གསུམ་རྩེན་ཡུལ་ནས་བབས་མིན་ཞིང་། །
དགོས་འདོད་འཇོ་བའི་ནོར་བུས་མ་ཡིན་དཔག་བསམ་ཤིང་ལས་བྱུང་བའང་མིན། །
རྣམ་ཐོས་སྲས་ཀྱི་བང་མཛོད་ལས་མིན་ཆེ་དགུའི་སྟོབས་ཀྱིའང་བསྐྲུན་མིན་པར། །
བྷོ་ཊའི་ལྗོངས་འདིར་བདུད་རྩིས་གཏམས་པའི་འཆི་མེད་རྒྱུད་བཞི་ཞེས་པ་བྱུང་། །
དཔལ་ལྡན་རྩ་བ་ཐུགས་ཀྱི་རྒྱུད་འདི་རྒྱུད་དོན་ཀུན་འདུས་ས་བོན་དངོས། །
གསོ་དཔྱད་ལྗོན་པ་ཕྱོགས་བཅུར་རྒྱས་པ་ཀུན་ཀྱང་ཁྱོད་ཀྱི་མཐུ་ལས་བྱུང་། །
སྐུ་ཡི་བཤད་རྒྱུད་དགུང་སྔོན་དབྱིངས་ན་ལྷམ་མེར་གསལ་བའི་ཉི་ཟླ་བཞིན། །
ཚིག་དང་དོན་གྱི་རྣམ་པ་མ་ལུས་སྒྲིབ་པ་མེད་པར་གསལ་བར་སྟོན། །
དཔལ་ལྡན་མན་ངག་ཡོན་ཏན་རྒྱུད་འདི་འདོད་རྒུ་འབྱུང་བའི་ནོར་བུ་དངོས། །
དགོས་པའི་བྱ་བ་ཆེ་ཕྲ་ཐམས་ཅད་མ་ཚང་བ་ནི་གཅིག་ཀྱང་མེད། །
མཆོག་དམན་ཀུན་གྱི་དགོས་མཁོ་སྐོང་བ་ཕྱི་མ་རྒྱུད་འདི་ཕ་ལམ་འདྲ། །
འདུ་འཁྲུགས་ནད་ཀུན་ཇི་བཞིན་སེལ་ལ་ཀུན་ཏུ་ཐོགས་པའི་ཚུལ་མི་མངའ། །
དབང་པོ་མཆོག་དམན་ཀུན་གྱི་འཇུག་ངོགས་ཐུན་མོང་ཐུན་མིན་གསོ་རིག་གི། །
ལེགས་བཤད་ཀུན་གྱི་རོ་བཅུད་རབ་བསྡུས་ལུས་ཅན་ཉེར་འཚོའི་དཔྱིད་གྱུར་པ། །
བསིལ་ལྡན་ཁ་བའི་སྨན་ལྗོངས་འདི་ན་མཁས་པར་གྲགས་པ་སུ་ཡིས་ཀྱང་། །
བརྗོད་པའི་ནུས་སྟོབས་དབེན་པར་གྱུར་ཚེ་གཡུ་ཐོག་ཆེན་པོའི་ཐུགས་ལས་འཁྲུངས། །
ནད་ཀྱི་དཔུང་ཀུན་འཇོམས་པར་བྱེད་ལ་དམག་དཔོན་གོ་ཆས་སྤྲས་པ་འདྲ། །
དུས་མིན་འཆི་བ་རིང་དུ་སྤྲོད་ལ་ཚེ་མཐའ་ཡས་པའི་བདུད་རྩི་དངོས། །
ལུས་ཅན་ཀུན་གྱི་འདོད་པ་སྐོང་ལ་ཡིད་བཞིན་ནོར་བུ་དང་མཚུངས་པའི། །
རྒྱུད་ཆེན་འདི་འདྲ་དངོས་སུ་མཇལ་བ་ཨེ་མ་བསོད་ནམས་སྐལ་བ་སྦོམ། །
འཛམ་གླིང་ས་ཡི་ཡང་རྩེར་གྱུར་པ་གངས་ཅན་གསོ་བ་རིག་པ་ཡི། །
ཐུན་མོང་མིན་པའི་རྩ་ཆུའི་བརྟག་ཐབས་མུན་པ་སེལ་བའི་སྒྲོན་མེ་འདིས། །
ཕྲ་རགས་ནད་གཞིའི་རྣམ་པ་མ་ལུས་ཀུན་ནས་གསལ་བར་བྱས་ཙམ་གྱིས། །
དེང་རབས་འཕྲུལ་ཆས་ངོ་ཚས་སྐྱེངས་ནས་མུན་པའི་སྦུབས་སུ་ཡིབ་ལ་བྲེལ། །
གསོ་དཔྱད་འབུམ་གྱིས་འགྲན་ཟླ་བྲལ་བ་དཔལ་ལྡན་རྒྱུད་བཞི་སྨིན་ལེགས་མས། །
ལུས་ཅན་ཀུན་གྱི་བརྟན་པ་རབ་འཕྲོག་ཟུར་མིག་བརྒྱུད་མར་འཕངས་ཙ་ན། །
སྐྱེས་སྦྱང་ཤེས་རབ་ཕུན་སུམ་ཚོགས་པའི་རྐང་དྲུག་འདོད་པས་རབ་མྱོས་ཚེ། །
དགའ་མགུར་སྤྱོད་པའི་སྤྲོ་བ་རྒྱས་པས་སྒོ་གསུམ་དལ་གྱིས་འདུག་པ་བྲལ། །
ཆེ་བ་བཅུ་གཅིག་འོད་ཟེར་འབུམ་གྱི་སྣང་བ་ཕྱོགས་བཅུར་རབ་འཕྲོ་བའི། །
རྨོངས་པའི་མུན་ཀུན་སེལ་བར་བྱེད་པ་རྒྱུད་བཞི་ཉིན་བྱེད་དབང་པོ་དེས། །
གླིང་བཞིའི་གསོ་དཔྱད་གྲངས་ལས་འདས་པ་ནམ་མཁའ་གང་བའི་སྒྱུ་སྐར་རྣམས། །
ཟིལ་གྱིས་གནོན་པ་མངོན་སུམ་ཡིན་པས་ཕྱོགས་རིས་དབང་གིས་སྨོས་པ་མིན། །
རྟག་ཏུ་དུག་གསུམ་ཀློང་དུ་བྱིངས་ཤིང་ཚུལ་མིན་སྤྱོད་པ་ལྷུར་བླངས་མཐུས། །
བཞི་བརྒྱ་རྩ་བཞི་ནད་ཀྱིས་རབ་གཙེས་དུས་མིན་འཆི་ལ་མངོན་ཕྱོགས་ཚེ། །
འདུ་འཁྲུགས་ནད་ཀུན་ཡོངས་སུ་སེལ་ཞིང་ལང་ཚོའི་དཔལ་ཡོན་རབ་བསུ་བའི། །
གཞན་རྗེས་འཛིན་ལ་འགྲན་གྱི་ཟླ་མེད་གསོ་རིག་ཕྱོགས་མཐར་རྒྱས་པར་སྨོན། །
དེ་ལྟར་བགྱིས་པའི་རྣམ་དཀར་ཕུང་པོས་ཚུལ་འདིར་སྦྱངས་པ་མཐར་སོན་ཞིང་། །
སྨན་གྱི་བླ་དང་དྲང་སྲོང་བརྒྱད་སོགས་བརྒྱུད་པར་བཅས་པའི་དཔུང་གྲོགས་ཀྱིས། །
ལུས་དང་ཚེ་ལ་བར་དུ་གཅོད་པའི་ནད་ཀྱི་སྟོབས་ཀུན་རབ་བཅོམ་ནས། །
མཚན་ཙམ་གྱིས་ཀྱང་ངན་འགྲོའི་གདུང་སེལ་སྨན་བླའི་གོ་འཕང་ཐོབ་པར་ཤོག །
་་་་མ་བྱུགས་རབ་མཛེས་སྐུ་ཡི་རྣམ་པ་སྔོ། །
་་་་བསུས་མིན་ཡན་ལག་དྲུག་ཅུའི་གསུང་དབྱངས་སྙན། །
་་་སྦྱང་མིན་དུས་གསུམ་ཤེས་བྱ་མཁྱེན་པའི་ཐུགས། །
་་་འགྲོ་ཀུན་བྱང་ཆུབ་བར་དུ་རྗེས་འཛིན་མཛོད། །
སྙན་དངགས་མཁན་པོ་དོལ་སྨྱོན་གྱིས།
བོད་ཀྱི་ལྷ་རྗེའི་གཙུག་གི་རྒྱན།
གཡུ་ཐོག་མགོན༵་པོར་བསྔགས་པ་བཀླགས།
འབྲས་བུར་དྲི་བ་འདི་ལྟར་ལངས།
དང་པོ་ཡ་མཚན་དུ་མས་ཕྱུག་པའི་གཡུ་ཐོག་མགོན་པོ་དེ་བོད་ས་གནས་གང་དང་། དུས་བརྒྱ་རབས་གང་དུ་བྱུང་།
གཉིས་པ། ཆེ་དགུའི། ཞེས་པ་དང་། འདོད་རྒུ། ཞེས་པའི་དགུ་དང་། རྒུ་ཞེས་པ་དག་ལ་མི་འདྲ་བའི་གོ་བ་མཆིས་སམ། ཞེས་སོ།
རྣམ་པ་གཉིས་བྱོན་པ་ལེགས།
རྒན་ལ་དྭགས་པར་ཞུ་རྒྱུར། གཡུ་ཐོག་ཡོན་ཏན་མགོན་པོ་ནི་དུས་རབས་བརྒྱད་པའི་ནང་ཡུལ་སྟོད་ལུང་སྐྱིད་སྣར་སྐུ་འཁྲུངས་ཤིང་རིམ་གྱིས་བཙན་པོས་དབུས་སུ་གདན་དྲངས་ཏེ་གསོ་དཔྱད་བསྟན་པའི་སྲོག་ཏུ་གྱུར་བ་ཞིག་གོ།།
མཚོ་བྱུང་དགའ་མའི་རྩེ་གྲོགས་དོལ་སྨྱོན་ལ་ཞུ་བ། རྙིང་མ་གཡུ་ཐོག་ཅེས་པ་ཞིག་གཏན་ནས་མེད་པར་འདོད་པའི་ཕྱོགས་ལ་དགོངས་ཚུལ་ཇི་འདྲ་ཡོད། གསོ་རིག་རྒྱུད་བཞི་གཡུ་ཐོག་རྙིང་མའི་གསུང་ཡིན་པར་ཁུངས་སྐྱེལ་ཇི་ལྟར་བྱེད། ཀུན་བཏགས་གཞན་དབང་ཡོངས་གྲུབ་གསུམ་དང་འབྲེལ་བའི་ནད་དང་གསོ་བྱེད་དོན་དངོས་ལ་འབྱོར་མིན་གསུང་གསལ་གནང་བར་ཞུ། །
གཟུར་གནས་བརྟག་གཞིག་དཔྱོད་ལ་མཁས་པ་ཡིས།
རྒྱུད་བཞི་འབུམ་བཞི་ལས་བསྒྱུར་བཤད་པ་དེར།
དོལ་སྨྱོན་ཁྱེད་ཀྱིས་ཞིབ་འཇུག་བྱས་ཡོད་དམ།
ཡང་ན་རིགས་ཞེན་བཙན་པོས་སྨྲས་ལགས་སམ།
དོལ་སྨྱོན་ལེགས།
ངའི་དྲི་བ་དང་པོར་ལན་མཛད་པར་ཡིད་སྤྲོ། བློ་གྲོས་བསྐྱེད་པར་ཕན། དྲི་བ་གཉིས་པའི་ལན་ལ་སྒུག་ཡོད།
བཙན་པོ། ཞེས་པ་དེ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ལ་གོ་དགོས་སམ་བསམ། ངས་རྒྱུད་བཞི་སོགས་སྨན་དཔེ་ལ་ལེགས་པ་ཞིག་བལྟས་མེད།
སོག་བཟློག་པ་སོགས་རྒྱུད་བཞི་བཀའ་སྒྲུབ་ཀྱི་བསྟན་བཅོས་སོགས་ཀྱིས་བོན་གྱི་འབུམ་བཞི་ཡིན་མིན་གྱི་ཁྱད་པར་དབྱེ་དགོས། འབུམ་བཞི་དང་། རྒྱ་གར་ལུགས་གསོ་དཔྱད་ཡན་ལག་བརྒྱད་པ། རྒྱ་ནག་ལུགས་ཧོང་ཏི་ནང་གི་མདོ་སོགས་ལ་འདྲ་ས་མང་སྟེ། དེ་དག་ཐམས་ཅད་གཅིག་ལས་བྱུང་བ་རེད་ཅེས་སྨྲ་དཀའ་སྙམ། འཛམ་གླིང་གི་གདོད་མའི་སྨན་དཔྱད་མང་ཆེ་བར་འདྲ་ས་ཡོད་པས་སོ། ། དོལ་སྨྱོན་ལ་དགོངས་ཚུལ་ག་འདྲ་ཡོད།
སོག་བཟློག་པའི། བཅོས།
རྒན་ལ་དྭགས་པ་ལགས།
བོད་རྒྱལ་ཚིག་མཛོད་དང་་་སྨོན་ལམ་ཚིག་མཛོད་ན་་་་་་འདོད་དགུ་དང་འདོད་རྒུ་གང་བྲིས་ཀྱང་འགྲིག་ཚུལ་འདྲ་བཤད་འདུག དཔེར་འདི་འདྲ་ཞིག་བཞག་འདུག བྱ་བ་འདོད་དགུར་གྲུབ་པ་་་་་དགའ་བདེའི་དཔལ་ལ་འདོད་དགུར་སྤྱོད། རྒུ་འདིའི་དོན་ལ་་་་སྨོན་ལམ་ཚིག་མཛོད་ན་་་་མང་བའི་དོན་ཏེ་དགུའང་སྣང ་གསུངས་འདུག འདི་གཉིས་ཀ་མང་ཚིག་གི་དོན་ཏེ་་་འདོད་པ་དགུ་ལས་མང་མི་ཆོག་པ་ཞིག་མིན་པ་འདྲ་་་་་ཙོང་ཁ་པས་་་དགའ་ལྡན་ལྷ་བརྒྱའི་མགོན་གྱི་ཐུགས་ཀ་ནས་་་གསུངས་བའི་་་དགའ་ལྡན་ན་ལྷ་བརྒྱ་ལས་མེད་པའི་དོན་མ་ཡིན་པར་་་ཚིག་སྦྱོར་སྟངས་ལ་བདེ་མིན་གྱིས་གསུངས་གནང་བ་དང་འདྲའོ།
འདྲེ་རྐང་ཐོ་ལེགས།
དེ་ལྟར་བགྲོ་གླེང་མཛད་པར་དགའ་བསུ། མ་བརྟགས་མ་དཔྱད་པར་དགུ་ལ་རྒུ་བྲིས་པ་དང་། ད་དུང་གང་རུང་ཞེས་བྲིས་པ་ནི། ངའི་ཁ་སྐད་དུ། གྲངས་ཀྱི་དགུ་ལ་རྒུ་དང་། བཅུ་དགུ་ལ། བཅུ་རྒུ། ཞེས་པ་དག་རྩ་བའི་དག་ཆ་གང་ཡིན་པ་ལ་གཞིར་བཞག་དགོས་པ་ལས་དེ་ལྟར་མི་བྱེད་པར་རྒུ་དང་བཅུ་རྒུ་འབྲི་བ་མང་དུ་འབྱུང་ཚེ། དེ་དག་ཀྱང་། གང་ཡང་རུང་བ་ལ་མི་འགྱུར་རམ།
ངས་ནི་བོད་སྤྱིའི་སྐད་ཀྱི་མིང་ཚིག་འགའ་ཞིག་དག་ཡིག་ཟ་མ་ཏོག་དང་། ངག་གི་སྒྲོན་མ་དག་ན་གསལ་བ་ལ་གཞིར་བྱེད། ལོ་ངོ་དྲུག་ཅུའི་སྔོན་དུ་བོད་དུ་སློབ་སྦྱོང་བྱེད་སྐབས་སུ། ངག་སྒྲོན་གྱི་དཔེ་ཆ་ཞིག་མཇལ་བ་ན། འདི་ན་མིང་ཚིག་རྣམས་ཀྱི་ཡི་གེ་ཐོབ་སྟངས་བཤད་འདུག་ན། འདི་ལ་ཟུར་དུ་སློབ་སྦྱོང་བྱེད་མི་དགོས་པར་སོ་སོས་རྒྱུན་དུ་བལྟ་བའི་དཔེ་ཆ་དག་ན་མིང་ཚིག་རྣམས་ཀྱི་དག་ཆ་སེམས་ལ་སྦྱང་དགོས་བསམས་ནས་སྦྱངས། དེ་ནས་༡༩༥༨ལོར་ཕ་ཡུལ་དུ་བཀའ་འགྱུར་སྒྲོགས་ས་ཞིག་ལ། གྲལ་མཚེས་པ་ལ་མིང་ཚིག་ཁ་ཤས་ཀྱི་དག་ཆ་དཔེ་ཆ་ལ་བལྟས་པར་འདོན་པ་ན། གྲལ་མཚེས་པས་དེ་འདྲ་ཇི་ལྟར་བྱུང་ཞེས་སྨྲས།
རྗེས་སུ་རྒྱ་གར་ཝཱ་རཱ་ཎ་སཱི་རུ་སེར་ཀོང་མཚན་ཞབས་རིན་པོ་ཆེར་ཞབས་ཕྱི་ཞུ་བའི་ཞར་ལ། ཁུ་ནུ་བླ་མ་རིན་པོ་ཆེ་ནས་ངག་སྒྲོན་གྱི་མགོ་ནས་ཁྲིད་ཞུ་སྐབས་སུ། སོ་སོར་རང་གིས་དཔེ་ཆ་གང་དང་གང་ཀློག་པ་ན་མིང་ཚིག་གི་དག་ཆ་གང་ཡིན་ལ་སེམས་གཏད་ན་ཁེ་བཟང་ཆེ་བ་ཡོད་པ། ཁུ་ནུ་བླ་མ་རིན་པོ་ཆེའི་བྱིན་རླབས་ཀྱིས་བྱུང་ངོ་།།
རེད་་་རྒན་ལ་དྭགས་པས་གསུངས་པར་གནས་ལུགས་འདུག་དགའ་བསུ་ཞུ།
དྲང་བོར་ཞུས་ན་་་་ཚིག་མཛོད་ཆེན་མོ་དེ་གཉིས་ན་་་དགུ་དང་རྒུ་གཉིས་དོན་གཅིག་འདྲ་ཞིག་གསུངས་འདུག་པར་དཔྱད་དགོས་འདུག གྲངས་ཀྱི་དགུ་དང་་་བཅུ་དགུ་ལ་་་རྒུ་འདི་མི་འབྲི་བའི་རྒྱུ་མཚན་གང་ཡིན་ལ་བསམ་བློ་གཏོང་ངེས་ཤིག་རེད། ངས་བལྟས་ན་དགུ་དང་རྒུ་གཉིས་དོན་ལ་འགལ་བ་མེད་ཀྱང་འཇུག་བདེ་མིན་ལ་ཁྱད་པ་འདུག་དྲན། གལ་ཏེ་གྲངས་ཀྱི་དགུ་ལ་རྒུ་བྲིས་ཀྱང་སྤྱི་ཚོགས་ཀྱི་བཀོད་སྤྱོད་གྲགས་ཆེ་ཆུང་ལ་མཐུན་གྱིན་མེད་ནའང་སུམ་རྟགས་གཞུང་དང་འགལ་འགྲོ་བའི་ཉེས་པ་འེ་ཡོན་ན་དྲན། ཕྱོགས་གཞན་ཞིག་ནས་བལྟས་ན་་་རྒུ་འདི་མང་ཚིག་གི་དོན་ལ་འཇུག་ཙང་་་གྲངས་ཀྱི་དགུ་དང་འདྲ་ཞེས་གསུངས་བ་འེ་ཡིན་ནམ་བསམ། དེ་ཙམ་ཡིན།